ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་སྲོང་རིག་སྨྲའི་ཁྱུ་མཆོག་ཡོངས་འཛིན་དཔོན་སློབ་རིན་པོ་ཆེ་སྡེར།

འཕན་འོ་མཚོ།

གཡུང་དྲུང་གི་བཀའ་རྟགས་ཀླུབ་པའི་ཞྭ་དཀར་གྱི་དཔོན་གསས།།

ཐོས་བསམ་གྱི་མཁའ་མཐར་སྙེག་པའི་ཐོལ་བརྒལ་གྱི་སྒོམ་པ།།

འཆད་རྩོད་ཀྱི་གློག་ལྗགས་མངའ་བའི་རྩོམ་རིག་གི་དེད་དཔོན།།

རྣམ་དཔྱོད་ཀྱི་འོད་སྣང་འབྱེད་པའི་ཁྲི་གདུགས་ཀྱི་ཉི་གཞོན།།

གཞན་ཕན་གྱི་ལྷག་བསམ་འཕྱུར་བའི་བྱམས་བརྩེ་ཡི་མཚོ་མོ།།

གསས་མཁར་གྱི་གཞུང་ཆེན་མྱུལ་བའི་ཤེས་རབ་ཀྱི་སྨྲ་སེང་།།

ཚིག་བཞི་ཡི་བཀའ་འཁོར་སྐོར་བའི་ཞིང་ཁམས་ཀྱི་རྒྱལ་སྲས།།

དཔྱད་གསུམ་གྱི་རལ་གྲི་སྒྲེང་བའི་ལྔ་རིག་གི་མཁའ་ལྡིང་།།

དུང་མདོག་གི་དབུ་འཕང་འཚེར་བའི་ཡེ་མཁྱེན་གྱི་བགྲེས་པོ།།

ཚུལ་ཁྲིམས་ཀྱི་དྲི་བསུང་འཐུལ་བའི་ཙན་དན་གྱི་སྡོང་བོ།།

སྟོང་རིག་གི་མ་བུ་འཚོལ་བའི་ཏིང་འཛིན་གྱི་ལྷུན་པོ།།

སྣང་བཞི་ཡི་ཟད་སར་སྐྱེལ་བའི་ཐུགས་རྗེ་ཡི་ཡོ་གོར།།

ལས་འབྲས་ཀྱི་རྣམ་འབྱེད་གསལ་བའི་ངེས་དོན་གྱི་དྲང་སྲོང་།།

གཤེན་བསྟན་གྱི་མེ་རོ་སྤར་པའི་ཐེག་དགུ་ཡི་གཏེར་ཁྱིམ།།

སྒོ་བཞི་ཡི་ཕ་མཁར་སྐྱོང་བའི་མཐོ་ཐོག་གི་མཛོད་སྒྲོམ།།

གསང་གསུམ་གྱི་སྤྱི་བླུག་འཆང་བའི་དཀའ་ཐུབ་ཀྱི་རིག་འཛིན།།

གླེག་བམ་གྱི་ཕྱག་རྒྱ་འཆང་བའི་ཤེས་རིག་གི་ནོར་སྦྱིན།།

དམུ་ཡད་ཀྱི་ཚན་ཁ་འབར་བའི་བྱང་གྲོལ་གྱི་དཔོན་སློབ།།

བདེ་སྟོང་གི་ཟིན་ས་བརྙེས་པའི་གཉུག་མ་ཡི་རྣལ་འབྱོར།།

སྡེ་སྣོད་ཀྱི་ཁྲིད་རྒྱུན་འབབ་པའི་དབང་ལུང་གི་འཇུ་ཐག །

དམ་ཚིག་གི་བཀའ་རྒྱ་ཟབ་པའི་ཡོང་ཡེ་ཡི་རྟེན་ཕུར།

ཡེ་སྲིད་ཀྱིས་བཀའ་དབང་གནང་བའི་གཤེན་བསྟན་གྱི་ཡོངས་འཛིན།།

མཐའ་བཞི་ཡི་ཟུར་རྒྱ་གྲོལ་བའི་དབུཊ་འབྱིན་གྱི་སེམས་དཔའ།།

སྐུ་གསུམ་གྱི་ངོ་བོར་འདྲེས་པའི་དངོས་སྣང་གི་སངས་རྒྱས།།

གསང་གསུམ་བོན་གྱི་མཛོད་འཛིན་༧ཡོངས་འཛིན་སྨྲ་བའི་སེང་གེ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་སྡེ་དགུང་གྲངས་གོ་ལྔར་ཕེབས་པའི་དགྱེས་སྟོན་དུ་དད་པའི་གསོལ་འདེབས་ཤིག་གི་དོད་དུ་གང་ལ་མི་ཕྱེད་དད་སྣང་ཟབ་པའི་བོན་འབངས་ཐ་ཤལ་བ་འཕན་འོ་མཚོ་ནས་༢༠༢༠/༠༢/༢༠ ཉིན་ལ་སྒོ་གསུམ་གུས་པ་ཆེན་པོས་ཕུལ་བར་དགེའོ།། །།

(སྤྱིའི་གཟིགས་གྲངས། 629 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འཆམ་པོ་བ་ས…
error: རྩོམ་འདི་བདག་དབང་ཅན་ཡིན།