ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག་གི་མཛད་རྣམ་སྙིང་བསྡུས།

བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག་གི་མཛད་རྣམ་ལོ་རྒྱུས་སྙིང་བསྡུས།

གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༸ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་རིན་པོ་ཆེ་མཆོག་ནི། ཡབ་ག་གཟི་ཕྱུག་རྡོ་དང་། ཡུམ་གར་རྩ་བཀྲ་ཤིས་དཔལ་སྐྱིད་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༦༩ལོར་ཁྲོམ་ཚང་འགག་གོང་དུ་སྐུ་འཁྲུངས།  མཚན་ལ་ཨ་རྒྱལ་ཞེས་གསོལ། སྐུ་ན་ཆུང་བའི་དུས་སུ་འབྲོག་པའི་འཚོ་བ་ལ་རོལ་ཏེ་རྟ་ནོར་ལུག་གསུམ་གྱི་རྫི་བོར་འགྲིམ་ཞིང་། ཞོར་དུ་ཡི་གེ་འབྲི་ཀློག་སོགས་སྦྱངས། ཕྱིས་སུ་གཡུང་དྲུང་དཔལ་རིའི་དབུ་བླ་བྱ་བྲལ་ཉི་མ་ཚུལ་ཁྲིམས་ཀྱི་མདུན་ནས་སྔོན་འགྲོ་ཞུས། སྤྱི་ལོ་ ༡༩༩༡ ལོར་ལུང་དཀར་དཔོན་སློབ་དྲང་སྲོང་གཡུང་དྲུང་མདུན་ནས་སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ་དང་སྡེ་སྣོད་མཛོད་སོགས་བོན་ཁྲིད་ཞུས། ཉི་མ་བློ་གྲོས་ཀྱི་མདུན་ནས་སྔོན་འགྲོ་དང་དངོས་གཞི་ཞུས། སྤྱི་ལོ་ ༡༩༩༢ ལོར་གསང་གསུམ་བོན་གྱི་མངའ་བདག་༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་དྲུང་ནས་གཙང་གཙུག་དང་དག་པ་དྲང་སྲོང་གི་ཁྲིམས་རིམ་པར་ཞུས། མཚན་ལ་ཤེས་རབ་སྐལ་བཟང་སྨོན་ལམ་ཞེས་གསོལ།

༡༩༩༢ ལོ་མཇུག་རྒྱ་གར་ཕེབས་ནས་བོན་གྱི་གདན་ས་ཆེན་མོ་དཔལ་༸ གཤེན་བསྟན་སྨན་རིའི་གླིང་དུ་སྒྲིག་ཞུགས་བྱས། གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་སྒོ་རུ་ཞུགས་ནས་ཐུན་མིན་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་དང་བྱེ་བྲག་ཏུ་ཐུན་མོང་རིག་གནས་སྐོར་ལ་སུམ་རྟགས་དག་གསུམ། སྙན་ངག སྒྲ་སྡེབ་སྦྱོར། རྩིས་དཀར་ནག གསོ་རིག་སྨན་གྱི་རྩ་བ། བདེ་བར་གཤེགས་པའི་སྐུ་གདུང་དང་དཀྱིལ་འཁོར་གྱི་ཐིག་རྩ། གཟུངས་གཞུག་འབུལ་བའི་ལག་ལེན་སོགས་ལ་བརྩོན་པ་ཡང་དག་གནང། སྤྱི་ལོ་༢༠༠༨ ལོར ཞྭ་དཀར་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་༧སྨན་རིའི་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་བཀའ་རབས་འབྱམས་པའི་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་གསེར་གྱི་ཅོད་པན་སྤྱི་བོར་བཞེས།   གདན་ས་དེར་བཞུགས་པའི་རིང་ཡང་གྲྭ་ཚང་དགེ་སྐོས་དང་།  མཚན་ཉིད་པའི་ཚོགས་གཙོ།  དགེ་སྐོས། ཚོགས་གཞོན། རྩིས་པ་སོགས་ལོ་ངོ་དུ་མའི་རིང་ཐུགས་འགན་མཛད།

སྤྱི་ལོ་༢༠༠༩ ལོར་བོན་གྱི གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་ཕེབས་ནས་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་ཞུགས་ཏེ། ༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་།  དཔོན་སློབ་ཚངས་པ་བསྟན་འཛིན། སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་རྣམ་པའི་སྐུ་མདུན་ནས་སྔགས་རྫོགས་ཀྱི་ཁྲིད་གཞུང་བུམ་པ་གང་བྱོས་ཀྱི་ཚུལ་དུ་ཉམས་ལེན་སྒོམ་སྒྲུབ་མཛད། ༢༠༡༢ ཟླ་བ་ ཚེས ༡༦ ཉིན་ རྣམ་མཁྱེན་རྒྱལ་བ་གཤེན་རབ་མཆོག་གི་འཁྲུངས་མཆོད་ཁྱད་པར་ཅན་གྱི་ཉིན་མོར་གཤེན་གྱི་རྣལ་འབྱོར་བའི་མཚན་རྟགས་བཞེས།   སྤྱི་ལོ་༢༠༡༣ལོར་གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་༧ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་བཀའ་དགོངས་གཞི་བཟུང་ཐོག་བཤད་སྒྲུབ་མཁན་པོ་རུ་མངའ་གསོལ་མཛད།   རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་གསུམ་གྱི་གདམས་པ་ཁྱད་པར་ཅན་དག་གོ་ཐོས་ཙམ་མིན་པར་གདམས་བརྒྱུད་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་རྒྱུད་འཛིན་གནང་མཁན་ཞིག་དང་། ཁྱད་པར་འདུལ་བའི་གཞུང་ལ་ཐོས་བསམ་གྱི་འཆད་རྩོད་ལ་ཐོགས་པ་མེད་པ་མ་ཟད། ཐོས་དོན་རྒྱུད་ལ་སྦྱར་ཏེ་རྒྱུན་ལྡན་འདུལ་བའི་སྤྱོད་པ་ཕྲ་ཞིང་ཕྲ་བ་ནས་བསྲུང་བའི་ཚུལ་མཐོ་དམན་ཀུན་གྱིས་བསྔགས་བརྗོད་ཀྱི་གནས་སུ་གྱུར་ཡོད། ༢༠༡༣ ལོ་ནས་ད་བར་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་སློབ་མ་རྣམས་ལ་འཆད་ཁྲིད་གནང་དང་གནང་མུས་སུ་བཞུགས་པ་ལགས་སོ།། 

ཞེས་གང་གི་སློབ་བུ་སྨྱུག་མིང་རླུང་ཞགས་འབོད་པ་དེའི་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུའི་རྩེའི་རང་ཤག་ཏུ་སྤྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༠ ཉིན་བྲིས།

(སྤྱིའི་གཟིགས་གྲངས། 829 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
09-08-2019…
error: རྩོམ་འདི་བདག་དབང་ཅན་ཡིན།