བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོའི་ཡི་གེ།
གཡུང་དྲུང་བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་མཁན་སློབ་འདུས་སྤྱི་གཙོས་པའི་སློབ་འབངས་ཡོངས་ལ།
ཆེད་ཞུ།
བོད་ཀྱི་ཆོས་དང་རིག་གཞུང་སྤྱི་དང་ལྷག་པར་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་རིན་པོ་ཆེར་བཀའ་དྲིན་འགྲན་ཟླ་དང་བྲལ་བའི་བརྒྱུད་གསུམ་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱར་བཞེས་ཐོག་བོད་ཤིང་སྦྲུལ་ས་ག་ཟླ་བའི་ཚེ་༡༦ཕྱི་ལོ་༢༠༢༥ཟླ་བ་༦ཚེས་༡༢ཉིན་སྔ་དྲོ་བལ་ཡུལ་དུ་༧སྐྱབས་རྗེ་མཆོག་གིས་ཕྱག་བཏབ་མཛད་པའི་དབེན་གནས་བྱེ་མ་རི་ཁྲོད་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་མྱ་ངན་དུ་འདས་ཚུལ་བསྟན་པའི་བློ་ཕམ་གྱི་གནས་སུ་ཚུལ་བྱུང་བ་འདི་ན་ིབོད་ཀྱི་བསྟན་སྲིད་སྤྱི་དང་། ཡང་སྒོས་སུ་གཡུང་དྲུང་བོན་གྱི་བསྟན་པར་ཤིན་ཏུ་ཕངས་པའི་ཡིད་སྐྱོའི་གནས་ཚུལ་ལ་སོང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡིད་གདུང་དྲག་པོ་བྱུང་ཞིང་། ཆོས་ཉིད་རང་བཞིན་ལ་བཟློག་ཐབས་མེད་པ་དེར་དགོངས་བཞེས་ཀྱིས་བསྟན་འགྲོའི་མཛད་འཕྲིན་རྣམས་མུ་མཐུད་དམ་པ་གང་ཉིད་ཀྱི་བཀའ་དགོངས་བཞིན་མཇུག་སྐྱོང་གནང་བཞིན་པ་གཞིར་བཅས།
དེ་ཡང་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནི་ཕྱི་ལོ་༡༩༢༦ལོར་ཞང་ཞུང་སྒོ་པ་ཁྱུང་ཡུལ་དུ་སྐུ་འཁྲུངས། ཆུང་དུས་ནས་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་ཡི་གེ་འབྲི་ཀློག་སོགས་གསན་སྦྱོང་མཛད། ཕྱི་ལོ་༡༩༤༢དགུ་ལོ་བཅུ་བདུན་ཐོག་གྲྭ་ས་སྨན་རིར་ཕེབས་ཏེ་གཙང་གཙུག་གི་སྡོམ་ཁྲིམས་བཞེས། ཕྱི་ལོ་༡༩༤༨ལོར་སྨན་རིའི་བཤད་སྒྲུབ་འདུས་སྡེའི་ཁོངས་སུ་བཞུགས་ནས་སྨན་རིའི་དཔོན་སློབ་སངས་རྒྱས་བསྟན་འཛིན་མདུན་ནས་མདོ་སྔགས་རྫོགས་གསུམ་ཆ་ཚང་གསན་སྦྱོང་གནང་སྟེ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས། དེ་རྗེས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་དཔོན་སློབ་ཀྱི་གསེར་ཁྲིར་མངའ་གསོལ་ཏེ་སློབ་ཚོགས་རྒྱ་ཆེར་བསྐྱངས། ཕྱི་ལོ་༡༩༥༩ལོར་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གསུང་རབ་མང་པོ་ཞིག་བསྣམས་ཤིང་རྒྱ་གར་ལ་བཙལ་བྱོལ་དུ་ཕེབས། ཕྱི་ལོ་༡༩༦༤ལོར་ཨིན་ལན་ནས་རྒྱ་གར་དུ་ཕེབས་ཏེ་དོལ་པོའི་ཕྱོགས་ནས་བོན་དཔེ་མང་པོ་ཞིག་གཡར་པོ་གནང་ནས་དཔར་བསྐྲུན་མཛད། ཕྱི་ལོ་༡༩༦༧ལོར་བོན་གཞིས་ཐོབ་རྒྱལ་གསར་པ་དང་། ཕྱི་ལོ་༡༩༦༩ལོར་སྨན་རིའི་ཁྲི་འཛིན་སོ་གསུམ་པ་གསེར་ཁྲིར་མངའ་གསོལ་མཛད་ཅིང་དཔལ་གཤེན་བསྟན་སྨན་རིའི་གླིང་ཕྱག་བཏབ། ཕྱི་ལོ་༡༩༨༧ལོར་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་དགོན་པ་ཕྱག་བཏབས། དེ་བཞིན་ནུབ་ཕྱོགས་ཧྤ་རན་སིར་གཤེན་བསྟན་དར་རྒྱས་གླིང་ཕྱག་བཏབ་ནས་སྒྲུབ་གྲྭ་ཆེད་འཛུགས་མཛད།
ལྷག་པར་དུ་ཁོང་གི་བཀའ་སློབ་ལམ་སྟོན་འོག་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ཁྲི་བསྐོས་མཛད་པ་སོགས་གསུང་འབུམ་པོད་ཉེར་གཉིས་བརྩམས་གནས་མཛད་དེ་བོན་གྱི་བསྟན་པར་ཕྱག་རྗེས་བླ་མེད་འཇོག་གནང་ཡོད། གང་ཉིད་སྐུ་མི་རྟག་བོན་དབྱིངས་སུ་ཐིམ་ཚུལ་བསྟན་པ་འདིས་བསྟན་འགྲོ་སྤྱི་དང་། ཁྱད་པར་དུ་གང་གི་སྐྱབས་འོག་པ་རྣམས་ལ་གོད་ཆག་ཆེན་པོ་བྱུང་བ་ནི་བརྗོད་མ་དགོས་པ་ཞིག་ཡིན། དེར་བརྟེན་ཞིང་གཤེགས་དམ་པའི་གདན་ས་ཁག་གཙོས་པའི་དད་ལྡན་སློབ་ཚོགས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་དང་། ༧སྐྱབས་རྗེ་མཆོག་གི་ས་ལམ་གྱི་རྟོག་པ་ལ་བར་ཆད་མེད་ཅིང་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཕྱིར་དགོངས་རྫོགས་མཆོད་འབུལ་སོགས་རྣམ་དཀར་དགེ་བའི་བྱ་བ་སྒྲུབ་བཞིན་པར་འདི་ནས་དགོངས་རྫོགས་མཆོད་དོད་དང་བཅས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། རབ་གནས་ཤིང་སྦྲུལ་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༣ ལ།