ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོད་ཤིང་འབྲུག་ལོའི་ཞང་བོད་ལུགས་རྙིང་ལོ་སར་གྱི་བོན་སྡེ་ལྷན་འཛོམས་སྤྲོ་ཚོགས།

བོད་ཀྱི་ས་ཁུལ་ཁག་དུ་མ་དང་བལ་ཡུལ་ཧི་མ་ལ་ཡི་རི་རྒྱུད་དུ་གནས་འཁོད་བོད་རིགས་རྣམས་ཀྱིས་ཧོར་ཟླ་བཅུ་གཉིས་པའི་ཚེས་༡ཉིན་མོར་ལོ་གསར་སྲུང་བརྩི་སྔར་ནས་ཞུ་བཞིན་པ་འདི་ནི་ས་ཐོག་ཞང་བོད་ལོ་སར་གྱི་ལོ་རྒྱུས་རིང་ཤོས་དེ་ཡིན་ལ་འདི་ནི་གཡུང་དྲུང་བོན་ལུགས་ཀྱི་ལོ་འགོ་འཛིན་ཚུལ་ཞིག་ཡིན་པ་མ་ཟད་ཟླ་བ་འདི་ནི་སངས་རྒྱས་གཤེན་རབ་མི་བོ་ཆེའི་འཁྲུངས་ཟླ་ཡིན་པ་མཛད་མདོ་རྒྱས་འབྲིང་ཁག་ལས་གསལ་བཞིན་ཡོད། ལོ་གསར་འདི་དང་བསྟུན་བལ་ཡུལ་རྒྱལ་སར་ཁ་འཐོར་དུ་གནས་པའི་བོན་འབངས་རྣམས་ལྷན་དུ་མཉམ་འཛོམས་དང་། དེ་བཞིན་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་ཁག་འཁྲབ་སྟོན་བྱས་ཏེ་དེ་དག་མི་ཉམས་རྒྱུད་འཛིན་སོགས་ཀྱི་ཆེད་དུ་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་དང་།  བོན་པོ་ཚོགས་པས་འགན་ཁུར་དང་གོ་སྒྲིག་འོག་ ༢༠༡༧ ལོ་ནས་བཟུང་སྟེ་ལོ་ལྟར་བཞིན་༼བོན་སྡེ་ལྷན་འཛོམས་སྤྲོ་ཚོགས་༽ཞེས་པའི་ལོ་སར་སྤྲོ་ཚོགས་ཆེན་མོ་འདི་འཚོགས་དང་འཚོགས་མུས་བཞིན་འདི་ལོ་བོད་ཤིང་འབྲུག་ལོའི་བོན་སྡེ་ལྷན་འཛོམས་སྤྲོ་ཚོགས་དེ་ཕྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༠༡ ཚེས་ ༡༢ བོད་ཤིང་འབྲུག་ལོའི་ཧོར་ཟླ་ ༡༢ ཚེས་ ༠༡ ཉིན་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཞི་རིམ་སློབ་གྲྭའི་རྩེད་ཐང་དུ་འཚོགས་ཡོད།

དེ་ཡང་ཐོག་མར་ཆུ་ཚོད་༨དང་ཕྱེད་ཐོག་དབུ་འཛུག་གནང་སྟེ་མཛད་སྒོའི་གཙོ་སྐྱོང་བ་དང་སྙན་སྒྲོན་པས་མཛད་རིམ་ངོ་སྤྲོད་གནང་། དེ་རྗེས་མཛད་རིམ་ལྟར་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་བསང་གསོལ་གྱི་ཆོ་ག་གསུངས་ཤིང་བསྐལ་གསོལ་འཕྲིན་བཅོལ་གསུང་གྲུབ་རྗེས་སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་པ་གཉིས་ཀྱི་གསོལ་འདེབས་དབྱངས་སུ་གྱེར་ཞིང་དེ་མཚམས་སྲིད་པའི་བརྡ་དར་བསྒྲེང་སྟེ་བསྟན་པ་རྒྱས་པའི་སྨོན་ལམ་གསུང་།

དེ་རྗེས་བོན་པོ་ཚོགས་པའི་ཚོགས་གཞོན་གྲྭ་ཚང་བླ་མ་དགེ་བཤེས་ཚུལ་ཁྲིམས་རྣམ་དག་ལགས་དང་བོན་པོ་ཚོགས་པའི་དྲུང་ཡིག་ཨོམ་བྷ་དྷུར་གཉིས་ནས་རིམ་བཞིན་མཛད་སྒོ་དབུ་འཛུག་དང་བྱོན་པ་ལེགས་གསོལ་མཛད་སྒོ་ངོ་སྤྲོད་བཅས་དང་འབྲེལ་བའི་གསུང་བཤད་གནང་།

དེ་རྗེ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་ལོ་སར་དང་འབྲེལ་བའི་བཀའ་སློབ་གནད་དུ་སྨིན་པར་བཀའ་དྲིན་བསྩལ་གནང་མཛད་པ་མ་ཟད། ཞྭ་དཀར་བསྟན་པའི་དབུ་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་མཆོག་དང་། དམུ་རིགས་གཤེན་གྱི་གདུང་སྲས་རིན་པོ་ཆེ་རྣམ་པ་གཉིས་གཙོས་པའི་བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་པ་དང་། ཁྱད་པར་དུ་དེ་རིང་དངོས་སུ་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་སྐུ་ཡི་དགུང་གྲངས་༩༩ལ་ཕེབས་པའི་སྐལ་བཟང་ཤར་བ་དང་དུས་མཚུངས་ད་དུང་ཡང་གདུལ་བྱའི་བསོད་ནམས་ཀྱི་བགོ་སྐལ་དུ་སྐུ་ཚེ་ཡུན་རིང་བརྟན་པའི་ཞབས་བརྟན་ཆེད་རྒན་གཞོན་ཚང་མས་སྙིང་པོ་རྣམ་གསུམ་གསུང་རྒྱུའི་བསྐུལ་མ་གནང་བ་མ་ཟད་ཚང་མས་ལྷན་གཅིག་ཏུ་སྙིང་པོ་རྣམ་གསུམ་དབྱངས་སུ་གྱེར།

དེ་ནས་ཤེལ་ཕུག་སུམ་མདོའི་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གི་ཚོགས་གཙོ་ཟླ་བ་བསམ་འགྲུབ་ལགས་ནས་ལོ་གསར་དང་འབྲེལ་བའི་གསུང་བཤད་གནང་བ་དང་དུས་མཚུངས་སེར་སྐྱ་མི་མང་ཡོངས་ལ་གསོལ་ཇ་དང་འབྲས་སིལ་འདེག་འབུལ་ཞུས།

དེ་རྗེས་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་རྣམ་པ་གཉིས་ནས་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར་རྒྱས་པ་དེབ་ཕྲེང་གསུམ་གྱི་བདག་ཉིད་ཅན་ཉིད་དབུ་འབྱེད་གནང་བ་དང་ལྷན་རྣམ་ཐར་རྩོམ་པ་པོ་ཕག་མགོན་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ནས་རྣམ་ཐར་རྩོམ་བསྒྲིག་དང་འབྲེལ་བའི་གསུང་བཤད་གནང་།

དེ་ནས་སྔོན་འགྲོའི་མཛད་རིམ་ཁག་གྲུབ་སྟེ་དངོས་གཞིའི་རིག་གཞུང་འཁྲབ་སྟོན་ཁག་དབུ་འཛུག་གནང་སྟེ། ཏ་པི་ཧྲི་ཙའི་སློབ་གྲྭ། གངས་ཅན་ཏི་སེའི་རྒྱལ་སྤྱིའི་སློབ་གྲྭ། ཕྱྭ་ཀེང་ཙེའི་སློབ་གྲྭ། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་བཅས་སློབ་གྲྭ་ཁག་དང་། ཏྲེ་བ་ཞང་ཞུང་རིག་གཞུང་ཚོགས་པ། ནོར་འཛིན་གླིང་གཞིས་ཆགས། བྱི་གཅེར་སྨུག་པོ་རོང་གི་སློབ་ཕྲུག དོལ་པོ་ཚྭ་དགའ། མདོ་རྟ་རབ། ཡུལ་རི་སྐོར་སོགས་ཚོགས་སྡེ་ཁག དེ་བཞིན་མི་སྒེར་སོགས་ནས་སྤྲོ་ཚོགས་འདིའི་ཆེད་དུ་གཞས་དང་ཞབས་བྲོ་སྔར་ནས་གྲ་བསྒྲིག་བྱས་ཡོད་པ་བཞིན་རིམ་པར་གཟིགས་འབུལ་ཞུས།

ཕྱག་ཚོད་༡༢ཐོག་ཉིན་གུང་གསོལ་ཚིགས་ཕུལ་ཞིང་དེ་རྗེས་མུ་མཐུད་ཆུ་ཚོད་ལྔ་པའི་བར་དུ་གཞས་དང་ཞབ་བྲོའི་འཁྲབ་སྟོན་ཞུས།

ཆུ་ཚོད་༥པར་གྲྭ་ཚང་སྤྱི་གཉེར་ཆེན་མོ་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་ལགས་ཐུག་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་དགོང་མོ་ཞལ་ལག་ཕུལ།དེ་ལྟར་ད་ལན་གྱི་བོན་སྡེ་ལྷན་འཛོམས་སྤྲོ་ཚོགས་ཆེན་མོ་ཁ་དགེ་བཀྲ་ཤིས་ངང་མཇུག་ལེགས་པར་གྲུབ་པའི་གསར་གནས་སུ་ཕྱི་ལོ་ ༢༠༢༤ ཟླ་ ༠༡ ཚེས་ ༡༢ ཉི   ན།

སྐྱ་ཀ་ཁྲ་བོས།

པར་ལེན་པ། ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 125 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཐོག་མར་༧སྐ…
error: རྩོམ་འདི་བདག་དབང་ཅན་ཡིན།