ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་གྱི་རྫོགས་ཆེན་སྒོམ་སྒྲུབ་ཀྱི་སྡེ་ཆེན་མོ་དཔལ་གཤེན་བསྟན་དར་རྒྱས་གླིང་།

གཤེན་བསྟན་དར་རྒྱས་གླིང་ནི་དེང་འདིར་ཡོངས་སུ་གྲག་པའི་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་དང་། ཐོས་བསམ་ཉམས་ལེན་གནང་སའི་དགོན་པ་ཞིག་ཏུ་ཆགས་ཡོད་པ་ནི་༧སྐྱབས་རྗེ་ཡོངས་འཛིན་བླ་མ་དང་། མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་གསང་གསུམ་མཛད་འཕྲིན་གྱི་ཆ་ཤས་ཤིག་དང་། ཕྱི་རབས་རྗེས་མཇུག་པ་རྣམས་ཀྱིས་སེམས་ཀྱི་ཞི་བདེ་སྒྲུབ་སའི་ལྟེ་གནས་ཤིག་ཡིན། ཕྱི་ལོ་ ༢༠༠༥ ནས་བཟུང་སྤྱིར་ན་དབུ་རུ་བཞུགས་པའི་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། མཁན་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙོས་འདིར་བཞུགས་མཁན་པོ་དགེ་བཤེས་རྣམ་པ་དང་། དམིགས་བསལ་གདན་འདྲེན་ཞུས་པའི་བླ་མ་དང་མཁན་པོ། སློབ་དཔོན་དང་དགེ་རྒན་སོགས་ཀྱིས་ཕྱོགས་མཐའི་ཡུལ་གྲུ་ཁག་ནས་ཕེབས་པའི་སློབ་མ་རྣམས་ལ་རེ་གསོལ་དོན་སྨིན་འབྱུང་ཕྱིར་ཁྲིད་ལུང་དབང་གདམས་གང་དགོས་སྐབས་བབ་དང་བསྟུན་ཏེ་བཀའ་དྲིན་ཆེ་སྐྱོང་གནང་དང་གནང་བཞིན་པ་མ་ཟད། རྒྱུན་བཞུགས་བླ་གྲྭ་རྣམས་ཀྱིས་ཀྱང་སྒྲུབ་པ་ཉམས་ལེན་ལ་མཉམ་ཕེབས་མཉམ་བརྩོན་གནང་སྟེ། ཉིན་ལྟར་འཕྲུལ་ངག་གཡུང་དྲུང་བོན་གྱི་སྒྲ་དབྱངས་རྒྱུན་ཆད་མེད་ཅིང་། ཐོས་བསམ་སྒོམ་སྒྲུབ་བཞི་ཡི་འཕྲིན་ལས་ཀྱི་འཇུག་སྒོ་ཕུན་སུམ་ཚོགས་ཇེ་འཚོགས་སུ་བཏང་དང་གཏོང་བཞིན་མཆིས། ལྷག་ཏུ་སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་གཙོས་དགེ་རྒན་རྣམས་ཀྱིས་ཕྱི་ལོ་ ༢༠༠༩ ནས་ཐོག་མར་བྲུ་ཡི་ཨ་ཁྲིད་ཆེན་མོའི་བཅའ་གཞི་ལྟར་ཐུན་མཚམས་དང་། བཅས་མཚམས་ཀྱི་དུས་ཚིགས་བཟུང་སྟེ་ཉིན་རེའི་རེའུ་མིག་གཏན་ལ་ཕབ་པ་དང་། སྒོམ་སྒྲུབ་ཀྱི་སྡེ་གསར་དུ་དབུ་བཙུགས་པ་ནས་བཟུང་ཐོག་མར་དགུན་ཁའི་དུས་ཚོད་ཞག་མ་བརྒྱའི་རིང་དགེ་སློབ་ཐུན་མོང་མཚམས་ལ་བཞུགས་ཏེ། ཁྲིད་དང་ཉམས་ལེན་སྦྲགས་མའི་སྒོ་ནས་རང་རྒྱུད་ཉོན་མོངས་འདུལ་བའི་ཐབས་ལམ་ལ་བརྩོན་པ་དང་། དེ་མུས་ལོ་རེར་ཉིན་གྲངས་བདུན་བཅུའི་རིང་སྒོམ་སྡེའི་ཉིན་རེའི་འགྲོ་ལུགས་རེའུ་མིག་ལྟར་ཁྲིད་ལུང་ཆགས་མེད་མཛད་དེ་སྔོན་འགྲོ་དང་། དངོས་གཞི། རྩ་རླུང་འཁྲུལ་འཁོར་དང་། མུན་མཚམས་བཅས་ལ་བློ་སྦྱོང་དང་། ངག་སྦྱོང་། རྩ་སྦྱོང་། ལུས་སྦྱོང་བཅས་ལ་ཁྲིད་དང་ཉམས་ལེན་སྦྲགས་མ་གནང་བ་དང་། བར་གསེང་དུ་བོད་ཀྱི་སྐད་ཡིག་ལ་བསླབ་པ་བཅས་སློབ་མ་གསོ་སྐྱོང་གི་མཛད་རྣམ་ཁུར་དུ་བཞེས།

དེ་རྗེས་ཕྱི་ལོ་ ༢༠༡༤ ནས་ཞང་ཞུང་སྙན་རྒྱུད་ཀྱི་ལག་ལེན་རྒྱལ་བ་བྲུ་ཡི་ཕྱག་ཁྲིད་ཀྱི་བཅའ་གཞི་དང་བཅས་མཚམས་མཛད་དེ་ཉིན་རེའི་རེའུ་མིག་གཏན་འབེབ་གནང་ནས་ལོ་ཡི་ངོ་ཐོག་བཞིའི་དགུན་ཁའི་རིང་སྒྲུབ་ཞག་བདུན་ཅུ་ཐམ་པ་རེ་བསྐྱངས་ཏེ། སྔོན་དངོས་རྗེས་གསུམ་གྱི་ཕྱག་ལེན་ཚུལ་མཐུན་ཞུས་མཐར་མ་རྒྱུད་རྩ་རླུང་དང་། མུན་མཚམས་བཅས་ཆ་ཚང་གི་ཕྱག་ལེན་ལ་བསླབ་མཐར་སྔ་རྗེས་སུ་ཉམས་ལེན་ཚད་ལྡན་གནང་མཁན་གྱི་སློབ་མ་མང་པོ་སྐྱེད་སྲིང་གནང་ཡོད། 

དེ་ལྟར་བྲུ་ཡི་ཨ་ཁྲིད་ཆེན་མོ་དང་། བྲུ་ཡི་ཕྱག་ཁྲིད་ཆེན་མོ་གཉིས་ཀྱི་ཁྲིད་རྒྱུན་ལུང་རྒྱུན་དང་། ལག་ལེན་རྒྱུད་ཐོག་ཏུ་སྤེལ་ཞིང་ཉམས་མྱོང་གི་ཞལ་ཁྲིད་རྣམས་སྨར་ལ་ཞིབ་པར་གནང་བ་བཅས་བསྟན་པ་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་བསྐྱངས་པའི་ཚུལ་འདི་ནི་ཚོང་ལས་དང་འཕྲུལ་རིགས་ཀྱིས་མི་རྣམས་བྲན་དུ་བཀོལ་ཞིང་ཆོས་ལ་དད་འདུན་ལྷོད་པའི་བྲེལ་ཟིང་ཅན་གྱི་དུས་རབས་འདིར་སེམས་ཀྱི་སྡུག་བསྔལ་ལ་སྨན་པའི་ཞི་བདེའི་རིན་ཐང་འཚོལ་སྒྲུབ་ཀྱི་མི་ཚེའི་ལེའུ་ཚན་གལ་ཆེན་ཞིག་དང་། སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ལ་དྲིན་གསོ་ཞུས་ཏེ་ཕྱག་ལེན་རྒྱུན་སྐྱོང་བྱས་པའི་རྣམ་ཐར་ཞིག་ཏུ་ཡང་ངོས་འཛིན་ཞུ་འོས། 

དེ་ལྟར་ཨ་སྙན་གཉིས་ཀྱི་སྒོམ་སྡེའི་བཅའ་གཞི་དང་བཅས་མཚམས་གྲུབ་རྗེས་སླར་ཡང་འདི་ལོར་རྫོགས་ཆེན་བསྒྲགས་པ་སྐོརགསུམ་གྱི་བཅའ་གཞི་ལྷོ་བྲག་མའི་སྔོན་འགྲོ་ནས་དབུ་བཙུགས་ཏེ། རྫོགས་ཆེན་གྱི་སྒོམ་སྡེ་ལོ་རིམ་དང་པོ་ནས་དབུ་བཟུང་ལོ་ངོ་བཞི་ཡི་དགུན་གྱི་དུས་ཚིགས་སུ་སྒྲུབ་ཞག་བདུན་བཅུ་ཐམ་པ་རེ་བསྐྱང་རྒྱུའི་སྐལ་བཟང་དོན་སྨིན་འབྱུང་བའི་སྟ་གོན་ལ་བརྩོན་བཞིན་པ་མ་ཟད། ཐེག་པ་དང་ས་ལམ་གྱི་རྣམ་བཞག་སྐོར་མཚན་ཉིད་རིགས་པའི་ལམ་ནས་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཏེ། སྦྱོང་ཚན་དང་། སློབ་དུས་རེའུ་མིག་སོགས་གཏན་ལ་ཕབ་ནས་འདི་ལོའི་ ༢༠༡༩ ཕྱི་ཟླ་ ༠༥ པའི་ནང་དབུ་འཛུགས་ཞུ་རྒྱུ་ལགས་པ་བཅས་སྤྱིར་བཏང་གཤེན་བསྟན་དར་རྒྱས་གླིང་གི་འཆར་ཅན་འགྲོ་ལུགས་སམ་བསྟན་པ་འཛིན་སྐྱོང་སྤེལ་བའི་གོ་རིམ་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་ཕྱིར་དྲན་གསོས་ཞུས་པ་ལགས། 

གཞན་དུ་འདིར་བཞུགས་མཁན་པོ་དང་། དགེ་བཤེས་རྣམས་ཀྱིས་སྔ་ལོའི་ལོ་མཇུག་དང་། འདི་ལོའི་ལོ་འགོའི་ཟླ་ངོ་ཁ་ཤས་ཀྱི་རིང་བདུན་གཉིས་རེའི་མཚམས་ཉེ་འཁོར་ཡུལ་མི་རྣམས་ཀྱི་ཆེད་དུ་ཐུན་མོང་ཞི་གནས་དང་། སྔོན་འགྲོའི་སྒོམ་རིམ་བཅས་ལ་རིམ་པས་བསླབ་ཁྲིད་རྒྱུན་སྐྱོང་གནང་བ་བཅས་ནི་འདི་གའི་དགོན་པའི་གནས་སྟངས་སྤྱི་བསྡོམས་ཙམ་ཞིག་གོ ། 

སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་རིན་པོ་ཆེ་རྣམ་གཉིས་ཀྱི་ཉེ་ཆའི་མཛད་འཕྲིན་གནས་བསྡུས།

ཕྱི་ལོ་ ༢༠༡༩ ཟླ་ ༠༤ ཚེས་ ༠༧ ནས་ ༡༢ བར་གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་དགེ་ལེགས་སྦྱིན་པ་མཆོག་གིས་ཕྱོགས་སོ་སོ་ནས་ཕེབས་པའི་སློབ་མ་རྣམས་ལ་བྲུ་ཡི་སྙན་རྒྱུད་སྔོན་འགྲོ་བོན་སྤྱོད་དགུ་རིམ་ལ་བསླབ་པ་དང་། དེ་མུས་འདི་ཟླའི་ ༠༤ ཚེས་ ༡༤ ནས་ ༡༩ བར་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་གྲུབ་དབང་ཤར་རྫ་པའི་གསུང་སྐུ་གསུམ་རང་ཤར་གྱི་ཁྲིད་རིམ་ལས་ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་ནས་སྔར་འཕྲོས་མཇུག་སྐྱོང་གནང་ཞིང་ཉིན་མཐའ་མ་སྟེ། དེ་རིང་བོད་ཚེས་ ༡༥ ཉིན་མོར་བླ་སློབ་ཐུན་མོང་གིས་ཁོད་སྤུངས་དྲན་པའི་སྙིང་ཐིག་གི་སྒོ་ནས་གཏང་རག་ཚོགས་མཆོད་ཕུལ་བ་དང་། དེ་རྗེས་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་དབྱངས་ལ་སྐྱོན་ཞིང་རྗེས་བྱ་བསྔོ་སྨོན་གྱིས་མཚམས་སྦྱོར་ཞུས། དེ་ཡང་འདི་ནས་ཡར་ལ་བརྩིས་པའི་ལོ་ངོ་བདུན་གྱི་གོང་འབྲེལ་ཡོད་སློབ་མ་རྣམས་ཀྱི་ཐུགས་རེ་བཞིན་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་སྐུ་གསུམ་རང་ཤར་གྱི་ཁྲིད་ལུང་དབུ་བཙུགས་ཏེ། ལོ་སྟུད་མར་དཔྱིད་ཀྱི་དུས་ཚིགས་སོ་སོར་བདུན་ཕྲག་རེར་གསུང་ཁྲིད་རྒྱུན་སྐྱོང་གནང་ནས་འདི་ལོར་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་གི་མཐར་གྲུབ་པ་ཞིག་ཏུ་ཆགས་ཡོད། སྤྱིར་ན་བོན་སྒོ་ཉམས་སུ་ལེན་མཁན་ཞིག་ལ་ལྟོས་ཏེ་ཁྲིད་ལུང་དབང་གསུམ་མན་ངག་དང་བཅས་པ་ཆ་ཚང་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་བ་ཡིན་པ་དང་། སྒོས་སུ་བླ་སློབ་བར་དམ་ཚིག་གི་འབྲེལ་བ་རྒྱུན་སྐྱོང་ནས་བླ་མའི་རྣལ་འབྱོར་ལ་བརྩོན་ན་སློབ་མའི་གོ་རྟོགས་འཕེལ་བ་དང་། གདམས་ངག་ལ་འཇུག་འདོད་ཆེ་བ། ཉོན་མོངས་པའི་རྟོག་ཚོགས་ཇེ་ཞི་ཇེ་ཆུང་དུ་འགྲོ་དགོས་པ་ནི་རྩ་བའི་དགོས་པ་ཡིན། འོན་ཀྱང་ཉམས་ལེན་རྒྱུད་ཐོག་ཏུ་ཁེལ་མིན་སྒོས་བཙན་གང་ཟག་རང་རང་གི་ངེས་ཤེས་དང་། དད་པ། ཤེས་རབ་དང་། བརྩོན་འགྲུས་བཅས་ལ་རགས་ལས་པ་ཡིན་ཕྱིར་ལོ་ཞག་ཟླ་གྲངས་བརྩིས་པ་ཙམ་གྱིས་རང་རྒྱུད་ཞི་དུལ་ཆགས་ཐུབ་མིན་གྱི་ཚད་འཛིན་ས་ཞིག་མ་ཡིན་པ་ནི་སྔོན་བྱོན་གོང་མ་རྣམས་ཀྱི་གསུང་གདམས་ལས་ཤེས་སོ། །

མེ་ལོང་ཤེས་སུ་འབོད་པས་ཕྱི་ལོ་ ༢༠༡༩ ཟླ་ ༠༤ ཚེས་ ༡༩ ཉིན།

96421cookie-checkབོན་གྱི་རྫོགས་ཆེན་སྒོམ་སྒྲུབ་ཀྱི་སྡེ་ཆེན་མོ་དཔལ་གཤེན་བསྟན་དར་རྒྱས་གླིང་།
(སྤྱིའི་གཟིགས་གྲངས། 402 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྐྱབས་གནས་…
error: རྩོམ་འདི་བདག་དབང་ཅན་ཡིན།