ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་རིག་པའི་བགྲོ་གླེང་ཐེངས་དྲུག་པ་འཚོགས་པ།

གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་རྩོམ་རིག་གི་སྡེ་ཚན་༼བགྲེས་པོའི་འབེལ་གཏམ་༽རྩོམ་སྒྲིག་ཚོགས་པ་ནས་གོ་བསྒྲིག་འོག་ལོ་ལྟར་བཞིན་འཚོགས་དང་འཚོག་བཞིན་པའི་༼བོན་རིག་པའི་བགྲོ་གླེང་༽ཐེངས་དྲུག་པ་དེ་ཕྱི་ལོ་༢༠༢༦ལོའི་ཟླ་བ་༡པོའི་ཚེས་༢༧ནས་༢༨བར་ཉིན་གཉིས་རིང་༧གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་འཚོགས་ཡོད་པ་དང་།

ད་ལན་གྱི་བགྲོ་གླེང་འདིའི་ཐོག་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དང་། ཝཱར་ཎའི་མཐོ་སློབ། ཕྱྭ་ཀེང་ཙེའི་སློབ་གྲྭ་བཅས་ཕྱོགས་མཐའ་ཁག་དང་། དེ་བཞིན་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་བཅས་ནས་དགེ་བའི་བཤེས་གཉེན་དང་དགེ་རྒན་སློབ་གཉེར་བ་སོགས་ཁྱོན་མི་བཅུ་དྲུག་གིས་མཉམ་ཞུགས་གནང་སྟེ་བརྗོད་གཞི་སྣ་ཚོགས་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་ཡོད།

དེ་ཡང་ཚེས་༢༧ཉིན་གྱི་ཞོགས་པ་ཕྱག་ཚོད་༨་པའི་ཐོག་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་མཆོག་དང་བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་བཅས་ཀྱི་དབུས་པའི་འདུས་མང་ཡོངས་བགྲོ་གླེང་ར་བར་འཛོམས་ནས། བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཚོགས་མི་སློབ་གཉེར་བ་གཡུང་དྲུང་རྣམ་དག་ལག་གིས་གཙོ་སྐྱོང་གནང་སྟེ་མཛད་རིམ་ངོ་སྤྲོད་གནང་། དེ་ནས་མཛད་རིམ་ལྟར་ཐོག་མར་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ནས་སྣང་གསལ་སྒྲོན་མེ་སྤར་ཏེ་བགྲོ་གླེང་དབུ་འབྱེད་ཀྱི་མཛད་སྒོ་གནང་བ་དང་། དེ་ནས་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཚོགས་པའི་ཚོག་གཙོ་དགེ་བཤེས་ཚུལ་་ཁྲིམས་རབ་བརྟན་ལགས་ནས་བགྲོ་གླེང་འདིའི་དགོས་དམིགས་དང་ཁ་ཕྱོགས་སོགས་དང་འབྲེལ་ནས་བྱོན་པ་ལེགས་གསོལ་གྱི་གཏམ་བཤད་གནང་། དེ་ནས་༧སྐྱབས་རྗེ་སློབ་དཔོན་རིན་པོ་ཆེ་མཆོག་ནས་བགྲོ་གླེང་འདི་དང་འབྲེལ་བའི་གལ་ཆེའི་རང་བཞིན་གྱི་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་དེ་སྔོན་འགྲོའི་མཛད་རིམ་གྲུབ།

དེ་ནས་དངོས་གཞི་བགྲོ་གླེང་མགོ་ཚུགས་ཏེ་ཐོག་མར་རྩ་འཛིན་སློབ་དཔོན་དགེ་བཤེས་བློ་གྲོས་འོད་གསལ་གྱིས་༼གློ་བོའི་ཡུལ་དང་འབྲེལ་བའི་ཞང་ཞུང་དང་བོན་གྱི་ལོ་རྒྱུས་སྐོར་ཉམས་ཞིབ་དྲང་བདེན་མེ་ལོང་༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་དང་། དེ་རྗེས་སློབ་གཉེར་བ་གཡུང་དྲུང་རིག་འཛིན་ནས་༼བོན་གྱི་གཞུང་ལུགས་ལས་མཐོང་བའི་བཀྲ་ཤིས་རྟགས་བརྒྱད་སྐོར་གྱི་ཟིན་ཐོ་༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན། དེ་རྗེས་སློབ་གཉེར་བ་ཉི་མ་ལྷུན་གྲུབ་ནས་༼ཆབ་ནག་སེལ་སྒོའི་རིགས་སུ་གཏོགས་པའི་མནོལ་བསང་སྐོར་ཅུང་ཟད་གླེང་བ་༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་སྟེ་ཚོགས་ཐུན་དང་པོ་མཇུག་གྲུབ་ནས་གསོལ་ཇའི་བར་གསེང་བཞག

དེ་ནས་ཆུ་ཚོད་༡༠་དང་སྐར་མ་༤༠ཐོག་དགེ་བཤེས་ཚོགས་གཉིས་རྒྱ་མཚོ་ནས་༼བྲུ་ལུགས་གཏོར་མའི་བཅའ་དཔེ་དང་པར་རིས་སྒྲགས་མ་བསྒྲིག་སྦྱོར་བྱས་པའི་སྐོར་༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་དང་། དེ་རྗེས་དགེ་བཤེས་བདེ་ལེགས་རྒྱ་མཚོ་ལགས་ནས་༼ཨ་དང་མཚན་མའི་རྗས་ལ་བརྟེན་ནས་སེམས་ཀློང་མན་ངག་སྡེ་གསུམ་ལ་འཇུག་ཚུལ་སྐོར་༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་སྟེ་སྔ་དྲོའི་མཛད་རིམ་གྲུབ།

ཕྱི་དྲིའི་ཕྱག་ཚོད་གཉིས་པའི་ཐོག་དགེ་བཤེས་ཚུལ་ཁྲིམས་དྲི་མེད་ནས་༼བོན་གྱི་གཞུང་ལུགས་ཀྱི་རྡུལ་དང་རྡུལ་ཕྲན་གྱི་རྣམ་བཞག་སྐོར་གླེང་བ་༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་དང་། དེ་རྗེས་དགེ་བཤེས་བསོད་ནམས་ཚུལ་ཁྲིམས་ནས་༼དྲན་པའི་བློ་ལས་རྟོགས་འཁྲུལ་བྱུང་”ཞེས་པའི་རྟོགས་པ་དང་འཁྲུལ་བའི་ཚེ་ཤེས་པ་ལྡང་ཚུལ་སྐོར་༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲི་ལན་གནང་རྗེས་གསོལ་ཇའི་བར་གསེང་བཞག

དེ་ནས་ཕྱག་ཚོད་༣་དང་༣༠ཐོག་དགེ་བཤེས་ཚུལ་ཁྲིམས་རྣམ་གྲོལ་ནས་༼ངེས་པ་དོན་གྱི་རྣལ་འབྱོར་བ་ཉི་མ་ཚུལ་ཁྲིམས་ཀྱི་མཛད་རྣམ་ཉུང་བསྡུས་༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ནས་ཉིན་འདིའི་མཛད་རིམ་ཡོངས་སུ་གྲུབ།

ཚེས་༢༨ཉིན་ཞོགས་པ་ཕྱག་ཚོད་༨པའི་ཐོག་ཝཱ་ར་ཎ་ས་ནས་ཕེབས་པའི་སྨན་རིའི་དགེ་བཤེས་ཤེས་རབ་རྣམ་རྒྱལ་ལགས་ནས་༼བྱང་སེམས་གབ་པའི་གཞུང་ལ་དཔྱད་པ་རགས་བསྡུས་སུ་བཀོད་པ་༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་དང་། དེ་རྗེས་རྩ་འཛིན་སློབ་དཔོན་དགེ་བཤེས་ཁྲི་གཙུག་ཡོན་ཏན་ལགས་ནས་༼ཏིག་ཏ་རིགས་ལྔའི་སྐོར་ལ་དཔྱད་པ་༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན། དེ་རྗེས་ཕྱྭ་སྲས་ཀེང་ཙེའི་སློབ་གྲྭའི་དགེ་རྒན་དགེ་བཤེས་ཀུན་སྐྱོང་རྒྱལ་པོ་ལགས་ནས་༼ཀླུ་བྲག་གི་ཡུལ་ལྷ་སྐྱ་རིག་སྐྲག་མེད་༽ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན། དེ་རྗེས་སློབ་གཉེར་བ་གཡུང་དྲུང་ཚེ་རིང་ལགས་ནས་༼ཁམས་བརྒྱད་ཀྱི་གོ་རིམ་ལ་དཔྱད་པ་༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་རྗེས་གསོལ་ཇའི་བར་གསེང་བཞག

ཕྱག་ཚོད་༡༠དང་ཕྱེད་ཀའི་ཐོག་༧གདན་ས་སྨན་རིའི་གླིང་ནས་ཕེབས་པའི་སློབ་གཉེར་བ་གཟི་རྩ་སངས་རྒྱས་དོན་གྲུབ་ལགས་ནས་༼འགྲོ་མགོན་བླ་མའི་ས་ལམ་གྱི་གཞུང་ལས་གསལ་བའི་མཁས་གྲུབ་རྣམས་དང་འབྲེལ་བའི་དཔྱད་བརྗོད་༽ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་དང་། དེ་རྗེས་ཝཱ་ནའི་སློབ་མ་ཨ་ཅཱརྱ་ཡ་ཕུར་པ་ཚེ་རྒྱལ་ལགས་ནས་༼བོན་གྱི་བཀའ་དང་བཀའ་བརྟེན་དང་དེའི་དཀར་ཆགས་ཇི་ལྟར་བྱུང་ཚུལ་སྐོར་༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་རྗེས་སྔ་དྲོོའི་མཛད་རིམ་གྲུབ།

ཕྱི་དྲོ་ཕྱག་ཚོད་༢པའི་ཐོག་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཚོགས་པའི་ཚོགས་གཙོ་དགེ་བཤེས་ཚུལ་ཁྲིམས་རབ་བརྟེན་ལགས་ནས་༼གདམས་ངག་ཚིག་བཞི་མའི་འགྲེལ་བ་༽ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་བ་དང་། དེ་རྗེས་ཕྱྭ་སྲས་ཀེང་ཙེའི་སློབ་མ་བུ་ཁྲིད་དབང་མོ་ལགས་ནས་༼ཕྱྭ་སྲས་ཀེང་ཙེའི་གནས་ཁང་སྐོར་༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་བཅས་གནང་རྗེས་བགྲོ་གླེང་འདིའི་དངོས་གཞིའི་མཛད་རིམ་ཡོངས་སུ་གྲུབ། དེ་རྗེས་བགྲེས་པོའི་འབེལ་གཏམ་རྩོམ་བསྒྲིག་ཚོགས་པའi་ཚོགས་གཙོ་དགེ་བཤེས་ཚུལ་ཁྲིམས་རབ་བརྟན་ལགས་ནས་བགྲོ་གླེང་འདིའི་མཇུག་བསྡོམས་དང་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་༧སྐྱབས་རྗེ་སློབ་དཔོན་མཆོག་ནས་གཏམ་བཤད་པ་རྣམས་པར་བགྲོ་གླེང་གི་ཕྱག་འཁྱེར་དང་འགུལ་དར་གནང་རྗེས་མཉམ་པར་བསྒྲོན་ཏེ་དེ་ལྟར་ད་ལན་གྱི་བོན་རིག་པའི་བགྲོ་གླེང་ཐེངས་དྲུག་པ་དེ་ཉིད་རྒྱལ་ཁའི་ངང་མཇུག་གྲུབ་པའི་གནས་བསྡུས་སུ།

  1. མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་༢༠༢༦ལོའི་ཟླ་བ་༡པོའི་ཚེས་༢༨ཉིན།
  2. པར་པ་དགེ་བཤེས་ཀུན་སྐྱོང་རྒྱལ་པོ། 
(སྤྱིའི་གཟིགས་གྲངས། 647 དེ་རིང་། 2)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བརྒྱུད་གསུ…
error: རྩོམ་འདི་བདག་དབང་ཅན་ཡིན།