བཀའ་རམས་པ་མ་ནི་གཡུང་དྲུང་མཐར་ཕྱིན་གྱི་དཔྱད་རྩོམ་དེབ་གསར་འགྲེམས་བརྡ།
དཔེ་དེབ་གླེང་བརྗོད།
སྤྱིར་གཡུང་དྲུང་བོན་ནི་རྒྱ་ཆེ་བ་ནམ་མཁའི་གཏོས་དང་། གཏིང་ཟབ་པ་རྒྱ་མཚོའི་གཏིང་ལྟར་བསམ་གྱིས་མི་ཁྱབ་པར་གནའ་དུས་ནས་བོད་རང་ས་ནས་མཆེད་པའི་སྒོ་བཞི་མཛོད་ལྔ་དང་རིག་པའི་གནས་ཆེ་བ་ལྔའི་བདག་ཉིད་ཅན་ཞིག་ཡིན། དེའི་ནང་ན་མདོ་སྔགས་རྫོགས་གསུམ་དང་ཐེག་པ་རིམ་པ་དགུ་བཅས་ཚུད་ཡོད། ལྷག་པར་སྔགས་ཀྱི་ཐེག་པར་གཏོགས་པའི་འབྱུང་བ་ཆུ་ཡི་རིག་གནས་ཏེ་བཙོག་མནོལ་དང་ནད་གྲིབ་སྦྱོང་བའི་ཆེད་དུ་བསྟན་པའི་ཆོ་ག་ཧ་ཅང་མང་པོ་ཡོད་པའི་ནང་ནས་ཁྱད་དུ་འཕགས་པ་ནི། བཀའ་འགྱུར་ནང་དུ་བཞུགས་པའི་ཀུན་འབུམ་གོ་འབྱེད་ཀྱི་གཞུང་འདི་ཡིན། འདི་ནི་སྔགས་རྒྱུད་སྡེ་བཞིའི་ནང་ཚན་སྤྱོད་རྒྱུད་པའམ་རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པའི་གཞུང་ཡིན་པ་དང་། འདིའི་བརྗོད་བྱ་ནི་སྤྱོད་རྒྱུད་པའི་ལྟ་སྒོམ་སྤྱོད་འབྲས་རྒྱས་པར་བསྟན་པ་མ་ཟད། སྒོ་བཞི་མཛོད་ལྔའི་ནང་ཚན་ཆབ་ནག་སྲིད་པ་རྒྱུད་ཀྱི་ཁོངས་སུ་གཏོགས་པའི་འབྱུང་རྩིས་དང་དེའི་ལྷ་བཅས་ཞིབ་ཏུ་བསྟན། སྒྲུབ་ཐབས་འདི་ལ་འབྱུང་བ་ལྔ་ལ་ལྟོས་པའི་ཆོ་ག་ཆེན་པོ་ལྔ་སྟེ། ཀུན་འབུམ་ས་ལྷ་དང་། ཀུན་སྒྲོལ་རླུང་ལྷ། ཀུན་འདུལ་ལྕགས་ལྷ། ཀུན་འཇོམས་ཆུ་ལྷ། ཀུན་རིག་མེ་ལྷ་བཅས་སོ།། དེ་དག་གི་ནང་ནས་ད་ལན་འདིར་བཀའ་རམས་པ་མ་ནི་གཡུང་དྲུང་མཐར་ཕྱིན་མཆོག་ནས་ཕལ་ཆེར་མི་ལོ་བཅུ་ཕྲག་གཉིས་ཙམ་རིང་། ༧ སྐྱབས་རྗེ་རྩ་བའི་བླ་མ་ཡོངས་འཛིན་རིན་པོ་ཆེའི་གདན་ས་གསུམ་པར་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར། འབད་པ་ལྷོད་མེད་དུ་བཤད་སྒྲུབ་གཉིས་ཀའི་སྦྱོང་པ་མཐར་ཕྱིན་གནང་བའི་འབྲས་རྟགས་ལྟ་བུར། ཀུན་འཇོམས་ཆུ་ལྷའི་གཞུང་གཙོ་བོར་བརྟེན། དེ་དང་མཐུན་པའི་གཞུང་གཞན་གྱི་ཟུར་རྒྱན་ཡང་གནང་སྟེ་དཔྱད་པ་ཞིབ་མོའི་སྒོ་ནས་རྩོམ་གནང་བའི་༼འབྱུང་བ་ཆུ་ཡི་ཁྲུས་ཀྱི་རིག་གནས།༽ ཅེས་པའི་དེབ་ཅིག་རྩོམ་བསྒྲིགས་གནང་འདུག ངོས་ཀྱིས་འདི་རོབ་ཙམ་བཀླགས་པས་རྩོམ་པ་པོ་ཁོང་ནི་སྐྱེས་སྟོབས་ཀྱི་ཤེས་རབ་དང་། སྦྱོང་སྟོབས་ཀྱི་བརྩོན་འགྲུས། ཉམས་མྱོང་ཕུན་སུམ་ཚོགས་ཤིང་། གཞུང་ལུགས་འདིའི་ཐད་ལའང་དམིགས་བསལ་གྱི་བློ་གྲོས་ཀྱི་སྤོབས་པ་རྒྱས་པའི་དགེ་བའི་བཤེས་གཉེན་མིང་དོན་མཚུངས་པ་ཞིག་རེད་འདུག་སྙམ་པའི་དགའ་ཚོར་ཡང་རང་བཞིན་གྱིས་སྐྱེས་བྱུང་། རྩོམ་ཚུལ་ཡང་ཞིབ་ཚགས་ཡོད་པ་དཔེར་ན། སྐྱིན་འདངས་ཀྱི་དབའ་ཁྲུས་དང་། ནད་སེལ་གྱི་ཚན་ཁྲུས། དབལ་ཆུའི་དྲག་ཁྲུས། མནོལ་སེལ་གྱི་དཀར་ཁྲུས། རྒྱ་མཚོའི་གླིང་ཁྲུས་ཏེ་ཁྲུས་ལྔའི་ཚུལ་ཡང་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་སོགས་དམིགས་ཕུག་པ་ལྟ་བུའི་ཚིག་ཉུང་ལ་དོན་ཚང་བ་དེ་འདྲའི་དཔྱད་རྩོམ་ཞིག་ཡིན་པ་མ་ཟད། འདི་དགོས་པ་ཧ་ཅང་ཆེན་པོ་ཞིག་ཏུ་མཐོང་སྟེ་ང་ཚོའི་སྤྱི་ཚོགས་ཀྱི་ཁྲོད་དུ་འབྱུང་བ་ཆུ་ཡི་རིག་གནས་སམ་ཁྲུས་ཀྱི་རིག་གནས་ནི། ནམ་རྒྱུན་འཚོ་བའི་དགོས་མཁོ་ལྟ་བུར་གྱུར་ཏེ་དཔེར་ན་རྟེན་གསུམ་ལ་ཁྲུས་བྱས་ཏེ་བྱིན་རླབས་བྱེད་པ་དང་། ནད་པ་ལ་ཁྲུས་བྱས་ཏེ་ནད་དང་གྲིབ་སེལ་བར་སྨོན་པ། རི་ཁྲུས་བྱས་ཏེ་ས་བདག་ཀླུ་གཉན་གྱི་ཕོག་ཐུག་དག་པར་མོས་པ་ལྟ་བུ་རྒྱ་ཆེར་དར་ཏེ་མི་ལོ་སྟོང་ཕྲག་མང་པོར་བརྒྱུད་ནས་གསུབ་ཏུ་མེད་པའི་དམངས་ཁྲོད་ཀྱི་རིག་གནས་ཞིག་ཆགས་ཡོད་པར་ལོ་རྒྱུས་ལ་ཕྱི་མིག་ལྟས་ན་ཤེས་ནུས། དེར་བརྟེན་འདིས་ཀྱང་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ལྟར་བོད་པའི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ལ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ལ་དགེ་ཚན་བླ་ལྷག་ཆེ་བ་དང་། དཔེ་རུལ་ཀྱི་གསེབ་ཏུ་སྦས་པའི་བོད་ཀྱི་གནའ་མིའི་བསམ་བློའི་ཆུ་ཚད་གང་འདྲ་ཡོད་མེད་མངོན་པར་གསལ་ཐུབ་པའི་ཁྱད་ཆོས་ཀྱང་ལྡན། ད་དུང་དཔྱད་རྩོམ་འདི་མངོན་བརྗོད་དང་སྡེབ་སྦྱོར་སོགས་ཀྱིས་མ་བཅིང་པར་ཚིག་སྒོ་ཡངས་པོར་བྲིས་གནང་འདུག་པས་བློ་སྦྱོང་དང་རིག་གནས་ཡོད་མེད་ལ་མ་ལྟོས་པར་སུས་བཀླགས་ནའང་དོན་གོ་ཐུབ་པའི་ཁྱད་ཆོས་ལྡན་པ་མ་ཟད། མི་དམངས་ཁྲོད་དུ་རིམ་འགྲོ་ལ་ཕེབས་མཁན་གྲོང་ཆོག་པ་རྣམ་པ་ལ་ཧ་ཅང་དགོས་གལ་ཆེ་བ་ཞིག་རེད་འདུག་པས་ཀུན་གྱིས་ཐུགས་གནང་ཡོད་པར་ཞུ། མཁན་པོ་གངས་སེང་ནས་ཨི་ཏ་ལིའི་རྒྱལ་ས་རོམ་ན་སྤྱི་ལོ་༢༠༢༤ཟླ་བ་༩ཚེས་༣༠ཉིན་བྲིས།།