ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བྲུ་རྒྱལ་བའི་ཞལ་གདམས་ཚན་བཤུས།

རྩོམ་པ་པོ། ཁྱུང་ཐོག་རྒོད།

གཡས་རུའི་ཁྲི་རབས་བཅུ་པ་བྲུ་སྟོན་རྒྱལ་བ་གཡུང་དྲུང་ནི། ཡུལ་གཡས་རུ་དབེན་ས་ཁར། ཡབ་བྲུ་ཤ་བསོད་ནམས་རྒྱལ་མཚན་གྱི་སྲས་སུ་ཆུ་སྟག་འབྱུང་ལྡན་༢༨༨ སྤྱི་ལོ་༡༢༤༢ ལོར་སྐུ་འཁྲུངས། ཉིད་ཀྱིས་མཛད་པའི་བཀའ་བརྟེན་ལ་ཡང་། ཕྱི་ནང་གསང་གསུམ་གྱི་ཕྱག་བཞེས་གཅིག་ཏུ་བསྡུས་པའི་ལག་ལེན་པོད་ཆུང་།སྙིང་པོ་ཐམས་ཅད་གཅིག་ཏུ་བསྡུས་པ་རིན་པོ་ཆེའི་གཟུངས་བསྡུས། རྫོགས་ཆེན་སྙན་རྒྱུད་ཀྱི་ལག་ལེན་དམར་ཁྲིད། གཞན་ཡང་དབལ་གསས་ལག་ཁྲིད། རྩ་རླུང་ཐིག་ལེའི་གདམས་པ། དྲང་དོན་དང་སྣོད་བཅུད་ཀྱི་ཡིག་སྣ། ངན་སོང་དོང་སྤྲུག་གི་བཟླས་ལུང་། ཞལ་གདམས་མགུར་འབུམ། བརྒྱུད་པའི་གསོལ་འདེབས་ལས་སོགས་མང་དུ་མཛད་དོ། ཁྱུད་པར་དུ་གདམས་པ་རིན་པོ་ཆེ་ཨ་ཁྲིད་ཀྱི་སྐོར་འདི་ལ། རི་ཁྲོད་པ་ཡབ་སྲས་ཀྱི་མཛད་སྲོལ། འགྲོ་མགོན་གཡོར་པོ་མེ་དཔལ་དང་། མཚན་ལྡན་འགྲོ་མགོན་བློ་གྲོས་ཀྱི་ཐུགས་དགོངས་ཇི་ལྟ་བ་བཞིན་དུ། ཐུན་མཚམས་བཅོ་ལྔ་པ་དང་རྒྱབ་སྐྱོར་རིན་ཆེན་གསལ་འདེབས་གཉིས་སུ་བསྒྲིགས་སོ།། དེ་ཡང་དགུང་ལོ་བཞི་བཅུ་ཞེ་དགུ་བཞེས་ནས་མཐར་ལྕགས་རྟ་འབྱུང་ལྡན་༢༨༩ སྤྱི་ལོ་༡༢༩༠ལོར་དག་ཞིང་དུ་ཕེབས་པ་བཅས་ཀྱི་རྣམ་ཐར་བསྡུས་པ་འདི་ཉིད་བསྟན་རྩིས་དང་རྟོགས་ལྡན་ཉམས་རྒྱུད་ཀྱི་རྣམ་ཐར་ནས་བཏུས།

༧རྗེ་འགྲོ་བའི་དཔལ་མགོན་ཁྱེད་རྣམས་ལ།། གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས།། ༧དྲིན་ཅན་དམ་པ་འགྲོ་བའི་ཡབ།། བུ་ལྟར་སྐྱོབ་པར་བྱིན་གྱིས་རློབས།། ༧ཟབ་མོ་གནད་ཀྱི་གདམ་པ་ལ།། ཉམས་ལེན་ནུས་པར་བྱིན་གྱིས་རློབས།། ༧འཇིག་རྟེན་འཁྲུལ་བའི་སྣང་བ་ལ།། སྐྱོ་ཤས་སྐྱེ་བར་བྱིན་གྱིས་རློབས།། ༧སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལ།། ཞེན་པ་ལོག་པར་བྱིན་གྱིས་རློབས།། ༧དགྲ་གཉེན་བདུད་ཀྱི་བསླུ་བྲིད་ལ།། འཁྲི་བ་ཆོད་པར་བྱིན་གྱིས་རློབས།། ༧ཟང་ཟིང་སྒྱུ་མའི་ཡོ་བྱད་ལ།། ཞེན་ཆགས་མེད་པར་བྱིན་གྱིས་རློབས།། འདུ་འཇི་གཡེང་བའི་བྱ་ལ་།། ༧ལོངས་མེད་སྐྱེ་བར་བྱིན་གྱིས་རློབས། བདག་སྐྱོན་ཉེས་པ་ཀུན་གྱི་གཞི།། ༧རྟག་ཏུ་སུན་པར་བྱིན་གྱིས་རློབས།། ༧འགྲོ་དྲུག་ཕ་མ་བུ་གཉེན་ལ།། བདག་ཕྱོགས་མེད་པར་བྱིན་གྱིས་རློབས།། ༧རྟོགས་པར་དཀའ་བ་རང་གི་སེམས།། མཐོང་ཞིང་གོམས་པར་བྱིན་གྱིས་རློབས།། ༧བར་དོ་འཇིགས་པའི་གཡང་ས་ལ།། ཉམ་ང་མེད་པར་བྱིན་གྱིས་རློབས།། ༧སྐྱེ་ཤི་འཁོར་བའི་ལམ་པོ་ཆེར།། རང་དབང་ཐོབ་པར་བྱིན་གྱིས་རློབས།། ༧ཉམས་སོད་ཆོ་འཕྲུལ་བར་ཆོད་བདུད།། རང་སྣང་ཆུམ་པར་བྱིན་གྱིས་རློབས།། ༧གཅེས་འཛིན་ན་ཚ་རེ་དོགས་བློ།། རོ་སྙོམས་ནུས་པར་བྱིན་གྱིས་རློབས།། ༧མ་བཅོས་མཐའ་བྲལ་གཉུག་མའི་དོན།། རང་ངོ་ཤེས་པར་བྱིན་གྱིས་རློབས།། ༧བདེ་གསལ་རྟོག་པ་མེད་པའི་ཉམས།། འདུ་འབྲལ་མེད་པར་བྱིན་གྱི་རློབས།། ༧སྣ་ཚོགས་འགག་མེད་རང་རིག་རྩལ།། རྒྱན་དུ་འཆར་བར་བྱིན་གྱིས་རློབས།། ༧བཟང་ངན་བདེ་སྡུག་བློ་བུར་རྐྱེན།། ལམ་དུ་སློང་བར་བྱིན་གྱིས་རློབས།། ༧སྤྲོ་བསྡུ་དྲན་རྟོག་འགྱུ་བའི་ཡིད།། གྲོགས་སུ་འཆར་བར་བྱིན་གྱིས་རློབས།། ༧སྐུ་གསུམ་འདུ་འབྲལ་མེད་པའི་ཉམས།། རྟོགས་ཤིང་གྲོལ་བར་བྱིན་གྱིས་རློབས།། བདག་ལ་དབང་དང་དངོས་གྲུབ་སྩོལ།། ཨ་ཨཱོྃ་ཧཱུྃ། ཅི་པར་རདྣ་ཐ་ཚན་སིདྡྷི་འདུ།།

དཔྱད་བརྗོད།

སྤྱང་འཕགས་ཀྱི་གནད་བྱང་དྲུག་ཅུ་རྩ་གཅིག་ལས། སྣང་བ་མདོག་ཅན་གྱིས་སྤྲུལ་པ་ལས།། བྲུ་ཤ་རྗེ་བཙུན་བྱ་བ་འབྱུང་།། དེའི་རྒྱུད་འཛིན་གཡུང་དྲུང་སེམས་དཔའ་བཅུ་བཞིའི་འགྲོ་བ་འདྲེན། རྒྱལ་བ་གཡུང་དྲུང་རྗེ་བཙུན་སྨན་བྱེད་རྣམས།། བདེར་གཤེགས་རྣམ་སྤྲུལ་འགྲོ་བའི་དོན་ལ་བྱོན། འདིའི་ཞབས་ཀྱི་པད་མོ་ལ་སུ་གཏུགས་པ་རྣམས།། སྐྱེ་ཚོགས་ལྔ་ནས་ཐར་པའི་ལམ་ལ་བཀོད།། འབུམ་ཕྲག་གསུམ་གྱིས་ཐར་པའི་སྒོ་མོ་ཕྱེད།། ཅེས་ལུང་གིས་བསྔགས་པའི་བླ་མ་བྲུ་ཆེན་རྒྱལ་བ་གཡུང་དྲུང་གིས་མཛད་པའི་ཞལ་གདམས་དང་མགུར་འབུམ་གསོལ་འདེབས་སོགས་མང་དུ་ཡོད་པ་རྣམ་ཐར་དུ་གསལ་བ་དང་། འདིར་བྲུ་ཆེན་པོའི་ཨ་ཁྲིད་བླ་མ་རྒྱུད་པའི་གསོལ་འདེབས་ནས་མགུར་མ་ཞིག་ཟུར་འདོན་བྱས་ཡོད། མགུར་མ་འདི་ནི་རྡོ་ཆག་ལྷུ་སྒྲིགས་ལྟ་བུའི་བཙན་གྱིས་བསྒྲིགས་པ་ཞིག་མིན་ལ་ཚིག་སྒྲུབ་མཛེས་བཟོ་ཙམ་ལས་དོན་གྱིས་དབུལ་བ་ཞིག་དེ་བས་མིན། འདི་ནི་སྣང་བ་ལ་ཞེན་ཁ་ལྡོག་ཅིང་ཟང་ཟིང་ལ་སུན་ཐག་ཆོད་པའི་རྣལ་འབྱོར་བ་ཞིག་གི་ནང་སེམས་ཀྱི་ཉམས་ལེན་གྱི་རྩལ་ལས་ཐོན་པའི་ཉམས་ཀྱི་དབྱངས་རྟ་ཞིག་ཡིན།། ཇི་ལྟར་ན། དགྲ་གཉེན་ཀྱི་འཁྲི་བ་དུམ་མེར་བཅད། ཟང་ཟིང་གི་ཞེན་པ་ལིང་ངེར་བསྐྱུར། འདུ་འཛིའི་བྱ་བཞག་རྒྱང་དུ་བོར། བདག་སྐྱོན་ལ་སེམས་པ་སུན་ཐག་ཆོད། འགྲོ་ཀུན་ལ་ཕ་མའི་འདུ་ཤེས་བཞག་སྟེ་ནང་སེམས་ཀྱི་ཉམས་ལེན་ལ་གཞོལ་བའི་ངེས་དོན་གྱི་རྟོགས་ལྡན་བ་ཞིག་གི་ཉམས་རྟོགས་ཀྱི་རླབས་ལས་བརྡོལ་བའི་མན་ངག་ཚ་བོ་ཚ་རྐྱང་ཞིག་ཡིན་པས་སོ།།མགུར་མ་འདིའི་དོན་ལ་བསམ་གྱིན་བསམ་གྱིན་ཀློག་དང་། འདིའི་ཚིག་གི་ཤ་རུས་གསེང་ནས་ཧྲུལ་པོའི་གོས་གྱོན་ཞིང་འཚོ་བ་ངན་ངོན་ལ་བསྟེན་པའི་དགེ་སྦྱོར་བ་སྐམ་རིད་ཞིག་གི་སྣང་བརྙན་མཐོང་ཐུབ་ལ། རྒྱལ་བ་འཕགས་པའི་བཀའ་ལུང་ལས་གསལ་བའི་དགེ་བྱེད་པ་ཟེར་བ་དེ་ཅི་འདྲ་ཞིག་དགོས་པའི་ངེས་པ་ཡང་རྙེད་ཐུབ། ད་དུང་ཁ་ཞེ་གཉིས་མེད་ཀྱིས་ཡང་དང་བསྐྱར་དུ་ཀློགས་དང་ཁྱོད་ཀྱི་དྲན་ངོགས་སུ་སྔ་དགོང་དུ་རྔ་ཆུང་ལྷང་ལྷང་རྡུང་ཞིང་། སྲོད་དང་ཐོ་རངས་སུ་དྷ་སིལ་འུར་འུར་དཀྲོལ་བའི་དབེན་གནས་ཞིག་དྲན་འོང་ལ་གནས་དེ་ལ་འགྲོ་སྙིང་ཡང་འདོད་འོང་། མགུར་མ་ཐུང་ཐུང་འདིའི་དོན་དངོས་ལ་དམར་འཇུ་བྱས་ཏེ་ཉམས་ལེན་ཀྱི་རྒྱུན་ཐག་བསྲིངས་དང་། འདིས་དོན་ངོ་མ་ཅི་ཞིག་བཤད་ན་བདེར་གཤེགས་དགོངས་རྒྱུད་དགུ་ཡི་ཐུགས་དམ། གྲུབ་ཆེན་འཇའ་ལུས་ཉེར་བཞིའི་གཤེགས་ཤུལ། ཕ་གཅིག་རྩ་བའི་བླ་མའི་ཉམས་ལེན། དོན་གྱི་སྙིང་པོ་ལ་གནད་དུ་དྲིལ་ཏེ་གླེང་ན་ཕྱོགས་ཅུའི་སངས་རྒྱས་རྣམས་ཀྱི་དགོངས་པར་ཇི་ལྟར་གསལ་བའི་ཀུན་ཏུ་བཟང་པོ་ཉིད་གསལ་ཝར་ལེར་བསྟན་པ་ཡིན་ནོ།།

(སྤྱིའི་གཟིགས་གྲངས། 195 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ་…
error: རྩོམ་འདི་བདག་དབང་ཅན་ཡིན།