ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་གཞུང་བཞུགས།
གསལ་འཛིན་བློ། །རྟོག་མེད་མ་འཁྲུལ་དེ་ལ་བཞི། །དབང་ཡིད་རང་རིག་རྣལ་འབྱོར་རོ། །རྫས་ནི་ཧྲིལ་པོར་འཛིན་པའི་བློ། །སྣང་འཇུག་ཉིད་ཡིན་དེ་ལ་གཉིས། །དོན་ལ་མཐུན་དང་མི་མཐུན་ནོ། །ཆ་ཤས་ཕྱེ་ནས་འཛིན་པའི་བློ། །སེལ་འཇུག་དོན་མཐུན་མི་མཐུན་གཉིས། །བརྡ་དོན་ལ་བརྟེན་དོན་སྤྱི་འཆར། །དེ་ལ་ཕྱི་རོལ་དོན་དུ་ཞེན། །དེ་ནས་འཇུག་ཡུལ་རང་མཚན་ཐོབ། །སྒྲ་རྟོག་ཐམས་ཅད་གཞན་སེལ་ཡིན། །དེའི་དངོས་ཡུལ་རང་མཚན་མེད། །ཞེན་པའི་འཇུག་ཡུལ་རང་མཚན་སྲིད། །རིགས་པ་མཁྱེན་པ་རྣམས་ཀྱིས་བཞེད། །ཚད་མིན་མི་བསླུ་མ་ཡིན་བློ། །སྣང་ལ་མ་ངེས་བཅད་ཤེས་དང༌། །ཡིད་དཔྱོད་ལོག་ཤེས་ཐེ་ཚོམ་ལྔ། །གསལ་བར་སྣང་ཞིང་སྒྲོ་འདོགས་དང༌། །མི་འགལ་བ་རུ་འཇུག་པའི་བློ། །སྣང་ལ་མ་ངེས་དེ་ལ་གསུམ། །མངོན་དང་རྟོག་དང་རྟོག་མེད་འཁྲུལ། །སྔར་རྟོག་བྱེད་པ་མ་ཉམས་པའི། །རིགས་ལ་སྒྲོ་འདོགས་དང་འགལ་བར། །འཇུག་པའི་བློ་ནི་བཅད་ཤེས་སོ། །མངོན་དང་རྟོག་པ་བཅད་ཤེས་གཉིས། །རྟོག་པ་རྣམ་གཉིས་མངོན་སུམ་དང༌། །རྗེས་སུ་དཔག་པའི་རྗེས་སུ་སྐྱེ། །རྟགས་མྱོང་གང་ལའང་མི་ལྟོས་པར། །བདེན་པའི་ངེས་བློ་ཡིད་དཔྱོད་ཡིན། །རྒྱུ་མཚན་མེད་དང་ཕྱིན་ཅི་ལོག །མ་ངེས་པ་ཡི་ཡིད་དཔྱོད་གསུམ། །ལོག་ཤེས་དེ་མིན་དེར་འཛིན་བློ། །རྟོག་དང་རྟོག་མེད་ལོག་ཤེས་གཉིས། །གཅིག་ཏུ་མ་ངེས་ཞེན་བློ་ནི། །ཐེ་ཚོམ་ཉིད་ཡིན་དེ་ལ་གཉིས། །ཆ་མཉམ་པ་དང་ཤས་ཆེར་འཛིན། །ཤས་ཆེར་རྣམ་གཉིས་དོན་འགྱུར་དང༌། །དོན་མི་འགྱུར་གྱི་ཐེ་ཚོམ་མོ། །འཇུག་ཡུལ་སྔར་མ་རྟོགས་པ་ལ། །མི་བསླུ་སྒྲོ་འདོགས་དང་འགལ་བར། །འཇུག་པའི་བློ་ནི་ཚད་མ་ཡིན། །གང་དང་གང་ལ་གང་གིས་དང༌། །གང་ཚེ་ཇི་ལྟར་མི་བསླུ་ལྔ། །རང་རིག་བདག་གཅིག་གཞན་རིག་དང༌། །རྗེས་དཔག་དེ་བྱུང་འབྲེལ་བ་ཡིན། །མངོན་སུམ་དང་ནི་རྗེས་དཔག་གཉིས། །གཞལ་བྱ་གཉིས་ལ་ལྟོས་པའི་ཕྱིར། །ཚད་མ་དེ་ཡང་རྣམ་པ་གཉིས། །སྤྱི་རིགས་ཐ་དང་གཅིག་པ་སྲིད། །རྒྱུ་མཚན་སྟོབས་ཀྱིས་གྲངས་ངེས་སོ། །དེ་འོད་ལ་ནི་དེར་འཛིན་བློ། །མངོན་སུམ་ཡིན་ཞེས་ལ་ལས་འདོད། །དེའི་རང་མཚན་དེར་སྣང་འགྱུར། །དེ་མི་སྣང་བས་མངོན་སུམ་འགལ། །གུང་ལ་ཕྱེད་དུ་འཁྲུལ་བའི་ཚེ། །རྨི་ལམ་ཤེས་པ་ཕྱེད་རྣམས་ལ། །མངོན་སུམ་ཡིན་ན་ནམ་གུང་དུས། །ཕྱེད་རྣམས་རང་མཚན་ཅིས་མི་འགྲུབ། །གྲུབ་ན་སྔ་ཕྱི་གཅིག་སོགས་འགྱུར། །དབང་ཤེས་ཆ་གཉིས་འགལ་བས་ན། །སེར་འཛིན་དབྱིབས་ལ་མངོན་སུམ་མིན། །མདོག་འཛིན་མིག་ཤེས་རེག་བྱ་ལ། །མངོན་སུམ་ཡིན་ཞེས་ལ་ལས་སྨྲ། །རེག་བྱ་མིག་ཤེས་ཡུལ་མིན་པས། །དེ་ལ་མངོན་སུམ་ཇི་ལྟར་འགྱུར། །རྟོག་པ་ཡུལ་དུས་རྣམ་པ་ལ། །འཁྲུལ་ཡང་དབང་ཤེས་ཚད་མ་སྲིད། །རྟོག་པ་ཤེལ་གངས་ཁ་དོག་སོགས། །དེ་བཞིན་སྔ་ཕྱི་ཨུཌྤལ་དང༌། །ཐག་ཁྲར་སྦྲུལ་དུ་འཁྲུལ་པ་ལ། །དཀར་སྔོན་ཁྲར་འཛིན་མིག་ཤེས་བཞིན། །གལ་ཏེ་སེར་འཛིན་དབང་ཤེས་ཀྱང༌། །དབྱིབས་ལ་མངོན་སུམ་མཚུངས་ཤེ་ན། །དབང་ཤེས་དོན་ལ་འཁྲུལ་མ་འཁྲུལ། །ཆ་གཉིས་དག་ཏུ་འགལ་བའི་ཕྱིར། །དེ་ཡི་རྩོད་པས་འདིར་མི་གནོད། །དེ་འོད་ལ་ནི་དེར་རྟོགས་བློ། །རྗེས་དཔག་མིན་ན་རྗེས་དཔག་དཀའ། །རྟགས་དང་བསྒྲུབ་བྱར་འཁྲུལ་བའི་བློ། །ཚུལ་གསུམ་མེད་པས་རྗེས་དཔག་མིན། །གཞན་ཡང་དེ་བཞིན་ལེགས་རྟོགས་མཛོད། །རྣམ་པ་སྣང་ནས་རྟོགས་པ་དངོས། །དེ་ཡི་རྣམ་པ་སྣང་སྟོབས་ཀྱིས། །གཞན་རིག་པ་ནི་ཤུགས་རྟོགས་ཡིན། །རྟོག་བྲལ་བློ་ཡི་རྣམ་པ་དག །སྣང་ནས་སྒྲོ་འདོགས་གཅོད་པ་དང༌། །དེ་ཡི་རྣམ་པར་སྣང་སྟོབས་ཀྱིས། །གཞན་ལ་སྒྲོ་འདོགས་གཅོད་པར་མངོན། །ཚུལ་གསུམ་རྟགས་ལས་དེ་བཞིན་རྗེས། །འབྲས་བུ་ཐ་དད་དངོས་རྟོགས་པས། །རྒྱུ་ནུས་ཐ་དད་ཡོད་རྟོགས་ཤུགས། །སྔོན་པོ་དངོས་སུ་རྟོགས་པ་ན། །སྔོན་པོ་འཇལ་བྱེད་ཤུགས་རྟོགས་མངོན། །སྣང་སྟོང་འཚོགས་དོན་དངོས་རྟོགས་པས། །སྣང་དང་བོན་ཉིད་ཤུགས་རྟོགས་རྗེས། །རང་རིག་གིས་ནི་སྔོན་འཛིན་དག །སྔོན་པོ་འཇལ་བྱེད་དངོས་རྟོགས་པས། །ཡུལ་རྣམ་སྔོན་པོར་ཤུགས་ལས་རྟོགས། །མངོན་སུམ་སྔོ་ལ་སེར་ཁེགས་པས། །ཐ་དད་སྔོ་ལ་སེར་པོར་ཁེགས། །སྔོ་ལ་སེར་ཁེགས་གསེར་མདོག་བཞིན། །སྔོ་ལ་སེར་ཁེགས་ཨུཌྤལ་ལ། །གསེར་གྱི་སེར་པོ་ཁེགས་པ་བཞིན། །རྗེས་དཔག་དངོས་ལ་བདེན་ཁེགས་པས། །མ་མཐོང་དངོས་ལ་བདེན་དངོས་ཁེགས། །དངོས་ལ་བདེན་ཁེགས་གང་ཟག་བཞིན། །དངོས་ལ་བདེན་ཁེགས་ཤེས་དངོས་ལ། །གང་ཟག་བདག་ནི་ཁེགས་བཞིན་ནོ། །རང་གི་སྟོབས་ཀྱིས་ངེས་པ་དང༌། །དེ་ཡི་མ་ངེས་གཞན་སྟོབས་ཀྱིས། །ངེས་དགོས་ཤེས་པ་ཡང་དག་ནི། །རང་ངེས་གཞན་ངེས་ཚད་མའོ། །དོན་བྱེད་སྣང་དང་གོམས་ཅན་གྱིས། །དོན་རིག་གཉིས་དང་རང་རིག་དང༌། །རྗེས་དཔག་རྣམས་ནི་རང་ལས་ངེས། །དང་པོ་བ་དང་ཡིད་མ་གཏད། །འཁྲུལ་རྒྱུ་ཅན་གྱི་གཞན་རིགས་རྣམས། །གཞན་ལས་ངེས་ཀྱི་ཚད་མའོ། །སྣང་བ་རང་དང་བདེན་པ་གཞན། །སྤྱི་ནི་རང་དང་ཁྱད་པར་གཞན། །སྣང་བ་གཞན་ལ་ངེས་དགོས་ཡོད། །ངེས་པའི་སྟོབས་ཀྱིས་སྒྲོ་འདོགས་སེལ། །སྒྲོ་འདོགས་ཚད་མས་གནོད་པའི་བློ། །མ་རྟོགས་ལོག་རྟོག་ཐེ་ཚོམ་སོགས། །ངོ་བོ་གཅིག་པ་གནོད་བྱ་དང༌། །གནོད་བྱེད་མ་ཡིན་རལ་གྲི་བཞིན། །ཐ་དད་དེ་བཞིན་སངས་རྒྱས་དང༌། །སོ་སྐྱེའི་བློ་དང་ཡེ་ཤེས་བཞིན། །ཕུང་གསུམ་ཡིན་པར་འདིར་མི་སྲིད། །རྒྱུན་གཅིག་ལྡོག་པ་ཐ་དད་པས། །ཐ་དད་འབྱུང་བས་སྐྱོན་ལས་གྲོལ། །དུས་གཅིག་རྟོག་གཉིས་གཅིག་ཆར་འཇུག། །ཐ་དད་འཕྲད་མིན་གནོད་བྱེད་མིན། །རྒྱུ་དང་ངོ་བོ་དང་པོ་འཕྲད། །གཉིས་པར་ནུས་མེད་གསུུམ་པ་ལ། །སྐྱེ་འགག་མཉམ་པས་དེའི་སྐྱོན་མེད། །ཡུལ་གཅིག་བདེན་རྫུན་མཚུངས་པ་དང༌། །ཐ་དད་འཕྲད་མིན་གནོད་བྱེད་མིན། །ཕྱི་དང་ནང་གི་སྣང་མུན་བཞིན། །ཞེན་ཡུལ་གཅིག་ལ་ཞེན་སྟངས་འགལ། །ཞེན་སྟངས་དོན་མཐུན་མི་མཐུན་ཡིན། །སྒྲ་རྟག་མི་རྟག་འཛིན་བློ་བཞིན། །མཐུན་པས་མི་མཐུན་སེལ་བའི་ཕྱིར། །དེ་ཡི་རྩོད་པས་འདིར་མི་གནོད། །གཅིག་དོན་གཅིག་ལ་མི་འཇུག་ཅིང༌། །གཅིག་དོན་གཅིག་དང་མི་འགལ་ལ། །གཅིག་དོན་གཅིག་གིས་མི་འགོག་གོ། །རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་ལས། །ཡུལ་ཅན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།