བརྒྱ་སྟོན་གྱི་ཚོགས་འདུ་ཆེན་མོ་གཉིས་ལེགས་གྲུབ་བྱུང་བའི་གནས་བསྡུས།
གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱར་ཕེབས་པའི་བརྒྱ་སྟོན་མཛད་སྒོ་དང་། གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་གསར་པའི་ཕྱི་ནང་རྟེན་དང་བརྟེན་པ་ལེགས་གྲུབ་བྱུང་བའི་རབ་གནས་མཛད་སྒོ། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཐེངས་དྲུག་པ། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་རླབས་ཆེའི་མཛད་འཕྲིན་སྐོར་གྱི་བགྲོ་གླེང་ཚོགས་འདུ་བཅས་ཕྱི་ལོ་༢༠༢༥ཟླ་༠༢ཚེས་༠༡ནས་༠༨བར་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་རྒྱས་འཚོགས་གནང་ཡོད། བརྒྱ་སྟོན་བགྲོ་གླེང་འདི་ནི་ད་སྔོན་མཛད་རྗེས་ཆེ་བའི་མི་སྣ་གང་ཞིག་དགུང་ལོ་བརྒྱར་བཞུགས་པའི་དམིགས་བསལ་གྱི་དུས་སྟོན་ཞིག་ཆགས་ཀྱི་ཡོད་ཀྱང་ང་ཚོའི་མི་ཚེ་གཅིག་གི་རིང་དེ་ལྟའི་སྐལ་བཟང་གི་བསོད་ནམས་མཉམ་དུ་ལོངས་སུ་སྤྱོད་རྒྱུར་ཧ་ཅང་དཀོན་པོ་ཡིན། ད་རེས་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱར་ཕེབས་པའི་དགུང་སྟོན་རྒྱས་འཚོགས་གནང་བ་འདི་ནི། ལོ་རྒྱུས་ཀྱི་ཟིན་ཐོ་ཞིག་ཏུ་ལགས་ན་འཕྲུལ་ངག་གཡུང་དྲུང་བོན་གྱི་སྐྱབས་འོག་ཏུ་འཁོད་པའི་རྒྱ་ཆེའི་མི་མང་ལྷན་རྒྱས་ཀྱིས་དོ་སྣང་ཤུགས་ཆེན་གནང་བ་ལས་རྒྱལ་ཁབ་སུམ་ཅུ་སོ་བདུན་ཙམ་གྱི་འབྲེལ་ཡོད་མི་སྣ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་དུས་གཅིག་ཏུ་གདན་འཛོམས་བྱུང་ཡོད། གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་འདུས་སྤྱི་དང་། བོན་པོ་ཚོགས་པ་གཉིས་ནས་བརྒྱ་སྟོན་གྱི་གོ་སྒྲིག་ཚགས་ཆུད་གནང་ནས་མཛད་རིམ་རྣམས་མུ་འབྲེལ་བསྐྱངས་པ་ལས།
ཕྱི་ཚེས་༧ཉིན་<<༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་རླབས་ཆེའི་མཛད་འཕྲིན་སྐོར་གྱི་ཚོགས་འདུ་>>དང་། <<རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་ཆེན་ཐེངས་དྲུག་པ་>>གཉིས་མཉམ་དུ་སྐོང་འཚོགས་གནང་ནས་སྔོན་འགྲོའི་མཛད་རིམ་དབུ་འཛུགས་ཞུས། སྔ་དྲོ་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ནས་མི་མང་རྣམས་གཙུག་ལག་ཁང་གསར་པའི་ནང་འདུ་འཛོམས་གནང་། མཛད་སྒོ་གཉིས་ཀྱི་བགྲོ་གླེང་ལ་ཆེད་བཅར་གནང་བའི་མཁས་དབང་རྣམ་པ་དང་། བླ་སྤྲུལ་དགེ་བཤེས་རྣམ་པ། གྲྭ་བཙུན་དང་མི་མང་བཅས་རྒྱས་འཛོམས་གནང་སྟེ། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། གདན་ས་ཁྲི་བརྟན་ནོར་བུ་རྩེའི་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་། ༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་དང་། ༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན། གདན་སའི་བཤད་སྒྲུབ་མཁན་སློབ་རྣམ་པ་བཅས་བཞུགས་གྲལ་དུ་འཁོད་རྗེས། དགེ་བའི་བཤེས་གཉེན་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་མཛད་སྒོའི་གཙོ་སྐྱོང་གནང་སྟེ། དབྱིན་བོད་སྐད་གཉིས་ཐོག་ནས་མཛད་རིམ་ངོ་སྤྲོད་གནང་། ཐོག་མར་རིན་པོ་ཆེ་རྣམ་པ་དང་མཁས་དབང་ཆར་ལི་སི་རམ་བྷོལ་བཅས་ཀྱི་སྣང་གསལ་སྒྲོན་མེ་སྤར་ནས་མཛད་རིམ་དབུ་ཕྱེས་པ་དང་། དེ་རྗེས་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་། མཁས་དབང་ཆར་ལི་སི་རམ་བྷོལ་གཉིས་ནས་བྱོན་པ་ལེགས་གསོལ་གྱི་གསུང་བཤད་གནང་། གསུང་བཤད་རིང་གསོལ་ཇ་དང་འབྲས་བསིལ་འདེགས་ཞུས་རྗེས་སྔོན་འགྲོའི་མཛད་རིམ་གྲུབ།
དེའི་རྗེས་བགྲོ་གླེང་གཏམ་བཤད་གནང་མཁན་མཁས་དབང་རྣམས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཟུར་ཉན་པ་བཅས་ཚོགས་ཁང་ཆེན་མོའི་ཐོག་ཁའི་ཁང་གསར་དུ་གདན་འདྲེན་ཞུས་ནས་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་། མཁས་དབང་ཆར་སི་རམ་བྷོལ་རྣམ་གཉིས་ཀྱིས་འགན་འཛིན་དང་གཙོ་སྐྱོང་འོག་<<རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དྲུག་པ་>>འི་དངོས་གཞིའི་མཛད་རིམ་མུ་འབྲེལ་བསྐྱངས། སྐབས་འདིར་མཉམ་ཞུགས་གནང་མཁན་འཛམ་གླིང་ཤར་ནུབ་ཡུལ་གྲུ་ཁག་ནས་ཕེབས་པའི་མཁས་དབང་དང་བོན་ལ་སློབ་གཉེར་གནང་མཁན། དེ་བཞིན་གདན་ས་ཁག་གཉིས་ནས་ཕེབས་པའི་མཁས་དབང་བཅས་ཁྱོན་བསྡོམས་གསུང་བཤད་གནང་མཁན་ཉེར་དགུ་ཙམ་གྱིས་ཕྱི་ཚེས་༧དང་༨ཉིན་གཉིས་རིང་སོ་སོའི་དཔྱད་རྩོམ་གྱི་བརྗོད་གཞི་དང་འབྲེལ་བའི་ཐོག་ནས་དྲི་བ་དྲིས་ལན་བཅས་ཏེ་གསུང་བཤད་ཟབ་རྒྱས་གནང་།
དུས་མཚུངས་སུ་གཙུག་ལག་ཚོགས་ཁང་ཆེན་མོའི་ནང་དུ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་རླབས་ཆེའི་མཛད་འཕྲིན་སྐོར་གྱི་ཚོགས་འདུའི་མཛད་རིམ་ལྟར་མུ་འབྲེལ་བསྐྱངས་པ་དང་། ཚོགས་དུས་དང་པོར་བླ་ཁྲི་མཁན་པོ་ཉི་མ་གྲགས་པ་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། སྔ་དྲོའི་ཕྱག་ཚོད་༡༠དང་སྐར་༣༠ནས་ཆུ་ཚོད་༡༢དང་སྐར་༡༠བར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་། ༧ཁྲི་བརྟན་ནོར་བུ་རྩེའི་༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ། དགེ་བཤེས་གཡུང་དྲུང་རྒྱལ་མཚན། དགེ་བཤེས་སྨོན་ལམ་མཐར་ཕྱིན་བཅས་ཀྱིས་རྗེ་ཡོངས་འཛིན་བླ་མའི་མཛད་རྣམ་དང་འབྲེལ་བའི་བརྗོད་གཞི་སོ་སོའི་སྒོ་ནས་གསུང་བཤད་གལ་ཆེ་གནད་སྨིན་མང་པོ་བཀའ་དྲིན་བསྐྱངས།
ཚོགས་དུས་གཉིས་པ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། ཕྱི་དྲོའི་ཕྱག་ཚོད་༢པ་ནས་༣དང་༡༥བར་གདན་ས་སྨན་རིའི་བཤད་སྒྲུབ་དཔོན་སློབ་དགེ་ལེགས་རྒྱ་མཚོ་དང་། གདན་ས་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་དཔོན་སློབ་བློ་གྲོས་གཙུག་ཕུད། མཁན་ཟུར་ཉི་མ་དབང་རྒྱལ་རྣམ་པ་གསུམ་གྱིས་རྗེ་ཡོངས་འཛིན་བླ་མའི་མཛད་རྣམ་དང་འབྲེལ་བ་བརྗོད་གཞི་སོ་སོའི་ཐོག་ནས་གསུང་བཤད་ཟབ་རྒྱས་གནད་སྨིན་གནང་།
ཚོགས་དུས་གསུམ་པ་དགེ་བཤེས་ཕུན་ཚོགས་ཉི་མ་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། ཕྱི་དྲོའི་ཕྱག་ཚོད་༣དང་སྐར་༣༠ནས་༥དང་༣༥བར་བླ་ཁྲི་མཁན་པོ་ཉི་མ་གྲགས་པ་དང་། རྩ་འཛིན་སློབ་དཔོན་དགེ་བཤེས་བློ་གྲོས་འོད་གསལ། དགེ་བཤེས་ཤེས་རབ་དཔལ་འཛིན། དགེ་བཤེས་ཁྱུང་ཁྲི་ལྡེ། དགེ་བཤེས་མཁྱེན་རབ་རྒྱ་མཚོ་བཅས་ཀྱིས་རྗེ་ཡོངས་འཛིན་བླ་མའི་མཛད་རྣམ་གྱི་བརྗོད་གཞི་སོ་སོ་དང་འབྲེལ་བའི་ཐོག་ནས་གསུང་བཤད་ཟབ་རྒྱས་གནད་སྨིན་གནང་ནས་ཉིན་དང་པོའི་རྣམ་ཐར་བགྲོ་གླེང་མཇུག་གྲུབ།
“༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་རླབས་ཆེའི་མཛད་འཕྲིན་སྐོར་གྱི་ཚོགས་འདུ་ཉིན་”གཉིས་པའི་ཚོགས་ཐུན་དང་པོ་སྔ་དྲོའི་ཕྱག་ཚོད་༩པ་ནས་༡༠དང་སྐར་༡༥བར་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། གཤེན་བསྟན་དར་རྒྱས་གླིང་གི་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་བཅས་རྣམ་པ་གསུམ་གྱིས་རྗེ་ཡོངས་འཛིན་བླ་མའི་མཛད་རྣམ་གྱི་བརྗོད་གཞི་སོ་སོ་དང་འབྲེལ་བའི་ཐོག་ནས་གསུང་བཤད་ཟབ་རྒྱས་གནད་སྨིན་གནང་།
ཚོགས་དུས་གཉིས་པ་བཀའ་རམས་པ་ཁྲི་གཙུག་བསྟན་པ་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། སྔ་དྲོའི་ཕྱག་ཚོད་༡༠དང་སྐར་༤༥ནས་༡༢བར་འདུལ་བའི་མཁན་པོ་དགེ་བཤེས་བསམ་གཏན་གཙུག་ཕུད་དང་། དགེ་བཤེས་ཕུན་ཚོགས་ཉི་མ། སྒྲུབ་ཐོན་པ་གཤེན་གྱི་དགེ་སྦྱོར་བླ་མ་སངས་རྒྱས་སྨོན་ལམ་བཅས་རྣམ་པ་གསུམ་གྱིས་རྗེ་ཡོངས་འཛིན་བླ་མའི་མཛད་རྣམ་གྱི་བརྗོད་གཞི་སོ་སོའི་ཐོག་ནས་གསུང་བཤད་ཟབ་རྒྱས་གནད་སྨིན་གནང་།
ཚོགས་དུས་གསུམ་པ་དགེ་བཤེས་བསམ་གཏན་གཙུག་ཕུད་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། ཕྱི་དྲོའི་ཕྱག་ཚོད་༢པ་ནས་༣དང་སྐར་༡༥བར་ཨ་རིའི་ལིག་མིན་སྐྱ་བོན་ཚོགས་ཀྱི་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་། གློ་སྨོན་ཐང་གཤེན་བསྟན་མཐའ་རྒྱས་གླིང་གི་མཁན་པོ་དགེ་བཤེས་བསྟན་འཛིན་མཆོག་ལྡན། དགེ་བཤེས་སྨོན་ལམ་དབང་རྒྱལ་རྣམ་པ་གསུམ་གྱིས་རྗེ་ཡོངས་འཛིན་བླ་མའི་མཛད་རྣམ་གྱི་བརྗོད་གཞི་སོ་སོ་དང་འབྲེལ་བའི་ཐོག་ནས་གསུང་བཤད་ཟབ་རྒྱས་གནད་སྨིན་གནང་།
ཚོགས་དུས་བཞི་པ་དགེ་བཤེས་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། ཕྱི་དྲོའི་ཕྱག་ཚོད་༣དང་སྐར་༣༠ནས་༥དང་སྐར་༡༠བར་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་དང་། དགེ་བཤེས་ཆོས་འཁོར་ཚང་གཡུང་དྲུང་རྒྱ་མཚོ། དགེ་བཤེས་བློ་གྲོས་ཕུན་ཚོགས། བཀའ་རམས་པ་ཁྲི་གཙུག་བསྟན་པ་བཅས་རྣམ་པ་གསུམ་གྱིས་རྗེ་ཡོངས་འཛིན་བླ་མའི་མཛད་རྣམ་གྱི་བརྗོད་གཞི་སོ་སོ་དང་འབྲེལ་བའི་ཐོག་ནས་གསུང་བཤད་ཟབ་རྒྱས་གནད་སྨིན་གནང་ནས་ཉིན་གཉིས་པའི་རྣམ་ཐར་བགྲོ་གླེང་མཇུག་གྲུབ།
བགྲོ་གླེང་གནང་མཁན་རྣམས་རྗེ་ཡོངས་འཛིན་བླ་མའི་སྐུ་དངོས་ཀྱི་སློབ་མ་རྐྱང་རྐྱང་ཡིན་པ་མ་ཟད་ཕལ་ཆེ་བ་བསླབ་པ་རྒན་བགྲེས་དང་། མི་ལོ་སུམ་ཅུ་དང་དྲུག་ཅུའི་ལྷག་ཡོངས་འཛིན་རིན་པོ་ཆེ་དང་འབྲལ་བ་མེད་པའི་ཐོག་ནས་སྐུ་གསུང་ཐུགས་གསུམ་ལ་རྒྱུས་མངའ་གཏིང་ཟབ་དང་། གདམས་ངག་བདུད་རྩི་ལ་ལོངས་སུ་སྤྱོད་པའི་སྐལ་པ་ཐོབ་པ་ཤ་སྟག་ཡིན་པས་ཐུགས་ཚོར་ཧ་ཅང་ཟབ་པའི་གསུང་བཤད་རྣམས་དབང་མེད་མིག་ཆུའི་ཐིགས་པ་དང་བསྲེས་ཏེ། རྗེས་དྲན་སྙིང་དབུས་ནས་ཞུས་པའི་ལེའུ་གལ་ཆེན་ཞིག་ཆགས་ཡོད།
ཕྱི་ཚེས་༨ཉིན་ཕྱི་དྲོའི་ཕྱག་ཚོད་༥དང་སྐར་༣༠ནས་ཕྱག་ཚོད་༦དང་སྐར་༣༠བར་ཚོགས་འདུ་གཉིས་ཀྱི་མཇུག་བསྡུའི་མཛད་རིམ་མཉམ་དུ་འཚོགས་གནང་། ཐོག་མར་གདན་ས་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་རྣམ་པ་དང་། གདན་ས་གཉིས་ཀྱི་བཤད་སྒྲུབ་མཁན་སློབ་རྣམ་པ། དགེ་བཤེས་རྣམ་པ།མཁས་དབང་རྣམ་པ་གཙོས་ཚོགས་ཞུགས་ལྷན་རྒྱས་བཞུགས་གདན་དུ་འཁོད་རྗེས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་མཛད་རིམ་གཙོ་སྐྱོང་གནང་བ་དང་། ༧སྐྱབས་རྗེ་མཁན་རིན་པོ་ཆེ་ནས་བགྲོ་གླེང་གནང་མཁན་ལྷན་རྒྱས་ལ་ཕྱག་ཁྱེར་དང་མགུལ་དར་བསྒྲོན། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་གི་དབུ་འཛིན་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་གོ་སྒྲིག་པ་མཁས་དབང་ཆར་སི་རམ་བྷོལ་གཉིས་ནས་མཇུག་སྡོམ་གྱི་གསུང་བཤད་གནང་། དེའི་རྗེས་ཚོགས་འདུ་གཉིས་ཀྱི་གོ་སྒྲིག་པའི་འཐུས་ཚབ་ཁྱུང་ཁྲི་ལྡེ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། མཐར་ཚོགས་འདུ་གཉིས་ཟབ་རྒྱས་གནད་སྨིན་བྱུང་ནས་རྒྱལ་ཁའི་ངང་གྲོལ་བའི་གཏམ་བཟང་བཅས་མཉམ་པར་བསྒྲོན་ནས་མཇུག་གྲུབ་པའི་གནས་བསྡུས་སུ།
མེ་ལོང་ཡེ་ཤེས་གཙོ་སྒྲུབ་པས་ཕྱི་ལོ་༢༠༢༥ཟླ་༢ཚེས་༨ལ།
པར་པ་ཁྱུང་ཐོག་རྒོད།