ཞང་བོད་ལོ་སར་དུས་སྟོན།
རྩོམ་པ་པོ། གངས་སེང་།
རྒྱལ་ཟླ་བའི་ཚེས་གཅིག་ལ་ཞང་བོད་ལོ་སར་ཞེས་འབོད་དགོས་པའི་རྒྱུ་མཚན་ནི། བོད་བཙན་པོའི་སྐབས་སུ་བོད་ཀྱི་ལོ་སར་ནི། རྒྱལ་ཟླའི་ཚེས་གཅིག་ལ་བྱེད་སྲོལ་ཡོད་པར་མཁས་དབང་མང་པོས་གསུང་བཞིན་འདུག ལོ་རྒྱུས་ལ་གཞིགས་ནའང་དོན་ལ་གནས་པར་སྙམ་ཏེ། བཻ་ཌཱུར་དཀར་པོ་ལས། རྒྱུད་སྡེ་མཁའ་འགྲོ་རྒྱ་མཚོ་དང་ནག་རྩིས་པ་ཐོར་བུ་སོགས་ཁ་གཅིག་ལོ་འགོར་འཛིན། ཧོར་ཟླ་བཅུ་གཉིས་པ་ ཞེས་དང་། །མཁས་མཆོག་སྒ་སྟོན་གྱིས། རྒྱལ་ཉ་ར་བར་འདོད་པ་མདོ་ལས་སོགས་ཀྱིས་བཞད་དོ། ཞེས་དང་། བོན་པོའི་དཔེ་རྙིང་གླེང་གཞི་བསྟན་པའི་བྱུང་ཁུངས་ལས། དེ་ནས་བླ་ན་མེད་པའི་ས་ནོན་ནས་ཚེ་ལོ་བརྒྱ་པའི་སྟོན་པར་བྱོན་ཏེ། དགོངས་ཚད་རྣམ་པ་ལྔ་དང་ལྡན་ནས། ལོ་ཤིང་ཕོ་བྱི་བ། ཟླ་བ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ། སྐར་མ་རྒྱལ། དུས་ཚོད་ནམ་ལངས་པ་ལ་འཁྲུངས་པས། ལོ་གསར་དཔྱིད་ཟླ་ར་བ་རྒྱལ་གྱི་ཉ་ལ་བྱེད་པའི་གཏན་ཚིགས་ཀྱང་དེའོ། ཞེས་དང་། རྩ་རྒྱུད་ཉི་སྒྲོན་ལས། སྦྲུལ་ལོའི་ལོ་གསར་རྒྱལ་ཉའི་ནུབ་མོ་ལ། ཞེས་གསུངས་པས་ཤེས་སོ། ཞང་ཞུང་ལོ་སར་ཡང་འདི་ཡིན་པའི་རྒྱུ་མཚན་ནི། གཤེན་གྱི་རྩིས་གསར་རྣམ་དག་ལས། ཞང་ཞུང་པ་དང་རྒྱ་ནག་པའི་ལུགས་དང་། ནག་རྩིས་ཕལ་ཆེར་དང་། མདོ་གཟེར་མིག་སོགས་ཀྱི་ཟླ་འགོ་དཔྱིད་ར་སྟག་གི་ཟླ་བ་འཁྲུལ་མེད། ཧོར་ཟླ་བཅུ་གཉིས་པ། ཞེས་དང་། ཞང་ཞུང་དྲན་པ་ནམ་མཁས་མཛད་པའི་མཛོད་སྒྲ་འགྲེལ་ལས། དེ་བཞིན་དུ་དཔྱིད་ཟླ་ར་བ་གང་ཞེ་ན། སྙིང་པོ་སྟག་གིས་འཛིན་ནོ། སྐར་མ་རྒྱལ་ལ་ཚེས་སོ། ནམ་ཟླ་དཔྱིད་ར་བའོ། དེབཞིན་དུ་འབྲིང་པོ་ཡོས་བུ་རྟ་ཡིས་ཚེས། ཐ་ཆུང་འབྲུག་སྟེ་བྱ་ཡིས་ཚེས་སོ། ཞེས་གསུང་པའི་ཕྱིར། དེས་ན་ཞང་ཞུང་དང་བོད་གཉིས་རྒྱལ་ཁབ་ཁ་ཁ་ཡིན་པའི་སྐབས་སུ་ལོ་སར་ཐུན་མོང་དུ་རྒྱལ་ཟླའི་ཚེས་གཅིག་ལ་གཏོང་སྲོལ་ཡོད་པ་དང་། ཞང་བོད་རྒྱལ་ཁབ་གཅིག་གྱུར་གྱི་སྐབས་སུ་ཡང་དེ་བཞིན་ལོ་སར་རྒྱལ་ཟླའི་ཚེས་གཅིག་ལ་བྱས་པར་ཡུན་རིང་བར་དུ་དེ་མུས་གནས་སོ། དེར་བརྟེན་ལོ་རྒྱུས་ལ་གཞིགས་ན་ཞང་ཞུང་དང་བོད་ཐུན་མོང་གི་ལོ་སར་རྙིང་པ་དེ་ཡིན་པས་ན་ཞང་བོད་ལོ་སར་ཞེས་འབོད་ཆོག བོད་སིལ་བུར་སོང་རྗེས་ས་སྐྱ་པའི་སྐབས་སུ་ཧོར་སོག་པོའི་དབང་བསྒྱུར་ལ་བརྟེན་ནས་བོད་སྤྱི་པའང་གཞུང་གི་ལོ་སར་དེ་འགྱུར་ལྡོག་བྱུང་ཡོད། འོན་ཀྱང་གཞིས་ཀ་རྩེའི་ས་ཁུལ་གཙོས་པའི་བོད་ཁམས་ཕྱེད་ཙམ་གྱིས་ད་དུང་ཡང་ལོ་སར་ཟླ་བ་འདི་ལ་སྲུང་བརྩི་གནང་དང་གནང་མུས་སུ་ཡིན་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱིས་ལོ་སར་གྱི་དུས་སྟོན་འདི་ཧ་ཅང་གལ་ཆེན་པོར་སྲུང་བརྩི་བྱེད་བཞིན་ཡོད། དེ་ཡང་འབྲོག་པས་བེའུ་ལུག་ལོ་སར་དང་ཞིང་པས་སོ་ནམ་ལོ་སར་ཞེས་འབོད་ཀྱིན་འདུག དེའི་རྒྱུ་མཚན་ནི། ཟླ་བ་འདིའི་ནང་དུ་དཔྱིད་ཀའི་དྲོད་འགོ་བརྩམས་ནས་ཞིང་པ་རྣམས་ཀྱི་སོ་ནམ་གྱི་ལས་ཀ་དང་། འབྲོག་པ་རྣམས་ཀྱིས་ཕྱུག་བེའུ་ལུག་གི་སྐྱེ་བསུ་དབུ་འཛུགས་བྱེད་པས་རེད། ད་དུང་སྔར་བོད་བཙན་པོའི་ཡུལ་སྡེ་དང་ད་སྐབས་བལ་ཡུལ་གྱི་མངའ་ཁུལ་ལ་ཡོད་པའི་རྟ་མང་དང་། སྔར་ཞང་ཞུང་གི་སྡེ་ཡིན་ཡང་རྗེས་སུ་བལ་ཡུལ་དང་རྒྱ་གར་གྱི་མངའ་ཁོངས་སུ་ཚུད་པའི་གློ་དོལ་པོ་དང་ལ་དྭགས་གར་ཞྭ་སོགས་ཧི་མ་ལ་ཡའི་རི་རྒྱུད་ལ་གནས་པའི་ལུང་པ་ཕལ་ཆེ་བས་ལོ་སར་འདི་དུས་ཆེན་ཆེ་ཤོས་དེ་ངོས་འཛིན་བྱེད་ཀྱིན་ཡོད། བྱས་ཙང་། ལོ་སར་འདི་ཞང་བོད་རྙིང་པའི་དུས་ཆེན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པར་མ་ཟད། སྲོལ་རྒྱུན་རིག་གནས་བརྒྱུད་འཛིན་བྱེད་པ་ལའང་མེད་ན་མེད་ཐབས་མེད་པ་ཞིག་དེ་བས་ཀྱང་ཡིན། གངས་སེང་ནས་༦/༡/༢༠༡༩ ཉིན་བྲིས།