ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མི་ཡུལ་གྱི་ཚོར་སྣང་གསོན་པོ་ཞེས་པའི་སྙན་རྩོམ་དེབ་གསར་དུ་ཐོན་པ།

སྔོན་དུ་འགྲོ་བའི་གཏམ།  

མཁྱེན་སྤྱན་རབ་ཏུ་ཡངས་ཤིང་དམིགས་ཡུལ་དང་མདུན་ལམ་གཅིག་པའི་མཆེད་གྲོགས་དང།  ཕུགས་བསམ་དང་འཆར་གཞི་མཐུན་པའི་རྩོམ་རིག་ལ་དུང་བའི་སྙིང་ཉེ་བའི་ཀློག་པ་པོ་རྣམས་ནས་གསན་བཞེས་གནང་རྒྱུར།  འདས་ཟིན་པའི་ཀྱག་ཀྱོག་གི་ལོ་ཟླ་སྐྱུར་མོ་ཞིག་གི་ཁྲོད་དུ་ཕྱི་འགྱོད་ཀྱི་གྱེས་ཕྱག་ཕུལ་ནས།  ལས་ཀྱི་རླུང་བུ་ལྡང་ཕྱོགས་ཞིག་གིས་གློ་བུར་དུ་གཉིད་ལས་སད་པ་ལྟར་ས་མཐའི་མི་ཡུལ་གྱི་ཡུལ་གྲུ་གསར་པ་ཞིག་ཏུ་གོམ་པའི་འདེགས་འཇོག་བསྒྱུར་ཏེ། ཐེག་ཆེན་གཡུང་དྲུང་བོན་གྱི་མདོ་སྔགས་ཡོངས་རྫོགས་ཀྱི་མངའ་བདག ༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་ཟད་མི་ཤེས་པའི་གསང་གསུམ་ཉི་ཟླའི་བཀོད་པ་ལྷམ་མེ་ལྷན་ནེ་འཕྲོ་བའི་གསེར་ཞལ་སེར་པོ་ཐོག་མ་མཇལ་བའི་སྐལ་བཟང་ཚེས་པ་ནས་བཟུང་གུས་པའི་མི་ཚེའི་མདུན་ལམ་དོན་ལྡན་དུ་འགྱུར་འགོ་ཚུགས། ཕྱི་ལོ་ ༢༠༠༣ ལོ་ཟླ་བ་ ༡༠ པའི་ཚེས་ ༥ ནི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གླིང་དུ་དངོས་སུ་ཞུགས་པའི་སྐལ་བཟང་གི་དུས་ཚེས་ཁྱད་པར་ཅན་ཞིག་ཡིན། དུས་དེ་ནས་བཟུང་བཅུ་ཕྲག་རིག་པའི་པད་ཚལ་ལ་འཆད་རྩོད་རྩོམ་གསུམ་གྱི་འདབ་རྒྱ་བཞད་ཅིང་། ཐོས་བསམ་སྒོམ་གསུམ་གྱི་ཟེའུ་འབྲུ་ལ་མདོ་སྔགས་རྫོགས་གསུམ་གྱི་ཟིལ་མངར་འཐུལ་བའི་མ་ཡུམ་སློབ་གླིང་གི་རང་ཁྱིམ་དྲོད་མོ་ཞིག་གསར་དུ་རྙེད་དེ། མཁས་མང་སྟག་སེང་འགྱིང་བའི་མདུན་སར་རིགས་སྨྲ་ཁྱུ་གཅིག་གི་གྲལ་དུ་འཚང་།

གཅིག དེ་ཡི་ཚེ་དེ་ཡི་དུས་ནས་ ༢༠༡༩ བར་དུ་སློབ་གཉེར་གྱི་བར་གསེང་དུ་བྲིས་པའི་ཐོར་རྩོམ་རྣམས་ལ་སྐྱར་ལྟ་ཞིག་བྱས་དུས། རང་ཉིད་ལྟོ་སྐྱ་གོས་ཧྲུལ་གྱི་འཚོ་བའི་ཁྲོད་ནས་འཛིན་རིམ་ཐེག་པ་ཡར་འཛེག་གིས་སློབ་གཉེར་ལ་བཞུད་པའི་ཟིན་ཐོའམ།  དགའ་གདུང་ཁྲོ་ཆགས་ཀྱི་མྱོང་ཚོར་དང་འབྲེལ་བའི་གཏམ་རྒྱུད་རིང་མོ་བརྗེད་བྱང་དུ་བཀོད་པ་ཞིག་སྟེ། འདི་ལ་རང་གི་རྩ་ཆེའི་དུས་ཚོད་མང་པོ་བཏང་བ་དང་དཀའ་ཚེགས་ཀྱི་རྔུལ་ཆུ་དང་འདྲེས་ཡོད་ཕྱིར། རང་ལ་ལྟོས་ཏེ་གལ་ཆེའི་རིན་ཐང་ལྡན་པས་ན་བཏང་སྙོམས་སུ་གཡུག་མ་ནུས་པར་རྩོམ་དེབ་ཅིག་སྤེལ་བསམ་པ་ནི་ཐོག་མའི་ཀུན་སློང་ངོ།།

གཉིས། སྙན་ངག་གི་སྒྱུ་རྩལ་ནི།  ལུས་ཀྱི་ཤ་ལྤགས་རུས་གསུམ་དཀྱུས་གཅིག་ཏུ་ཡོམ་པ་ལྟ་བུའི་སྣང་ཚུལ་མཐའ་དག་ལྡེབས་ངོས་སུ་བྲིས་པའི་རི་མོ་བཞིན་ལྷམ་མེ་ལྷན་ནེ་ལྷང་ངེར་སྟོན་ཐུབ་པའི་སྒྱུ་རྩལ་ཆེས་དྭངས་མ་ཞིག་ཡིན་དགོས་ཀྱང་།  སྐྱེས་སྦྱོང་གི་ཤེས་རབ་ཕྲ་བའི་བདག་ལྟ་བུས་བྲིས་པའི་རྩོམ་ལ་སྒྱུ་རྩལ་གྱི་རིན་ཐང་དེ་འདྲ་ལྡན་དཀའ་བས། རྩོམ་རིག་ལ་དུང་ཞེན་གྱིས་བསླངས་པའི་ཡུལ་ལྗོངས་རབ་རིབ་འདིའི་ཁྲོད་དུ་ང་ཚོས་རང་རང་ས་ནས་ན་ཟུག་གི་ཚོར་སྣང་མང་པོ་སེམས་གཏམ་དུ་བྲིས་ཆོག་པ་ཞིག་སྟེ། འདི་ལྟར་རྩོམ་ཡིག་འབྲི་བ་ནི་གཡོ་ཟོལ་གྱི་སྤྲེལ་ལད་དང་སྨྱོན་པའི་ཆིག་ལབ།  བཅོས་འཛུམ་དང་འུད་བསྟོད་ཙམ་མ་ཡིན་པར། ས་མཐའ་ཡུལ་གྱར་བ་ཞིག་གི་རྒྱུན་ལྡན་གྱི་མཐོང་སྣང་ལས་བརྒལ་པའི་དད་པས་སེམས་ཁམས་གཡོ་ཞིང་ཡིད་ཆེས་ཁོང་ནས་ཤར་བའི་གདུང་འབོད་ཞིག་གམ། མ་བཅོས་སེམས་ཀྱི་ཚོར་འདུ་གླེང་བ་དང་། བསམ་བརྗོད་རང་དབང་གི་ཐོབ་ཐང་བེད་སྤྱོད་བཏང་བ་ཞིག་ཡིན་ཞེས་བརྗོད་ཆོག

གསུམ། འདིར་འཁོད་རྩོམ་རིགས་རྣམས་གཟིགས་བདེའི་ཆེད་དུ།  བསྟོད་ཚོགས་དུང་གི་ལྷུན་པོ་དང་།  དྲན་གདུང་སེམས་ཀྱི་རྨ་ཁ།  ཀ་རྩོམ་སེམས་ཀྱི་གླིང་བུ།  དགོན་འདབས་ནས་བཞུར་བའི་ཚོར་སྣང་གསོན་པོ་བཅས་སྡེ་ཚན་བཞི་རུ་ཕྱེས་ནས་<<མི་ཡུལ་གྱི་ཚོར་སྣང་གསོན་པོ་>>ཞེས་པའི་སྙན་རྩོམ་དེབ་ཆུང་འདི་ཉིད་བསྒྲིགས་ཏེ་སྐལ་བཟང་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་ཐོབ་པའི་དུས་སྟོན་དང་བསྟུན་ནས་འགྲེམ་སྤེལ་ཞུ་ཐུབ་པར་བྱུང་བར་དགའ་སྤྲོ་སྙིང་ནས་བརྟས། དགེ་དེས་༸གསང་གསུམ་བོན་གྱི་མཛོད་འཛིན་དྲིན་ཆེན་རྩ་བའི་བླ་མ་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་སྐུ་ཚེ་འགྱུར་མེད་བརྟན་ཞིང་བཀའ་དྲིན་གཟིགས་པ་རྗེས་སུ་དྲན་པ་དང་། ཤེས་རབ་ཀྱི་འཚོ་བ་སྦྱིན་པའི་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་མཚོན་ཕྱིར་ངག་རིག་སྒྱུ་རྩལ་ལས་བསྐྲུན་པའི་མཆོད་ཚོགས་ཞིག་གི་དོད་དུ་ཕུལ་བ་ལགས་པས་དེ་དོན་འགྲུབ་པའི་རེ་སྨོན་ཡང་ཡང་ཞུ་བ་དང་། ལས་དོན་འདི་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་ཕྲན་ལ་སེམས་ཁུར་གནང་མཁན་གྱི་བརྩེ་བའི་ཉེ་སྲིང་རྣམ་པ་དང་། མཆེད་གྲོགས་རྣམ་པ། ལྷག་པར་དུ་དེབ་དཔར་སྐྲུན་གྱི་སྦྱིན་བདག་ཆ་ཚང་གནང་མཁན་རྒྱ་ཞིག་སྤྲུལ་སྐུ་བསོད་ནམས་ཉི་མ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་ལེགས་གསོལ་ཞུ་རྒྱུ་དང་། དེ་བཞིན་བཀའ་རམས་པ་ཚུལ་ཁྲིམས་རྒྱལ་མཚན་ལགས་ནས་ནེ་སྒོར་༥༠༠༠མཐུན་སྦྱོར་ཞལ་འདེབས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། དེབ་འདིའི་ཞུ་སྒྲིག་པ་བཀའ་རམས་པ་ཤེས་རབ་མཆོག་རྒྱལ་དང་། སློབ་གྲོགས་སྐྱ་ཀ་ཁྲ་མོ། མཐའ་མའི་ཞུ་དག་པ་མཆེད་གྲོགས་ཏི་སེའི་བུ་བཅས་བགྱི་བ་འདི་ལ་ཡི་རངས་གནང་མཁན་ཡན་ཆད་སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ཚེ་རབས་ནས་ཚེ་རབས་བར་བྱ་བ་ལམ་ལྷོང་ཡོང་ཞིང་། ཁ་བ་གངས་ཅན་པའི་རྩོམ་རིག་སྒྱུ་རྩལ་གྱི་ལང་ཚོ་ཡུན་ནས་ཡུན་དུ་རྒྱས་པའི་སྨོན་འདུན་དང་བཅས་ལི་བློ་གསལ་གྱིས་ ༢༠༡༩  ༡  ༢༤ ཉིན་བྲིས།།  །།

(སྤྱིའི་གཟིགས་གྲངས། 742 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཧོར་ཟླ་ ༡ …
error: རྩོམ་འདི་བདག་དབང་ཅན་ཡིན།