ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

འོད་ཟེར་འཇའ་ལམ།

རྩོམ་པ་པོ། དགེ་མེ་ལོང་།

དམར་སེར་མཚམས་སྤྲིན་གྱིས་འཁྱུད་པའི། །

ལྷ་གཅིག་ཉི་མ་གཞོན་ནུའི་སྐུས། །

གླིང་བཞིའི་མུན་པ་སེལ་བཞིན་དུ། །

ཟླ་བའི་འགྲོས་དང་བསྡེབས་ནས་ཕེབས། །

སྣང་བ་དམ་ལ་མ་བཏགས་ན། །

སྤྱོད་པ་ལང་ལ་ཤོར་ཉེན་པས། །

སྙིང་རྗེའི་གཟུགས་ཀྱི་ཞལ་སྒོ་ནས། །

གཤེན་རབ་བོན་དབྱངས་ལྷུག་ལྷུག་བརྡོལ། །

དེ་ལྟར་ཐར་པའི་ལམ་སྟེགས་སུ། །

སྐྱེ་མེད་ཨ་ཡི་ཁྲིད་བཏབ་ཅིང་། །

དྲན་འཛིན་ཤེས་པ་སྒྲར་བཅུག་ནས། །

སྒོ་གསུམ་འཇུག་སྒོ་བོན་ལ་བསྲེས། །

ལྟ་བའི་ནམ་མཁའ་རྒྱ་ཆེ་ཞིང་། །

སྤྱོད་པའི་ས་གཞི་ཁོད་སྙོམས་པས། །

སྙིང་རྗེའི་ཆུ་ཆེན་གར་འབྲུབ་ཀྱང་། །

ཐབས་མཆོག་ནོར་ལ་སྤྱོད་པ་བདེ། །

སྣང་བ་ཟ་ཟི་བན་བུན་ལ། །

ལྷ་མཐོང་འདྲེ་མཐོང་མོད་ན་ཡང་། །

སེམས་ཀྱི་ནམ་མཁའི་ཁ་ཞབས་ལ། །

གང་ཤར་ཆུ་ཟླ་མིན་ནམ་ཅི། །

ཏིང་འཛིན་ཞགས་པའི་ཐག་སྣེ་ལ། །

ལོངས་སྤྱོད་གཟུགས་སུ་མ་བཏགས་ན། །

སེམས་ཀྱི་དེ་ཉིད་ལྷ་ཞལ་ཡང་།  །

ང་དང་རྒྱུན་དུ་འགྲོགས་འདུག་སྐད། །

དེ་ལྟའི་གདམས་པའི་གླུ་དབྱངས་ཀྱིས། །

ཉིན་གསུམ་བོན་སློབ་བརྒྱ་ཕྲག་འགའ། །

འཁོར་བའི་གཡང་ལུགས་ཕུད་དང་ལྷན། །

དག་པའི་ཞིང་ཁམས་ལན་གཅིག་ཉུལ། །

ངས་ཀྱང་རིག་འཛིན་མདུན་གྲལ་ནས། །

ཐོས་པ་དགའ་བའི་དཔྱིད་དུ་བྱས། །

དགེ་ལེགས་ཕན་བདེའི་དྲོད་ཅིག་གིས། །

འཚོ་བའི་ཁ་དོག་འོད་ལ་བསྒྱུར།

ཞང་རྒྱལ་མཚན་གྱི་ཅོད་པན་འོག །

སློབ་ཚོགས་དགྱེས་པའི་དགའ་སྟོན་དུ། །

སྣ་ཚོགས་མཆོད་སྤྲིན་རོལ་མོ་ཡིས། །

སྟོན་མཆོག་འཁོར་བཅས་ལྷ་རུ་བཀུར། །

འོན་ཀྱང་ཏི་སེའི་འོད་ཟེར་གྱིས། །

ཕུང་པོའི་ཕྱི་ནང་བསྡམས་པ་དང་། །

རྒྱང་རིང་མིག་ཀོང་མཉོམ་རྣམས་ཀྱིས། །

ལག་པ་ཀེར་ནས་ཕྱི་ལ་འབོད། །

ད་ནང་ཞོགས་པའི་ཉི་མ་དང་། །

ལྷན་དུ་འགྲོགས་ནས་སྒོར་ཐོན་དུས། །

དད་པའི་རྩ་མདུད་མ་ཞིག་པའི། །

སློབ་ཚོགས་རྣམས་ཀྱང་ངུ་ཞིང་འཚེར། །

འགྲོ་བའི་ཁུར་པོ་ལྕི་ཡང་རུང་། །

ལས་ཀྱི་ཐག་པ་སྲ་བས་ན། །

སྙིང་རྗེའི་འཇའ་རིས་སྣ་ལྔ་ཡིས། །

ཡུན་དུ་འཁྱུད་པའི་སྨོན་པ་བཅས། །

        ཏོ་རའ་ཡོན་(Torreon)ཞེས་པའི་གྲོང་བརྡལ་གྱི་འཁྲིས་སུ་གནས་བཅས་པའི་ལིག་མིན་རྐྱ་བོན་ཚོགས་བྱམས་མ་གླིང་དུ་མཁན་རིན་པོ་ཆེ་མཆོག་གིས་བོན་འཆད་བཀའ་དྲིན་སྐྱོང་བའི་ཐུན་མཚམས་སུ་མེ་ལོང་ཞེས་སུ་འབོད་པ་དེས་གསར་གནས་ཤིག་གི་དོད་དུ་བྲིས་ཏེ་ཕྱི་ལོའི་ ༢༠༡༤ ཟླ་ ༡༡ ཚེས་ ༠༢ ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 158 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།