ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རིག་པའི་དཔའ་བོ་རྣམས་ལ་ཕུལ་བའི་བསྟོད་ཚིག་རྫོགས་ལྡན་གསར་པའི་དགའ་སྟོན།

ཡོངས་འཛིན་སྨྲ་བའི་དབང་པོའི་མཁྱེན་བརྩེའི་ཀློང་ནས།།

མདོ་སྔགས་བསྟན་པའི་ཉི་མ་ཕྱོགས་མེད་བཞད་དེ།།

མཆོག་ཐུན་དངོས་གྲུབ་ནོད་བའི་ཐུགས་སྲས་བརྒྱ་ཕྲག 

རབ་འབྱམས་དགེ་བཤེས་མཚན་གྱི་ཅོད་པན་བཞེས་སོང་།།

 

མདོ་སྔགས་རིག་གནས་རྒྱ་མཚོའི་སློབ་མཐར་ཕྱིན་ཚེ།།

མཁན་སློབ་ཉི་ཟླ་གཉིས་ཀྱི་ཕྱག་ཟུང་དྲོད་མོས།།

བཀའ་རྟགས་ཕྱག་ཐམ་ཅན་གྱི་ཕྱག་ཁྱེར་གནང་སྟེ།།

བསྟན་དང་འགྲོ་བའི་དོན་དུ་ཁྲི་འདོན་བྱས་སོང་།།

 

སྨྲ་སེང་མི་ཡི་དབང་པོའི་གདམས་ངག་ཟབ་མོ།།

རྣམ་དཔྱོད་ཤེས་རབ་རིག་པས་ལོ་མང་འཐུངས་པའི།།

ལུང་རིག་ན་ཚོད་སྨིན་པའི་བོན་དབྱངས་སྙན་མོར།།

མི་འདྲ་བྱིན་རླབས་ཚན་ཁ་གཞན་ལས་འཕགས་ཡོད།།

 

ཟླུམ་གཟུགས་འཇིག་རྟེན་ཡངས་པའི་གོ་ལའི་ཁྱོན་འདིར། 

རིག་སྨྲ་ཚར་དུ་དངར་བའི་རི་བདུན་དབུས་ན།། 

དཔལ་གྱིས་མངོན་པར་མཐོ་བའི་རི་རྒྱལ་ཇི་བཞིན།།

གཟེངས་སུ་བསྟོད་པའི་དགེ་མཚན་འབུར་དུ་དོད་ཡོད།།

 

སྐབས་གསུམ་མི་ཡུལ་འཕོས་འདྲའི་གདན་ས་དེ་ན།།

སྒོ་བཞི་མཛོད་ལྔའི་གླེགས་བམ་གསེར་ཞལ་ཕྱེས་ནས།།

འཆད་རྩོད་རྩོམ་པའི་ཉི་ཟེར་ཕྱོགས་བརྒྱར་འཕྲོས་ཏེ།།

ལྔ་རིག་འགའ་ཚལ་སྣུམ་པོ་ལྷུག་པར་བཞད་སོང།།

 

བཅུ་ཕྲག་རིག་པ་སྨྲ་བའི་དགེ་བཤེས་ཁྱེད་ཚོ།།

མཁས་བཙུན་བཟང་གསུམ་འཛོམས་པའི་འདུལ་འཛིན་ངོ་མ།།

བསྙེན་རྫོགས་སྡོམ་པ་འབོགས་མཁན་གྲྭ་སའི་མཁན་པོ།།

བཤད་སྒྲུབ་བསྟན་པ་སྐྱོང་བའི་ཡོངས་འཛིན་དཔོན་གསས།།

 

གསོན་པོ་ལམ་སྟོན་གནང་བའི་ཐར་པའི་དེད་དཔོན།།

ཕྱི་མའི་རྣམ་ཤེས་འདྲེན་པའི་འཕོ་འདེབས་བླ་མ།།

འདི་ཕྱི་གཉིས་ཀྱི་སྐྱབས་གནས་མཆོག་གསུམ་ཀུན་འདུས།།

སྙིགས་མའི་འགྲོ་བ་འདྲེན་པའི་དུས་ཀྱི་སྒྲོན་མེ།།

 

དགག་སྒྲུབ་ཚུལ་ལ་མཁས་པའི་རིག་པའི་དཔའ་བོ།།

རྨོངས་པའི་རིགས་ནད་སེལ་བའི་འཚོ་བྱེད་གཞོན་ནུ།།

གསང་ཆེན་བསྟན་པ་འཛིན་པའི་རིག་འཛིན་རྣམ་བཞི།།

ཡེ་གྲོལ་རྫོགས་པ་ཆེན་པོའི་གཤེན་གྱི་རྣལ་འབྱོར།།

 

འཆད་ན་བཀའ་ལུང་ཟབ་མོའི་མདུད་པ་བཀྲལ་མཁས།།

རྩོད་ན་ཕས་རྒོལ་འཇོམས་པའི་ཐོག་རྒོད་དམར་ནག།

རྩོམ་པ་ལས་ཀྱི་འཁོར་ལོའི་གླེགས་བམ་མཐུག་པོ།།

ལྔ་རིག་དགའ་ཚལ་མཛེས་པའི་དཔལ་དུ་གཏམས་སོང་།།

 

སངས་རྒྱས་བསྟན་པའི་གསལ་བྱེད་བཀའ་འགྲེལ་མོད་ས།།

མདོ་སྔགས་དཀའ་གནད་བཀྲལ་བའི་དཔྱད་དེབ་སྟུག་ས།།

སྙན་འཇེབས་འོ་མའི་རྒྱ་མཚོ་རྣ་བར་འཁྱིལ་པའི།།

སྒྱུ་རྩལ་ཚིག་གིས་ཕྱུག་པའི་སྙན་དེབ་འབེལ་ས།།

 

སང་ཉིན་གང་བྱུང་མི་མཁྱེན་ཕྱི་མ་མཁྱེན་པའི།།

གྲུབ་རྫུན་གཏེར་རྫུན་མང་པོས་ལ་ལུང་གང་ཚེ།།

སྡོམ་གསུམ་ངུར་སྨྲིག་འཛིན་པའི་གཤེན་གྱི་འདུས་སྡེ།།

རབ་འབྱམས་བཤེས་གཉེན་བརྒྱ་ཕྲག་བསྟན་པའི་རྒྱན་རེད།།

 

 གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རབ་འབྱམས་དགེ་བའི་གཤེས་གཉེན་བརྒྱ་ཕྲག་གཅིག་ལས་བརྒལ་བའི་དུས་ཁྱད་པར་ཅན་དང་བསྟུན་ནས་གདན་ས་༧ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་སྒྲུབ་གླིང་དུ་བཞུགས་པའི་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་དགེ་བཤེས་དང་སྒྲུབ་ཐོན་པ་རྣམས་སྤྲོ་གསེང་ལ་ཕེབས་སྐབས་སྤྲོ་སེམས་འཁོལ་བའི་ངང་ནས་ལི་བློ་གསལ་གྱིས་ཕྱི་ལོ་༢༠༢༣།༠༣།༠༢་ཉིན་བྲིས།

རྩོམ་པ་པོ། ལི་བློ་གསལ།

(སྤྱིའི་གཟིགས་གྲངས། 451 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཚོགས་ཟུང་ར…
error: རྩོམ་འདི་བདག་དབང་ཅན་ཡིན།