ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྒྱལ་ཆེན་བཞི་ཡི་ཆ་ལུགས་ཀྱི་སྐོར།

མཛད་པ་པོ་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ།

རྩོམ་འདིའི་ནང་གཡུང་དྲུང་བོན་ལུགས་སུ་གཙུག་ལག་ཁང་གི་སྒོ་སྲུང་རྒྱལ་ཆེན་དང་རྟེན་གསུམ་བཞེངས་བཀོད་ཇི་ལྟར་བྱེད་ཚུལ་བཀའ་ལུང་ཁུངས་ཕེར་གྱི་བླང་དོར་ལམ་སྟོན་གནད་སྨིན་མཛད་ཡོད།

བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས།

གཞུང་ལུགས་གང་གི་རྣམ་བཞག་གསལ་རྟོགས་ཤིང་། །ཐོ་ཆོ་མེད་པའི་ཤེས་རབ་ཡང་དག་གིས། །

དཔྱད་ཅིང་སྤྱད་ན་བསོད་ནམས་ཆེས་ཐོབ་ཅིང་། །བསྒྲུབས་འབྲས་བསླུ་མེད་འབྱུང་བ་དངོས་པོའི་གཤིས། །

སྐབས་འདིར་མཁྱེན་པར་དགོས་པའི་དུས་བསྟུན་ཏེ། །རང་ལུགས་རྒྱལ་ཆེན་བཞི་ཡི་ཆ་ལུགས་རྣམས། །

རྒྱུད་ལུང་ཁུངས་ནས་བྱུང་བ་ཟུར་ཕྱུངས་ཏེ། །ཉུང་ངུའི་ཚིག་བཅད་འབྲི་བའི་ངལ་བ་བྱས། །

གཟི་བརྗིད་ཨ་དཀར་ཐེག་པ་ལས། ཐོག་མར་བསྲུང་བ་མཚམས་ལས་སུ། །ཕྱི་ནང་གསང་བ་གསུམ་དུ་ཤེས། །ཐོག་མར་ཕྱི་ཡི་མཚམས་ལས་སུ། །གསས་མཁར་གསང་བ་སྒོ་དགུ་ལས། །ཕྱི་མཚམས་གཉན་པོ་བསྲུང་བའི་ཕྱིར། །སྔོན་གྱི་རྒྱལ་བའི་བཀའ་ཉན་ཅིང་། །གཤེན་རབ་བཀའ་ཡི་ཕོ་ཉ་ནི། །ཐེར་ཟུག་དབལ་གྱི་རྒྱལ་པོ་བཞི། །ཕྱོགས་བཞི་ཁྲིམས་སྐོས་མངའ་དབང་མཛད། །དབང་ཆེན་རྒྱལ་པོ་སྡེ་བཞི་ལ། །རྒྱལ་ས་གོང་འོག་བར་དང་གསུམ། །བར་ནི་གཉའ་ཤིང་འཛིན་ན་ཡོད། །ཐ་མ་མུ་ཁྱུད་འཛིན་ན་ཡོད། །མུ་ཁྱུད་འཛིན་གྱི་ཕྱོགས་བཞི་ན། །རྒྱལ་ཆེན་རྒྱལ་ས་ཐ་མ་བཞི། །རི་རབ་ལྷུན་པོའི་ཤར་ཕྱོགས་ན། །མུ་ཁྱུད་འཛིན་གྱི་རྩེ་མོ་ན། །ཕོ་བྲང་ཆེན་པོ་དུང་ལོ་ལྗང་། །རྒྱལ་པོ་ཆེན་པོ་དུང་ལྡན་སྐྱོང་། །བཙུན་མོ་མེ་ཏོག་ཙམ་བྷ་མ། །མཁའ་ལྡིང་ཁྲི་ཁྲག་བཅོ་བརྒྱད་སྐྱོང་། །ལུས་འཕགས་པོ་ཡི་སྐྱེ་བྱེད་འཛིན། །རི་རབ་ལྷུན་པོའི་བྱང་ཕྱོགས་ན། །མུ་ཁྱུད་འཛིན་གྱི་རྩེ་མོ་ན། །ཕོ་བྲང་ཆེན་པོ་གསེར་འོད་ལྗོན། །རྒྱལ་པོ་ཆེན་པོ་གསེར་ལྡན་སྐྱོང་། །བཙུན་མོ་ནེ་ར་ཧ་ལོ་མ། །དྲུལ་བུམ་ཁྲི་ཚོ་བཅོ་བརྒྱད་སྐྱོང་། །སྒྲ་མི་སྙན་གྱི་ཚེ་དཔལ་བསྐྱེད། །རི་རབ་ལྷུན་པོའི་ནུབ་ཕྱོགས་ན། །ཕོ་བྲང་ཆེན་པོ་ཟངས་འོད་ལྗོན། །རྒྱལ་པོ་ཆེན་པོ་དབང་ལྡན་སྐྱོང་། །བཙུན་མོ་བྷུད་དྷ་བྷ་རི་མ། །ལྟོ་འཕྱེ་ཁྲི་ཚོ་བཅོ་བརྒྱད་སྐྱོང་། །བ་ལང་སྤྱོད་ཀྱི་དམུ་ཡད་འཛིན། །རི་རབ་ལྷུན་པོའི་ལྷོ་ཕྱོགས་ན། །ཕོ་བྲང་ཆེན་པོ་གཡུ་ལོ་ལྗོན། །རྒྱལ་པོ་ཆེན་པོ་དཔལ་ལྡན་སྐྱོང་། །བཙུན་མོ་ཨུད་དཔལ་ཟུར་ཕུད་ཅན། །རོ་ལངས་ཁྲི་ཚོ་བཅོ་བརྒྱད་སྐྱོང་། །འཛམ་བུ་གླིང་གི་བཅུད་མདངས་བསྐྱེད། །རྒྱལ་ཆེན་རྒྱལ་ས་ཐ་མ་ཡིན། །རྒྱལ་ཆེན་རྒྱལ་ས་བར་མ་ནི། །རི་རབ་ལྷུན་པོའི་ཤར་ཕྱོགས་ཀྱི། །གཉའ་ཤིང་འཛིན་གྱི་རྩེ་མོ་ན། །ཕོ་བྲང་ཆེན་པོ་མེ་ཏོག་སྤུངས། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །དྲི་ཟའི་རྒྱལ་མོ་འཁོར་སྐྱོང་མ། །དྲི་ཟའི་གྲོང་ཁྱེར་འབུམ་ཕྲག་སྐྱོང་། །ཞི་བ་ལས་ཀྱི་བསྟན་པ་བསྲུང་། །རི་རབ་ལྷུན་པོའི་བྱང་ཕྱོགས་ན། །གཉའ་ཤིང་འཛིན་གྱི་རྩེ་མོ་ན། །ཕོ་བྲང་ཆེན་པོ་ལྕང་ལོ་ཅན། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །གནོད་སྦྱིན་རྒྱལ་མོ་ནོར་སྐྱོང་མ། །གནོད་སྦྱིན་གྲོང་ཁྱེར་འབུམ་ཕྲག་སྐྱོང་། །རྒྱས་པ་ལས་ཀྱི་བསྟན་པ་སྲུང་། །རི་རབ་ལྷུན་པོའི་ནུབ་ཕྱོགས་ན། །གཉའ་ཤིང་འཛིན་གྱི་རྩེ་མོ་ན། །ཕོ་བྲང་ཆེན་པོ་རྒྱ་མཚོ་གླིང་། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །ཀླུ་དབང་རྒྱལ་མོ་བསྟན་སྐྱོང་མ། །ཀླུ་དབང་གྲོང་ཁྱེར་འབུམ་ཕྲག་སྐྱོང་། །དབང་ཕྱུག་ལས་ཀྱི་བསྟན་པ་སྲུང་། །རི་རབ་ལྷུན་པོའི་ལྷོ་ཕྱོགས་ན། །གཉའ་ཤིང་འཛིན་གྱི་རྩེ་མོ་ན། །ཕོ་བྲང་ཆེན་པོ་བོན་འཁོར་གླིང་། །རྒྱལ་པོ་ཆེན་པོ་བོན་གྱི་འཕགས། །གཤིན་རྗེའི་རྒྱལ་མོ་དམག་སྐྱོང་མ། །གཤིན་རྗེའི་གྲོང་ཁྱེར་འབུམ་ཕྲག་སྐྱོང་། །མངོན་སྤྱོད་ལས་ཀྱི་བསྟན་པ་སྲུང་། །རྒྱལ་ཆེན་རྒྱལ་ས་བར་མ་ཡིན། །རྒྱལ་ཆེན་རྒྱལ་ས་གོང་མ་ནི། །ཡོངས་འདུས་ཤིང་གི་ཤར་ཕྱོགས་ན། །རི་རབ་ཁ་ཁྱེར་དང་པོ་ལ། །ཕོ་བྲང་ཆེན་པོ་གཡུང་དྲུང་གླིང་། །རྒྱལ་པོ་ཆེན་པོ་ཤེལ་དཀར་འོད། །དཀར་མོ་གཟི་ལྡན་དུང་སྐྱོང་མ། །ཡབ་ཡུམ་སྤྲུལ་པའི་བཀའ་འཁོར་ནི། །དྲི་ཟའི་སྐྱེས་ཕྲན་འབུམ་གྱིས་བསྐོར། །དྲི་ཟའི་གྲོང་ཁྱེར་ཁ་གནོན་མཛད། །རྒྱལ་པོ་གིང་ཆེན་ཕོ་ཉ་འགྱེད། །ཤར་ཕྱོགས་སྲིད་པ་སྐོས་ལ་འདེབས། །ལྷ་སྲིན་སྡེ་བརྒྱད་ཁྲིམས་ལ་གནོན། །ཁྲིམས་ཀྱི་མངའ་འོག་འདའ་མི་སྲིད། །ཡོངས་འདུས་ཤིང་གི་བྱང་ཕྱོགས་ཀྱི། །རི་རབ་ཁ་ཁྱེར་དང་པོ་ལ། །ཕོ་བྲང་ཆེན་པོ་རིན་ཆེན་གླིང་། །རྒྱལ་པོ་ཆེན་པོ་ནམ་མཁའ་སྣང་། །དམར་མོ་བཀྲག་ལྡན་ནོར་རྒྱུན་མ། །ཡབ་ཡུམ་སྤྲུལ་པའི་བཀའ་འཁོར་ནི། །གནོད་སྦྱིན་སྐྱེས་ཕྲན་འབུམ་གྱིས་བསྐོར། །གནོད་སྦྱིན་གྲོང་ཁྱེར་ཁ་གནོན་མཛད། །བཙན་དང་མ་མོ་ཕོ་ཉར་འགྱེད། །བྱང་ཕྱོགས་སྲིད་པ་སྐོས་ལ་འདེབས། །ལྷ་སྲིན་སྡེ་བརྒྱད་ཁྲིམས་ལ་གནོན། །ཁྲིམས་ཀྱི་མངའ་འོག་འདའ་མི་སྲིད། །ཡོངས་འདུས་ཤིང་གི་ནུབ་ཕྱོགས་ཀྱི། །རི་རབ་ཁ་ཁྱེར་དང་པོ་ལ། །ཕོ་བྲང་ཆེན་པོ་པདྨ་གླིང་། །རྒྱལ་པོ་ཆེན་པོ་འོད་དཀར་འཛིན། །སྔོན་མོ་གཟི་ལྡན་མདངས་ལེན་མ། །ཡབ་ཡུམ་སྤྲུལ་པའི་བཀའ་འཁོར་ནི། །ཀླུ་དབང་སྐྱེས་ཕྲན་འབུམ་གྱིས་བསྐོར། །ཀླུ་དབང་གྲོང་ཁྱེར་ཁ་གནོན་མཛད། །བདུད་དང་མ་མོ་ཕོ་ཉར་འགྱེེད། །ནུབ་ཕྱོགས་སྲིད་པ་སྐོས་ལ་འདེབས། །ལྷ་སྲིན་སྡེ་བརྒྱད་ཁྲིམས་ལ་གནོན། །ཁྲིམས་ཀྱི་མངའ་འོག་འདའ་མི་སྲིད། །ཡོངས་འདུས་ཤིང་གི་ལྷོ་ཕྱོགས་ཀྱི། །རི་རབ་ཁ་ཁྱེར་དང་པོ་ལ། །ཕོ་བྲང་ཆེན་པོ་འཛའ་རན་དྷ། །རྒྱལ་པོ་ཆེན་པོ་འཛིན་གྱི་བདག །མཐིང་ནག་བརྗིད་ལྡན་བདུད་འདུལ་མ། །ཡབ་ཡུམ་སྤྲུལ་པའི་བཀའ་འཁོར་ནི། །གཤིན་རྗེའི་སྐྱེས་ཕྲན་འབུམ་གྱིས་བསྐོར། །གཤིན་རྗེ་གྲོང་ཁྱེར་ཁ་གནོན་མཛོད། །ཆུད་དང་མ་མོ་ཕོ་ཉ་འགྱེད། །ལྷོ་ཕྱོགས་སྲིད་པ་སྐོས་ལ་འདེབས། །ལྷ་སྲིན་སྡེ་བརྒྱད་ཁྲིམས་ལ་གནོན། །ཁྲིམས་ཀྱི་མངའ་འོག་འདའ་མི་སྲིད། །རྒྱལ་ཆེན་རྒྱལ་ས་གོང་མ་ཡིན། །དབང་བསྒྱུར་རྒྱལ་པོ་ཆེན་པོ་བཞི། །གཙོ་འཁོར་སྤྲུལ་པ་བསམ་མི་ཁྱབ། །འགྲོ་ན་སྟོང་གསུམ་གོམ་པ་གཅིག །བཏེག་ན་ཚངས་རྒྱུང་ཕྱག་གི་མཐིལ། །བཞད་ན་ཉི་ཟླ་ཐང་ལ་ལྷག། །ཞི་བར་གནས་ན་སྣང་སྲིད་བདེ། །རྒྱས་པར་མཛད་ན་ཚེ་ནོར་འཕེལ། །དབང་དུ་བསྒྱུར་ན་སྟོང་ཁམས་སྡུད། །དྲག་པོར་སྤྲུལ་ན་དབུ་བརྙན་འབྱིན། །གདན་ལ་བཞུགས་ན་སྲིད་གསུམ་གནོན། །གདན་ལས་བསྐྱོད་ན་ཁམས་གསུམ་གཡོ། །པུ་ཐོ་དམར་པོ་རྟེན་དུ་གཟུག །གསེར་སྐྱེམས་གཡུ་མངོན་ཕུད་ཀྱིས་མཆོད། །སྔོན་གྱི་སྟོན་པའི་བཀའ་ཉན་བདག །དམ་ལས་མི་འདའ་ལས་དབང་བསྒྱུར། །ཕྱི་ཡི་མཚམས་སུ་ཤེས་པའོ། །ལྷོ་ཕྱོགས་རྒྱལ་པོ་བོན་གྱི་འ༷ཕགས། ནུབཕྱོགས་རྒྱལ་པོ་སྤྱན་མི་བཟང་།ཞེས་རྒྱལ་ཆེན་སྒོ་སྲུང་དུ་བཀོད་པའི་རྒྱུ་མཚན་དང་དགོས་པ་ཕན་ཡོན་བཅས་རྒྱ་ཆེར་གསུངས་པ་དང་བསྟུན་ནས་འདུས་སྡེའི་གཙུག་ལག་ཁང་སོགས་ཀྱི་སྒོ་ཁྱམས་སུ་བཞེངས་པའི་སྲོལ་ནི་ཁུངས་ལྡན་ཞིག་ཏུ་མངོན། འོན་ཀྱང་རྒྱལ་ཆེན་རྣམས་ཀྱི་སྐུ་མདོག་ཕྱག་མཚན་དམུས་ལོང་གིས་ཤིག་ཟིན་པ་བཞིན་གཅིག་རྗེས་གཉིས་མཐུད་བྱེད་པ་ནི་བླུན་རྟགས་ཆེན་པོ་ཞིག་སྟེ། རྒྱུད་སྡེ་སོ་སོའི་ཁུངས་ནས་ གསལ་བར་ཐོན་བཞིན་ཆ་འཇོག་མི་བྱེད་པར་ཐིག་དཔེ་ཚགས་པར་གཅིག་ལ་གཞི་བཅོལ་བའི་རིགས་ནི་ལུང་འགལ་ཆེན་པོ་ཞིག་ཡིན་པར་མཐོང་། དེས་ན་གཞུང་གང་ལ་བསྟུན་ན་དེ་ཡི་ནང་བཞིན་བྱེད་དགོས་རྒྱུ་ཡིན་པས། སྐབས་འདིར་གཞུང་ཆེན་ཁག་ནས་གསལ་བ་ཟུར་དུ་བཀོད་པའི་ངལ་བ་བྱས་པ་ནི། བོན་བསྟན་གྱི་གསལ་བྱེད་གཞུང་ལ་བལྟ་སྟངས་ཀྱི་ལྡེ་མིག་ཅིག་སྦྱིན་པར་བྱའོ། །

༡༽ཀུན་བཟང་རྒྱལ་བ་རྒྱ་མཚོའི་ཆོ་ག་ལྟར།

ཤར་ཕྱོགས་འཇིག་རྟེན་སྐྱོང་བ་ནི། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང། །དཀར་འབར་རིན་ཆེན་པི་ཝང་ཅན། །བྱང་ཕྱོགས་འཇིག་རྟེན་སྐྱོང་བ་ནི། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སེར་འབར་ནེའུ་ལེའི་རྐྱལ་པ་ཅན། །ནུབ་ཕྱོགས་འཇིག་རྟེན་སྐྱོང་བ་ནི། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །དམར་འབར་སྦྲུལ་ནག་ཞགས་པ་ཅན། །ལྷོ་ཕྱོགས་འཇིག་རྟེན་སྐྱོང་བ་ནི། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །སྔོ་འབར་གནམ་ལྕགས་རལ་ཀྱུ་ཅན། །ཞེས་དང་།

༢༽རྣམ་འཇོམས་ཆོ་ག་ལས།

ཤར་གྱི་ཕྱོགས་ནས་སྒོ་འབྱེད་པ། །ཡུལ་འཁོར་དཀར་པོ་པི་ཝང་ཅན། །ལྷོ་ཡི་ཕྱོགས་ནས་སྒོ་འབྱེད་པ། །བོན་འཕགས་ལྕགས་ཀྱི་ཤང་ལང་ཅན། །ནུབ་ཀྱི་ཕྱོགས་ནས་སྒོ་འབྱེད་པ། །སྤྱན་བཟང་སྦྲུལ་དམར་ཞགས་པ་ཅན། །བྱང་གི་ཕྱོགས་ནས་སྒོ་འབྱེད་པ། །རྣམ་སྲས་ནེའུ་ལེའི་རྐྱལ་པ་འཛིན། །ཞེས་དང་། ༣༽སྨན་ལྷའི་ཆོ་ག་ལྟར་རྒྱལ་ཆེན་གྱི་མིང་ལས་ཆ་ལུགས་མ་བྱུང་། ༤༽སྨོན་ལམ་མཐའ་ཡས་ཆོ་ག་ལྟར་ན་རྒྱལ་བ་རྒྱ་མཚོའི་རྒྱལ་ཆེན་དང་མཚུངས།

༥༽བྱམས་མ་རྩ་བའི་དཀྱིལ་འཁོར་ལྟར།

རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་མཚན་ཤེལ་གྱི་འགྱིང་དཀར་བསྣམས། །བན་གླང་དཀར་པོའི་ཁྲི་ལ་བཞུགས། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྐུ་མདོག་སེར་པོ་རྒྱན་དང་ཆས། །ཕྱག་མཚན་རིན་ཆེན་དབྱུག་ཏོ་བསྣམས། །རྟ་མཆོག་ལྗང་ཁུའི་ཁྲི་ལ་བཞུགས། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་མཚན་སྦྲུལ་ནག་ཞགས་པ་བསྣམས། །ཆུ་སྲིན་དམར་པོའི་ཁྲི་ལ་བཞུགས། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །སྐུ་མདོག་སྔོ་ལ་འོད་ཟེར་འབར། །ཕྱག་མཚན་དཔའ་བོ་རལ་ཀྱུ་བསྣམས། །ཆུ་གླང་སྔོན་པོའི་ཁྲི་ལ་བཞུགས། །ཞེས་དང་།

༦༽དགེ་སྤྱོད་ཀྱི་ཆོ་ག་ལྟར།

ཡུལ་འཁོར་སྲུང་དང་རྣམ་ཐོས་སྲས། །སྤྱན་མི་བཟང་དང་བོན་གྱི་འཕགས། །དཀར་སེར་དམར་སྔོ་འོད་དུ་འབར། །འགྱིང་དང་ཆ་ལུགས་རྒྱལ་པོའི་ཚུལ། །ཕྱག་མཚན་པི་ཝང་ནེའུ་ལེའི་རྐྱལ། །གཡུ་སྦྲུལ་ཞགས་པ་རལ་ཀྱུ་ཐོགས། ཞེས་དང་།

༧༽ཀུན་དབྱིངས་སྐུ་ལྔའི་དཀྱིལ་འཁོར་ལྟར།

རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཤེལ་གྱི་ཐོད་རྡིང་ཐོར་ཚུགས་ཅན། །བན་གླང་དཀར་པོའི་ཁྲི་ལ་བཞུགས། །ཕྱག་མཚན་བ་དན་དཀར་པོ་བསྣམས། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྐུ་མདོག་སེར་ལ་འོད་ཟེར་འབར། །གཡུ་ཡི་ཐོད་རྡིང་ཐོར་ཚུགས་ཅན། །རྟ་མཆོག་ལྗང་ཁུའི་ཁྲི་ལ་བཞུགས། །ཕྱག་མཚན་རིན་ཆེན་དབྱུག་ཏོ་བསྣམས། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཟངས་ཀྱི་ཐོད་རྡིང་ཐོར་ཚུགས་ཅན། །གཡུ་འབྲུག་སྔོན་པོའི་ཁྲི་ལ་བཞུགས། །ཕྱག་མཚན་སྦྲུལ་ནག་ཞགས་པ་བསྣམས། །རྒྱལ་པོ་ཆེན་པོ་བོན་གྱི་འཕགས། །སྐུ་མདོག་མཐིང་ལ་འོད་ཟེར་འབར། །གསེར་གྱི་ཐོད་རྡིང་ཐོར་ཚུགས་ཅན། །བྱ་ཁྱུང་སྔོན་པོའི་ཁྲི་ལ་བཞུགས། །ཕྱག་མཚན་དཔའ་བོ་རལ་ཀྱུ་བསྣམས། །ཞེས་དང་། རྒྱལ་ཆེན་འདི་རྣམས་ལ་རྒྱལ་པོའི་ཆས་ཅན་མ་གཏོགས་གོ་ཁྲབ་མཚོན་ཆ་བཤད་པ་མི་སྣང་། དགེ་སྤྱོད་ཀྱི་ཆོ་ག་ལས། འགྱིང་དང་ཆ་ལུགས་རྒྱལ་པོའི་ཚུལ། ཞེས་གསུངས་པའི་ཕྱིར། །

༨༽བདེར་གཤེགས་ཀུན་རིག་སྒྲོན་མའི་ཆོ་ག་ལས།

རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་མཚན་གསེར་གྱི་པི་ཝང་བསྣམས། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་མཚན་ནེའུ་ལེའི་རྐྱལ་པ་འཛིན། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་མཚན་སྦྲུལ་ནག་ཞགས་པ་བསྣམས། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །སྐུ་མདོག་སྔོ་ལ་འོད་ཟེར་འབར། །ཕྱག་མཚན་ལྕགས་ཀྱི་ཤང་ལང་བསྣམས། །ཞེས་བྱུང་།

༩༽རྒྱས་པ་ཀུན་སྣང་ཁྱབ་པ་རྩ་བའི་དཀྱིལ་འཁོར་ལྟར།

ཤར་ཕྱོགས་རྒྱལ་པོ་ཤེལ་དཀར་འོད། །དཀར་འབར་ཁྱུང་གི་རུ་མཚོན་བསྣམས། །བྱང་ཕྱོགས་རྒྱལ་པོ་ནམ་མཁའ་སྣང་། །མཐིང་ཁ་སྟག་གི་རུ་མཚོན་བསྣམས། ནུབ་ཕྱོགས་རྒྱལ་པོ་འོད་དཀར་འཛིན། །དམར་འབར་སྤྲུལ་པའི་བ་དན་འཛིན། །ལྷོ་ཕྱོགས་གཡུང་དྲུང་བོན་གྱི་འཕགས། །སྔོ་འབར་དཔའ་བོ་རལ་ཀྱུ་བསྣམས། །ཞེས་དང་།

༡༠༽རྣམ་རྒྱལ་མཆོད་གཞུང་ངེས་ཐིག་ལྟར།

རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །སྐུ་མདོག་དཀར་པོ་འོད་དང་ལྡན། །ཕྱག་མཚན་ཕྱག་ན་པི་ཝང་བསྣམས། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྐུ་མདོག་ལྗང་ཁུ་རྒྱན་དང་ཆས། །ཕྱག་མཚན་ནེའུ་ལེའི་རྐྱལ་པ་བསྣམས། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །སྐུ་མདོག་དམར་སྨུག་མདངས་དང་ལྡན། །ཕྱག་མཚན་རིན་ཆེན་སྦྲུལ་ཞགས་བསྣམས། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །སྐུ་མདོག་སྔོན་པོ་རྒྱན་དང་ཆས། །ཕྱག་མཚན་རྣོ་མཚོན་རལ་ཀྱུ་བསྣམས། །ཞེས་དང་། རྣམ་པར་རྒྱལ་བའི་བསྐང་བ་ལས། གྲོང་དང་གྲོང་ཁྱེར་བདལ་བའི་བདག ། ཡུལ་འཁོར་སྲུང་བའི་ཐུགས་དམ་བསྐང་། །བསོད་ནམས་མ་ལུས་ཚོགས་བསྐྱེད་པ། །རྣམ་ཐོས་བུ་ཕོའི་ཐུགས་དམ་བསྐང་། །སྣ་ཚོགས་གཟུགས་ཀྱི་ལོངས་སྤྱོད་ཐོབ། །སྤྱན་མི་བཟང་པོའི་ཐུགས་དམ་་བསྐང་། །ཀུན་ཏུ་འགྲོ་བའི་བླ་རུ་ཕྱིན། །འཕགས་སྐྱེས་རྒྱལ་པོའི་ཐུགས་དམ་བསྐང་། །འདིས་རང་རང་གི་འཁོར་འབངས་ལོངས་སྤྱོད་ལ་མངའ་དབང་བསྒྱུར་བའི་ཚུལ་བཤད་པ་ལ་དཔག་ན། སྤྱན་མི་བཟང་ཞེས་པའི་མིག་དུག་ཡོད་པ་སོགས་སྐྱོན་ཅན་མ་ཡིན་པ་དང་། རྒྱལ་པོའི་མིང་དུ་གོའོ། །

༡༡༽དབལ་གསས་རྩོད་བཟློག་ལྟར་གྱི་རྒྱལ་ཆེན།

གསས་མཁར་ཤར་ན་ཐེར་ཟུག་པ། །མི་དཀར་སེང་གེའི་མགོ་བོ་ཅན། །ཕྱི་རྒྱུད་བསྟན་པ་སྲུང་ཙམ་ན། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །ནང་རྒྱུད་བསྟན་པ་སྲུང་ཙམ་ན། །རྒྱལ་པོ་ཆེན་པོ་ཤེལ་དཀར་འོད། །གསང་རྒྱུན་བསྟན་པ་སྲུང་ཙམ་ན། །གསང་མཚན་གཡུང་དྲུང་སྟོབས་ཀྱི་རྒྱལ། །སྐུ་ལ་དུང་ཁྲབ་འོད་ཀྱིས་མཛེས། །ཕྱག་མཚན་ཤེལ་གྱི་འགྱིང་དཀར་བསྣམས། །གཡོན་པས་གཡུང་དྲུང་རྒྱ་གྲམ་འཛིན། །ལྕམ་ནི་དཀར་མོ་སེང་གདོང་མ། །ལྕག་ཀྱུ་འབར་བའི་ཕྱག་རྒྱ་མ། །ཞེས་དང་། །གསས་མཁར་བྱང་ནས་ཐེར་ཟུག་པ། །མི་དམར་ཕག་རྒོད་མགོ་བོ་ཅན། །ཕྱི་རྒྱུད་བསྟན་པ་སྲུང་ཙམ་ན། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ནང་རྒྱུད་བསྟན་པ་སྲུང་ཙམ་ན། །རྒྱལ་པོ་ཆེན་པོ་ནམ་མཁའ་སྣང་། །གསང་རྒྱུད་བསྟན་པ་སྲུང་ཙམ་ན། །གསང་མཚན་འཁོར་ལོ་དྲག་པོ་རྒྱལ། །སྐུ་ལ་གསེར་ཁྲབ་འོད་ཀྱིས་མཛེས། །ཕྱག་མཚན་སྦྲུལ་ནག་ཞགས་པ་བསྣམས། །གཡོན་པས་འཁོར་ལོ་ཁ་སྤྲོད་འཛིནྲྲལྕམ་ནི་དམར་མོ་ཕག་གདོང་མ། །ཞགས་པ་འབར་བའི་ཕྱག་རྒྱ་མ། །ཞེས་དང། གསས་མཁར་ནུབ་ནས་ཐེར་ཟུག་པ། །མི་སྔོན་འབྲུག་གི་མགོ་བོ་ཅན། །ཕྱི་རྒྱུད་བསྟན་པ་སྲུང་ཙམ་ན། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང། །ནང་རྒྱད་བསྟན་པ་སྲུང་ཙམ་ན། །རྒྱལ་པོ་ཆེན་པོ་འོད་དཀར་འཛིན། །གསང་རྒྱུད་བསྟན་པ་སྲུང་ཙམ་ན། །གསང་མཚན་བཅུད་སྡུད་དབང་གི་རྒྱལ། །སྐུ་ལ་ཟངས་ཁྲབ་འོད་ཀྱིས་མཛེས། །ཕྱག་མཚན་གནམ་ལྕགས་སྟ་མོ་བསྣམས། །གཡོན་པས་པདྨ་དམར་པོ་འཛིན། །ལྕམ་ནི་སྔོན་མོ་འབྲུག་གདོང་མ། །ལྕགས་སྒྲོགས་འབར་བའི་ཕྱག་རྒྱ་མ། །ཞེས་དང་། གསས་མཁར་ལྷོ་ནས་ཐེར་ཟུག་པ། །མི་ནག་དོམ་གྱི་མགོ་བོ་ཅན། །ཕྱི་རྒྱུད་བསྟན་པ་སྲུང་ཙམ་ན། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །ནང་རྒྱུད་བསྟན་པ་སྲུང་ཙམ་ན། །རྒྱལ་པོ་ཆེན་པོ་བོན་གྱི་འཕགས། །གསང་རྒྱུད་བསྟན་པ་སྲུང་ཙམ་ན། །གསང་མཚན་གཏུམ་བྱེད་དྲེགས་པའི་རྒྱལ། །སྐུ་ལ་ལྕགས་ཁྲབ་འོད་ཀྱིས་མཛེས། །ཕྱག་མཚན་དབལ་གྱི་ཤང་ལང་བསྣམས། །གཡོན་པས་ཡིད་བཞིན་ནོར་བུ་འཛིན། །ལྕམ་ནི་ནག་མོ་དོམ་གདོང་མ། །རལ་ཀྱུ་འབར་བའི་ཕྱག་རྒྱ་ཡིས། །ཞེས་གསུངས། འདི་བཞིན་ཁྲོ་བོ་དབང་ཆེན་དང་མཚུངས། །

༡༢༽སྟག་སླག་ཅན་གྱི་ལྷ་རྒོད་གབ་པ་གསུང་ཆེན་ལྟར།

དབལ་གསས་རྩོད་བཟློག་མཚུངས་ཀྱང་ཤར་ཕྱོགས་རྒྱལ་པོའི་ཕྱག་མཚན་དུ། ཕྱག་མཚན་དབལ་གྱི་རལ་གྲི་ཕྱར། །བཀའ་རྟགས་གཡུང་དྲུང་ཐུགས་ཀར་འཆང་། །ཞེས་དང་། ལྷོ་ཕྱོགས་རྒྱལ་པོའི་ཕྱག་མཚན་དུ། གསེར་གྱི་ཐོག་མདའ་འཕེན། ཞེས་པ་ཙམ་ལས་དབལ་གསས་རྩོད་བཟློག་གི་རྒྱལ་ཆེན་དང་ཆ་ལུགས་མཚུངས།

༡༣༽བསོད་བློའི་ལྷ་རྒོད་ལྟར་གྱི་རྒྱལ་ཆེན་ནི།

མི་དཀར་སེང་དཀར་སེང་མགོས་རལ་གྲི་ཕྱར། །མི་དམར་ཕག་མགོས་སྦྲུལ་ཞགས་འཕེན། །མི་སྔོན་འབྲུག་མགོས་རལ་གྲི་ཕྱར། །མི་དམར་ཕག་མགོས་སྦྲུལ་ཞགས་འཕེན། །ཞེས་པ་འདི་རྣམས་ཀྱི་ཕྱག་མཚན་གཞུང་བཞིན་ཡིན་མིན་ཐེ་ཚོམ་ཆེ་སྟེ། བཟློས་པའི་ཕྱིར་རོ། །བརྟག་དགོས་འདུག

༡༤༽འབུམ་པའི་སྐུ་ལྔ་དྲིལ་སྒྲུབ་ལྟར།

ཤར་གྱི་ཕྱོགས་ནས་༝། ཡབ་ནི་སྤྲུལ་པའི་མི་དཀར་སེང་གེའི་དབུ། །འཁྲིལ་བའི་ཡུམ་ཆེན་དཀར་མོ་སེང་གདོང་མ། །གླང་པོའི་གདན་ལ་ཡབ་ཡུམ་བསྐྱང་བསྐུམ་སྟབས། །ཕྱག་མཚན་མདའ་མདུང་འཁོར་ལོ་བསྐོར་བ་ཡི། །ལྷོ་ཡི་ཕྱོགས་ནས་༝། །ཡབ་ནི་སྤྲུལ་པའི་མི་སྔོན་འབྲུག་གི་དབུ། །འཁྲིལ་བའི་ཡུམ་ཆེན་སྔོན་མོ་སྤྱང་གདོང་མ། །རྨ་བྱའི་གདན་ལ་ཡབ་ཡུམ་བསྐྱང་བསྐུམ་སྟབས། །ཕྱག་མཚན་རལ་གྲི་འཁོར་ལོ་ཡི། །ནུབ་ཀྱི་ཕྱོགས་ནས་༝། །ཡབ་ནི་སྤྲུལ་པའི་མི་ནག་ཕག་རྒོད་དབུ། །འཁྲིལ་བའི་ཡུམ་ཆེན་ནག་མོ་དོམ་དབུ་མ། །འབྲུག་ནག་གདན་ལ་ཡབ་ཡུམ་བསྐྱང་བསྐུམ་སྟབས། །ཕྱག་མཚན་ཐོ་བ་ཐུ་ལུམ་འཁོར་ལོ་ཡི། །བྱང་གི་ཕྱོགས་ནས་༝། །ཡབ་ནི་སྤྲུལ་པའི་མི་དམར་ཆུ་སྲིན་མགོ །ང་རྒྱལ་རོལ་པས་ཟངས་ཀྱི་སྟག་ཆེན་གནོན། །གདུག་པ་གནོན་མཛད་ཟངས་ཀྱི་དགྲ་སྟ་བསྣམས། །གསང་བའི་ཡུམ་ཆེན་དམར་མོ་སྟག་དབུ་མ། །འཁོར་བ་འདྲེན་པའི་ལྕགས་ཀྱུ་ཕྱག་ན་བསྣམས། །རྫོགས་པའི་གསར་མཁར་དབུས་ཀྱི་སྒོ་སྲུང་བ། །མི་སེར་སྤྲུལ་པ་ཁྱུང་གི་དབུ་བརྙན་ཅན། །ཐུགས་རྗེ་ཕྱག་མཚན་རྡུང་བྱེད་ཐོ་བ་ཕྱར། །གྱད་སྟབས་རོལ་པས་ཕྲག་དོག་སེང་གེ་གནོན། །གསང་བའི་ཡུམ་ཆེན་སེར་མོ་བན་གླང་དབུ། །ཕྲག་དོག་ལས་མཛད་དབྱུག་ཏོ་རྒྱག་པའི་སྟབས། །ཞེས་སོ། །

༡༥༽སྟག་ལ་སྤུ་གྲི་དམར་པོ་ལྟར་གྱི་རྒྱལ་ཆེན།

ཤར་ཕྱོགས་༝། །མི་དཀར་སེངྒེའི་མགོ་བོ་ཅན། །ཕྱག་ན་ལྕགས་ཀྱི་རལ་གྲི་བསྣམས། །བྱང་ཕྱོགས་༝། །མི་ནག་ཕག་གི་མགོ་བོ་ཅན། །ཕྱག་ན་དབལ་གྱི་མདའ་གཞུ་འགེང་། །ནུབ་ཕྱོགས་༝། །མི་དམར་གཡག་གི་མགོ་བོ་ཅན། །ཕྱག་ན་གནམ་ལྕགས་ཐོ་བ་བསྣམས། །ལྷོ་ཕྱོགས་༝། །མི་སྔོན་འབྲུག་གི་མགོ་བོ་ཅན། །ཕྱག་ན་གནམ་ལྕགས་དགྲ་སྟ་བསྣམས། །ཞེས་སོ། །གེ་ཁོད་ནས་གདུལ་བྱའི་མིང་ལས་རྒྱལ་ཆེན་གྱི་སྐུ་མདོག་དང་ཆ་ལུགས་མ་བྱུང་།

༡༦༽ཕུར་པའི་ཕྱི་མཚམས་རྒྱལ་ཆེན་ནི།

རྒྱལ་པོ་ཆེན་པོོ་ཤེལ་དཀར་འོད། །དྲི་ཟ་༝། །ཤར་གྱི་༝། །སྐུ་མདོག་དཀར་པོ་རྒྱན་དང་ཆས། །སྐུ་ལ་དར་དཀར་ནབ་བཟའ་ལ། །གཡུང་དྲུང་རིས་ཀྱི་བརྒྱན་པ་གསོལ། །དབུ་ལ་འོད་དཀར་ཐོད་རྡིང་ལ། །ཕྱག་མཚན་གཡས་ན་གནམ་ལྕགས་སྟ་མོ་བསྣམས། །གཡོན་ན་ཤེལ་གྱི་ཕུར་པ་འདྲིལ། །བྱང་གི་ཕྱོགས་༝། རྒྱལ་པོ་ཆེན་པོ་འོད་དཀར་འཛིན། །སྐུ་མདོག་སེར་པོ་རྒྱན་དང་ཆས། །སྐུ་ལ་རིན་ཆེན་གསེར་གྱི་གཡང་གཞི་ལ། །འཁོར་ལོ་རིས་ཀྱི་བརྒྱན་པ་གསོལ། །དབུ་ལ་འོད་ཟེར་སེར་པོའི་ཐོད་རྡིང་ཅན། །ཕྱག་མཚན་གཡས་ན་སྦྲུལ་ཞགས་སེར་པོ་བསྣམས། །གཡོན་ན་གསེར་གྱི་ཕུར་པ་འདྲིལ། །ནུབ་ཀྱི་ཕྱོགས་༝། རྒྱལ་པོ་ཆེན་པོ་ནམ་མཁའ་ཐང་རྗེ་ནི། །སྐུ་མདོག་དམར་པོ་རྒྱན་དང་ཆས། །སྐུ་ལ་ལེ་བརྒན་དམར་པོའི་ན་བཟའ་ལ། །པདྨ་རིས་ཀྱིས་བརྒྱན་པ་གསོལ། །དབུ་ལ་འོད་ཟེར་དམར་པོའི་ཐོད་རྡིང་ཅན། །ཕྱག་མཚན་གཡས་ན་ཆུ་སྲིན་རྒྱལ་མཚན་བསྣམས། །གཡོན་ན་ཟངས་ཀྱི་བརྒྱན་པ་གསོལ། །ལྷོ་ཕྱོགས་༝། རྒྱལ་པོ་ཆེན་པོ་འཛིན་གྱི་བདག །སྐུ་མདོག་སྔོན་པོ་རྒྱན་དང་ཆས། །སྐུ་ལ་ཆུ་དར་སྔོན་པོའི་ན་བཟའ་ལ། །རིན་ཆེན་རིས་ཀྱིས་བརྒྱན་པ་གསོལ། །དབུ་ལ་འོད་ཟེར་སྔོན་པོའི་ཐོད་རྡིང་ཅན། །ཕྱག་མཚན་གཡས་ན་ལྕགས་ཀྱི་བེར་ཆེན་བསྣམས། །གཡོན་ན་ལྕགས་ཀྱི་ཕུར་པ་འདྲིལ། །ཞེས་སོ། །རྒྱལ་ཆེན་འདི་རྣམས་ལ་རྒྱལ་ཆས་ཐོད་རྡིང་དང་བཅས་པས་བརྒྱན་པ་ཁྲབ་རྨོག་འཁོར་གསུམ་མེད་པ་ཞིག་ཡིན་པ་མཁྱེན་དགོས།

༡༧༽རིག་འཛིན་འདུས་པ་ཐབས་ཆེན་མཁའ་རྒྱུད་ལྟར།

ཤར་གྱི་ཕྱོགས་༝། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །ཕྱག་མཚན་གསེར་གྱི་པི་ཝང་བསྣམས། །རྒྱན་དང་ཆ་ལུགས་རྒྱལ་པོ་འགྱིང་། །བྱང་གི་ཕྱོགས་༝། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ཕྱག་མཚན་རིན་ཆེན་དབྱུག་ཏོ་བསྣམས། །རྒྱན་དང་ཆ་ལུགས་རྒྱལ་པོ་འགྱིང་། །ནུབ་ཀྱི་ཕྱོགས་ནས་༝། རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །ཕྱག་མཚན་སྦྲུལ་ནག་ཞགས་པ་བསྣམས། །རྒྱན་དང་ཆ་ལུགས་རྒྱལ་པོ་འགྱིང་། །ལྷོ་ཡིི་ཕྱོགས་༝། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །ཕྱག་མཚན་དབལ་གྱི་ཤང་ལང་བསྣམས། །རྒྱན་དང་ཆ་ལུགས་རྒྱལ་པོ་འགྱིང་། །འདི་རྣམས་རྒྱལ་པོའི་ཆ་ལུགས་སུ་གསུངས་པས་གོ་མཚོན་གྱི་རྒྱན་ཅན་ཡིན་མིན་བརྟག་བྱའོ། །

༡༨༽གཤིན་དམར་སྤྱི་འདུལ་ལྟར།

ཤར་ཕྱོགས་རྒྱལ་པོ། རྒྱལ་པོ་ཆེན་པོ་ཤེལ་དཀར་འོད། མི་དཀར་སེང་གེའི་དབུ་བརྙན་ཅན། སྐུ་ལ་དུང་ཁྲབ་དཀར་པོ་གསོལ་བ། ཕྱག་ན་རལ་ཀྱུ་འབར་བའི་འཁོར་ལོ་བསྐོར། བྱང་དུ་རྒྱལ་པོ་ཆེན་པོ་ནམ་མཁའ་སྣང་། མི་དམར་ཕག་རྒོད་དབུ་བརྙན་ཅན། །སྐུ་ལ་གསེར་གྱི་ཁྲབ་མོ་མནབ་པ། ཕྱག་ན་ལྕགས་ཀྱུ་འབར་བའི་འཁོར་ལོ་བསྐོར་བ། ནུབ་ཏུ་རྒྱལ་པོ་ཆེན་པོ་འོད་དཀར་འཛིན། མི་སྔོན་འབྲུག་གི་དབུ་བརྙན་ཅན། སྐུ་ལ་ཟངས་ཀྱི་ཁྲབ་མོ་མནབ་པ། ཕྱག་ན་ལྕགས་ཀྱུ་འབར་བའི་འཁོར་ལོ་བསྐོར་བ། ལྷོ་རུ་རྒྱལ་པོ་ཆེན་པོ་འཛིན་གྱི་བདག མི་ནག་དོམ་གྱི་དབུ་བརྙན་ཅན། སྐུ་ལ་ལྕགས་ཀྱི་ཁྲབ་མོ་མནབབས་པ། ཕྱག་ན་དགྲ་སྟ་འབར་བའི་འཁོར་ལོ་བསྐོར་བ། ཞེས་སོ།

༡༩༽ཁྲོ་བོ་རོལ་པ་ལྟར།

རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །ཞི་བའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་དཀར། །ཐུགས་རྗེ་དབང་གི་འགྲོ་དོན་བིང་ཆེན་བསྣམས། །བཀའ་སྲུང་རྒྱལ་པོ་རྣམ་ཐོས་སྲས། །རྒྱས་པའི་འཕྲིན་ལས་མཐར་ཕྱིན་སྐུ་མདོག་ལྗང་། །ཕྱག་མཚན་རིན་ཆེན་གཏེར་ལྡན་མཆོད་རྟེན་བསྣམས། །བཀའ་སྲུང་རྒྱལ་པོ་སྤྱན་མི་བཟང་། །དབང་གི་ཕྲིན་མཐར་ཕྱིན་སྐུ་མདོག་དམར། །བསོད་ནམས་ཚོགས་རྫོགས་རིན་ཆེན་སྦྲུལ་ཞགས་བསྣམས། །བཀའ་སྐྱོང་རྒྱལ་པོ་འཕགས་སྐྱེས་པོ། །དྲག་པོའི་ཕྲིན་ལས་མཐར་ཕྱིན་སྐུ་མདོག་སྔོ། །དུག་གསུམ་འཇོམས་བྱེད་ཡེ་ཤེས་རལ་གྲི་བསྣམས། །ཞེས་སོ། །འདི་ཁྲོ་བོ་རོལ་པའི་ཕྱི་མཚམས་ཞེས་ལེའུ་མཛད་བྱང་མེད་པ་ཞིག་འདུག་པ་ལྟར་བྲིས་པ་ཡིན་ལ། འདིའི་ནང་བོན་གྱི་རྒྱུད་རྣམ་དག་གང་དུ་མ་བྱུང་བ། བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས་ཀྱི་ཕྱག་མཚན་དུ། རིན་ཆེན་གཏེར་ལྡན་མཆོད་རྟེན་བསྣམས་ཞེས་འདུག་པ་འདི་རྩོམ་པ་པོའི་ཐུགས་རྒྱུད་ལ་གཞན་ལུགས་ཀྱི་བག་ཆགས་མཐུག་པོ་ཞིག་བགོས་པའི་དབང་གིས་ཡིན་འདུག་སྟེ། རོལ་པ་དུག་གསུམ་གཏན་སྤྲུག་གི་གཞུང་ལས། སྤྲུལ་པ་ཆེན་པོ་སྒོ་བ་ཡུམ། །སྟག་མགོ་འབྲུག་མགོ་འབྲོང་གི་མགོ །གཏུམ་མོ་ཆུ་སྲིན་མགོ་བོ་ཅན། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་ཐོ་བ་བསྣམས། །སྒོ་སྲུང་བཞི་ལ་ཕྱག་འཚལ་བསྟོད་བསྐུལ་འཕྲིན་ལས་བཅོལ། །ཞེས་དང་། ཁྲོ་བོ་རོལ་པ་དུག་གསུམ་གཏན་སྤྲུག་གི་འཕྲིན་ལས་གཞུང་ཞེས་པ་ལས། སྤྲུལ་བ་སྒོ་བ་ཆེན་པོ་བཞི། །སྟག་མགོ་འབྲུག་མགོ་འབྲོང་མགོ་མ། །གདུག་མོ་ཆུ་སྲིན་མགོ་བོ་ཅན། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་ཐོ་བ་བསྣམས། །སྤྲུལ་པའི་སྒོ་སྲུང་བཞི་པོ་ལ། །ཞེས་པ་ལས་གོང་གི་ཚིག་དོན་རྣམས་ཟུར་ཙམ་ཡང་མ་བྱུང་བས་ཡིད་བརྟན་མི་འདུག་གོ ། སྤྱིར་རོལ་པའི་གཞུང་དུ་བསྲེ་བསྣན་གྱི་མཛད་པ་རྒྱ་ཆེ་བ་ཞིག་འདུག་སྙམ། ཕྱིས་གཞུང་རྣམས་ལ་ཞིབ་བརྟག་མཛད་པ་གལ་ཆེ་འདུག རང་ལུགས་སྔགས་ཀྱི་སྒྲུབ་སྐོར་རྣམས་ཆེས་སྔ་མོ་དང་གསང་འདུས་གཤེན་སོགས་ཀྱིས་བསྒྲིགས་པ་སོགས་གསུང་བཞིན་པའི་མོད་ལ། བཟློག་པ་སོགས་ཀྱི་མཛད་བྱང་དུ་སྔོན་གྱི་རིག་འཛིན་འདི་དང་འདིས་མཛད་ཅེས་གསལ་བ་དང་། ཡིག་དོན་དུ། བན་དྷེ་དང་། དུ་རུ་ཀ་དང་། རྒྱ་ཡི་དམག་སྣ། དྲུ་གུའི་ཁྱི་ཐན་ཞེས་པ་སོགས་གསུངས་སྟངས་ལྟར་དུས་སྐབས་ཀྱི་ཉེར་འཚེའི་གནོད་པ་བཟློག་ཆེད་དུ་བརྩམས་པ་དང་། བསྣན་པ་སོགས་རྒྱ་ཆེན་པོ་བྱས་པ་མངོན།

༢༠༽མ་རྒྱུད་དང་བྱམས་མ་སོགས་ཀྱི་སྒྲུབ་གཞུང་དུ་བྱུང་བའི་རྒྱལ་ཆེན་ནི།

མ་རྒྱུད་སྒྲུབ་སྐོར་ལས། སེང་གེ་ཕག་རྒོད་འབྲུག་དང་དོམ་གྱི་མགོ །རལ་ཀྱུ་སྦྲུལ་ཞགས་སྟ་རེ་ཐོག་མདའ་འཕེན། །ཞེས་གསུངས་པའི་ཕྱིར།

༢༡༽མེ་རི་བཀའ་མ་གྱད་ཕུར་གྱི་གཞུང་ལྟར་རྒྱལ་ཆེན་ནི།

ཤར་གྱི་ཕྱོགས་༝། མི་དཀར་སེང་གེའི་མགོ་བོ་ཅན། ཕྱག་ན་གནམ་ལྕགས་དབལ་གྱི་བེར་རྒ་རྩེ་དགུ་བསྣམས། ལྷོ་ཡི་ཕྱོགས་༝། མི་སྔོན་ཆུ་སྲིན་མགོ་བོ་ཅན། ཕྱག་ན་གནམ་ལྕགས་དབལ་གྱི་རལ་གྲི་བསྣམས། ནུབ་ཀྱི་ཕྱོགས་༝། མི་དམར་ཕག་རྒོད་མགོ་བོ་ཅན། ཕྱག་ན་གནམ་ལྕགས་ཐུ་ལུམ་བསྣམས། བྱང་གི་ཕྱོགས་༝། མི་ནག་གཡག་རྒོད་མགོ་བོ་ཅན། ཕྱག་ན་གནམ་ལྕགས་ཐོག་ཆེན་བསྣམས། ཞེས་གསུངས་པའི་ཕྱིར། དེང་དུས་གཞུང་ཆེན་རྣམས་ལ་མ་སྦྱངས་པ་རིག་གནས་ཀྱི་ཚིག་སྦྱོར་ཕྲན་བུ་ཤེས་པས་རྒྱུད་ཁེངས་ནས་གོ་ཐོས་ཐམས་ཅད་དཔྱད་རྩོམ་དང་ཞིབ་འཇུག་ཅེས་སོགས་ཀྱི་བྱ་ལ་ཞུགས་པ་རྣམས་དང་། དེའི་སྔོན་གྱིི་དུས་སུ་ཡང་དེ་བཞིན་ཐུན་མོང་རིག་གནས་ལ་བློ་སྦྱོང་ཕྲན་ཙམ་ཡོད་པ་ལ་གཞི་བཅོལ་ཏེ། གཤེན་ལྷ་འོད་དཀར་དང་སྤྱན་རས་གཟིགས་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་པ་འགའ་བྱུང་བ་འདི་ཡི་རིགས་རྣམས་བདེ་བར་གཤེགས་པའི་གསུང་དོན་གྱི་བགེགས་ཆེན་པོ་ཞིག་སྟེ། གཤེན་ལྷ་འོད་དཀར་ནི་བདག་ཅག་གི་སྟོན་པས་གྲངས་མེད་གསུམ་དུ་ཚོགས་བསགས་པའི་མཐར་རྣམ་མཁྱེན་ཡེ་ཤེས་རྒྱུད་ལ་སྐྱེས་པའི་རྟེན་གྱི་སྐུ་གཟུགས་དེ་ཡིན་ལ། སྤྱན་རས་གཟིགས་ནི་ལྷ་དབང་ཕྱུག་དང་ངོ་བོ་གཅིག་པའི་བཅོམ་ལྡན་འདས་ཀྱི་འཁོར་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཡིན་པ་ཁོང་རྣམས་ཀྱི་གཞུང་ལས་བྱུང་བ་མ་རྟོགས་པ་གང་བྱུང་སྨྲ་བ་འདིའི་རིགས་ནི། ཤིན་ཏུ་མ་རུང་པར་སྨྲ་བ་རྣམས་མི་སྨྲ་བའི་བརྟུལ་ཤུགས་བཟུང་བར་ཞུའོ། །ཚུལ་འདི་འདྲ་ཐོས་པས་སེམས་དཀྲུགས་ནས་འདི་ཙམ་མི་ཞུ་ཁ་མེད་བྱུང་སོང་། སྨྲ་འདོད་ནས་མ་ཡིན་ཀྱང་སེམས་སྐྱོ་དྲགས་ནས་སྨྲ་དགོས་བྱུང་སོང་། མང་དུ་ལུང་རིགས་ཀྱི་དཔང་པོ་དགོས་པ་མཐོང་ཡང་ཤིག་གསོད་བྱེད་སྟ་རེ་ཅི་བྱེད། བོང་བུའི་རྣ་བར་གསེར་རྡུལ་ཅི་ཁྱད། སྒ་སྟོན་ཐེག་འགྲེལ་ལས། གང་ཕྱིར་གངས་ཅན་འདི་ན་ཆེན་པོ་འགའ། །རྒྱལ་བའི་ལུང་ལ་མ་ལྟོས་རྣམ་དཔྱོད་ཀྱིས། །ལོག་དམན་འགྱངས་པའི་ལྟ་བ་སྣ་ཚོགས་ཀྱིས། །ཕྱི་ནང་གསང་བའི་གྲུབ་མཐའ་བསླད་པར་མཐོང་། །ཞེས་གསུངས་པ་བཞིན་ནོ། །

བཤད་བྱའི་འཕྲོ་ནས་བདེ་བར་གཤེགས་པའི་རྟེན་གསུམ་བཞེངས་པའི་བསོད་ནམས་གསོག་པར་འདོད་པའི་སྐལ་ལྡན་རྣམས། རྟེན་གསུམ་ཞེས་བདེ་བར་གཤེགས་པའི་སྐུ་ཡི་རྟེན། སྐུ་གཟུགས་རིས་སུ་བྲིས་པ། ལུགས་སུ་བླུགས་པ། འབུར་བཏོད་པའི་རིགས་རྣམས་ནི། དང་པོ་ཕྱག་ཚད་ལེགས་པར་ལྡན་པ་ནི། དཔེར་ན་སྐྱེས་བུ་བྱད་གཟུགས་དབྱིབས་རྣམས་ཡིད་དུ་འོང་ཞིང་ཚད་དང་ལྡན་པ་ལྟ་བུའོ། །གཉིས་པ་ཚོན་མདངས་ལེགས་པ་ཡིན་དུ་འོང་ཞིང་བལྟ་བས་མི་ངོམས་པ་ཞིག་དགོས་པ་ནི། སྐྱེས་བུ་གཟུགས་མཛེས་ལ་གོས་རྒྱན་ཕུན་སུམ་འཚོགས་པ་ལྟ་བུའོ། །གསུམ་པ་སྐྱེས་བུ་ཡིད་འོང་ཕྱི་ནང་མཐུན་རྐྱེན་ཚང་པ་ལ། ནང་བཅུད་བཅུ་ཕྲག་རིག་པའི་ཡོན་ཏན་ཕུན་སུམ་འཚོགས་པར་ལྡན་པ་བཞིན། སྐུ་བརྙན་ལ་གཟུངས་རྫས་མངའ་དབུལ་རབ་གནས་ཡོངས་རྫོགས་ཚུལ་བཞིན་གྲུབ་པ་ནི། སྐྱེས་བུ་ཡོན་ཏན་ཡོངས་སུ་རྫོགས་པ་གང་ཉིད་འགྲོ་བའིི་སྐྱབས་ཡུལ་དུ་གྱུར་པ་བཞིན། ཕྱི་ནང་གི་དངོས་པོ་དགོས་སོ་ཅོག་གྲུབ་པའི་སྐུ་བརྙན་ནི་བསོད་ནམས་ཚོགས་ཀྱིས་བསག་པའི་རྟེན་ཡང་དག་གོ །གསུང་གི་རྟེན་གསུང་རབ་རྣམ་དག་གང་ཞིག་བཞེངས་པའི་སྐལ་ལྡན་གྱིས། གསུང་རབ་ཀྱི་བརྡ་དག་ཆད་ལྷག་ལོག་པར་བྲིས་པ་སོགས་ཀྱིས་དབེན་ཞིང་། ཇི་ལྟར་བསྒྲུབ་པའི་དངོས་པོ་དེ་ལ་འབྱོར་ཚད་ཀྱི་ནབ་ཟ་དང་། རྒྱན་དང་བཀུར་བསྟིའི་རིགས་ཀྱིས་བསྙེན་ཞིང་། གསུང་རབ་ཀྱི་རབ་གནས་ཚུལ་བཞིན་ཕུལ་བ་དེ་ནི། བསོད་ནམས་ཀྱི་ཚོགས་གསོག་པའི་ཡུལ་དམ་པ་ཡིན་ནོ། །བདེ་བར་གཤེགས་པའི་ཐུགས་རྟེན་སྐུ་གདུང་མཆོད་རྟེན་དང་། གསས་ཁང་གི་རྣམ་པ་གང་དག་བཞེངས་པ་ན། དང་པོ་ཕྱག་ཚད་གལ་ཆེ་སྟེ། དེ་ཡང་རང་གཞུང་ཁུངས་ནས་བྱུང་བ་ཞིག་ལ་གཞི་བཅོལ་དགོས་པ་ལས། མཐོང་མྱོང་དང་མཁས་པ་གང་ཞིག་གིས་བྱས་པ་ལེགས་དགོས་རྒྱུ་འདོད་པ་རྣམས་ལ་ཡིད་བརྟན་མི་རུང་སྟེ། ད་ཡང་དག་གཞུང་མཐུན་ཇི་ལྟར་བྱ་སྙམ་ན། རང་གཞུང་གཟི་བརྗིད་དང་། གཡུང་ལས་རྣམ་པར་དག་པའི་རྒྱུད་གཞུང་ལས་ཕྱག་ཚད་བཀོད་པ་བྱེད་པ་སྟེ། གསས་ཁང་ཕྱི་དབྱིབས་དང་། ནང་གི་ལྡེབ་རིས། བཀོད་པ་རྣམས་ཚུལ་བཞིན་བསྒྲུབས་པ་ལ། མཆོད་རྟེན་གྱི་གཟུང་གཞུག་རབ་གནས་ཟབ་རྒྱས་ཕུལ་བ་དེ་ནི། འགྲོ་བའི་བསོད་ནམས་ཀྱི་རྟེན་ཡིན་པ་གསལ་ལོ། །རྟེན་གསུམ་བཞེངས་པའི་ཕན་ཡོན་སོགས་གཞན་དུ་གསལ། སྐབས་འདིར་བྲིས་པའི་ལྷ་ཡི་ཕྱག་མཚན་རྣམས་ཀྱང་བདེ་བར་གཤེགས་པའི་ཐུགས་རྟེན་དང་། ས་བོན་ཡིག་འབྲུ་གསུང་གི་རྟེན། སྐུ་བསྐྱེད་ལྷ་ཡི་རྣམ་པ་སྐུ་ཡི་རྟེན་སོགས་གསུངས་པས་བསོད་ནམས་ཀྱི་ཚོགས་ཞིང་དུ་བཟུང་བར་བྱའོ། །མཆོད་རྟེན་གྱི་ཕྱག་ཚད་རྣམ་གྲངས་སྐོར་ལ། ཆོས་ཀྱི་འབྱུང་གནས་སངས་རྒྱས་བཅོམ་ལྡན་འདས་དང་། དེ་ཡི་བརྒྱུད་འཛིན་ཚད་ལྡན་རྒྱ་གར་དུ་དང་པོ་བྱུང་ཞིང་། དེ་ཡི་དུས་ཀྱི་བཀོད་པ་བྱས་པའི་མཆོད་རྟེན་གྱི་དབྱིབས་རྣམ་པ་བཞི་ལས་མདོ་རྒྱུད་ལས་མ་གསལ། ཞིག་ཤུལ་གྱི་ཤུལ་ལས་ཀྱང་མ་མཐོང་ཞེས་དགེ་འདུན་ཆོས་འཕེལ་གྱིས་གསུངས། དེ་ནས་ནང་པའི་མཆོད་རྟེན་གྱི་དབྱིབས་གྲངས་བཞི་ལས་མེད། དེ་བཞི་ནི། ལྦུ་བ་མ། གཙུག་རྒྱན། དྲིལ་བུ། འབྲས་སྤུངས། རྡོ་རྗེ་གདན་གྱི་མཆོད་རྟེན་དང་དེ་དང་འདྲ་རིགས་ཀྱི་ནི་ཧིན་དྷུའི་མཎྜལ་ལས་གྱེས་པ་ཤ་སྟགས་ངོས་བཟུང་། བོད་དུ་མཆོད་རྟེན་ཆ་བརྒྱད་ཟེར་བའི་དབྱིབས་བཀོད་སུས་བྱས། གང་ལྟར་སྔོན་དུ་ཆོས་ཕྱོགས་སུ་བྱས་པ་དང་། དེ་ལས་དཔེ་བླངས་ནས་ཀུན་གྲོལ་འཇའ་ཚོན་སྙིང་པོས་བོན་མིང་དུ་བཅོས་པ་ཆ་བརྒྱད། དེ་དཔེ་བྱས་ཏེ་མཁན་ཆེན་ཉི་མས་མགོ་མཇུག་རྩོམ་ཡིག་བསྒྱུར་ཏེ་མཆོད་རྟེན་ཆ་བརྒྱད་བཅོས། དེ་མཚུངས་དབྱིབས་བཀོད་ཐིག་ཚད་ཕྲན་བུ་ཕར་བཅོས་ཚུར་བཅོས་བྱས་ཏེ། ང་ཡི་ལུགས་ཁོ་ཡི་ལུགས་ཞེས་མཆོད་རྟེན་གྱི་བཀོད་པ་བྱས་པའི་དབྱིབས་ཀྱིས་བོད་དུ་དར་ཁྱབ་བྱུང་། རང་རེ་བོན་ལུགས་ཀྱི་མཆོད་རྟེན་རྣམ་གྲངས་མཆོད་རྟེན་གཞུང་དུ་གསལ་བ་སུམ་ཅུ། གཟི་བརྗིད་དུ་སུམ་བརྒྱ་དང་དྲུག་ཅུ་ལས། སྤྲུལ་པའི་མཆོད་རྟེན་བརྒྱ་དང་ཉི་ཤུ་ཙམ་ལས་མདོ་རྒྱུད་གང་ལས་མ་བྱུང་བས་ཆ་བརྒྱད་ནི་བོན་ལུགས་མ་ཡིན་ནོ། །ཕྱག་ཚད་ནི་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་དོན། རྗེ་མཉམ་མེད་པས་བཀྲལ་བ་གཡུང་དྲུང་བཀོད་ལེགས་ཀྱི་ཕྱག་ཚད་བྲིས་པ་ལས་གསལ་བ་དང་། གཟི་བརྗིད་ལས་གསུངས་པ་བཅས་སུ་བློ་གཏད་རྒྱུ་ལས་གོ་ཐོས་ཐམས་ཅད་ལག་ཏུ་བླངས་ན་མི་སྨྱོན་པ་འགྲོ་ཉེན་འདུག བསྟན་པ་ཡང་ཁུངས་མེད་འཁྱལ་བར་འགྱུར་བས། རྒྱུད་ལུང་དང་མི་མཐུན་པའི་རིགས་རྣམས་མཛད་པོའི་ཐོབ་ཐང་དང་གོ་ས་ལ་མ་ལྟོས་པར་ཟུར་དུ་བཞག་ན་འོས་སོ། །

ཁུངས་ལྡན་ལུང་རིགས་དཔང་དུ་བཙུགས་བྱས་ཏེ། །བདེ་བར་གཤེགས་པའི་གསུང་རབ་འཆད་ནུས་ན། །

བསྟན་པའི་གསལ་བྱེད་འགྲོ་བའི་དམིགས་བུ་རུ། །འགྱུར་བས་ཇི་ལྟར་བཤད་ལ་ཡིད་རངས་སོ། །

ཐོ་ཆོ་བྱུང་རྒྱལ་སྨྲ་བའི་ང་རྒྱལ་ཅན། །གང་དག་རྒྱལ་བསྟན་མ་བཤིགས་རང་སར་ཞོག །

གཡུང་དྲུང་བོན་ནི་དྲི་བྲལ་ཡིད་བཞིན་ནོར། །ངན་སྨྲའི་བཙོག་རྡུལ་མ་བསྲེ་སྐུ་ཚེ་རིང། །

གལ་ཏེ་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས། །རྣམ་དཀར་བསོད་ནམས་བསྒྲུབ་པའི་བློ་ཡོད་ན། །

རྟེན་ལ་མཆོད་འབུལ་དགེ་འདུན་འཚོ་རྟེན་སྦྱོར། །ཕྱི་ནས་ཉེས་པའི་རྩ་བར་འགྱུར་དྭོགས་མེད། །

བསྟན་རྣམ་པས་ན་ག་འབུམ་དུ་བྲིས།། །།

(སྤྱིའི་གཟིགས་གྲངས། 415 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།