ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་མཛད་རྣམ་དད་པའི་ལྷ་དར།

རྒྱལ་བ་ཀུན་གྱི་མཁྱེན་བརྩེ་གཅིག་བསྡུས་ཏེ། །རྒྱལ་སྲས་སེམས་དཔའི་གཟུགས་སུ་མངོན་བྱོན་པ། །

རྒྱལ་བ་གཉིས་པའི་ཞལ་ཚབ་སྨན་རི་བ། །རྒྱལ་སྲས་ལུང་རྟོགས་བསྟན་པའི་ཉི་མ་རྒྱལ། །

ཞེས་དུས་གསུམ་རྒྱལ་བ་ཀུན་ཀྱི་རྒྱལ་ཚབ། བསྐལ་ཁུག་སྨག་རུམ་སེལ་བའི་སྒྲོན་མེ།  སྙིགས་དུས་འགྲོ་བ་སྐྱོབ་པའི་དཔལ་མགོན།  ཞྭ་དཀར་གཡུང་དྲུང་བོན་གྱི་གཙུག་རྒྱན།  རྒྱུ་སྐར་གྱི་ཁྲོད་ན་ཉ་གང་ཟླ་བ།  རྐང་འཐུང་གི་དཀྱིལ་ན་དཔག་བསམ་ལྗོན་ཤིང་། རི་ཕྲན་གྱི་དབུས་ན་ལྷུན་པོ་ལྟ་བུ། རྣམ་འདྲེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྒྱལ་ཚབ་དཔལ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ༸སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་གི་མཛད་རྣམ་ཟུར་ཙམ་རྗེས་དྲན་ཞུ་བ་ལ།

གནའ་ནས་གངས་ལ་འགྱིང་བའི་གྱེར་འབངས་ཀྱི། །མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ཏེ། །

མདོ་སྨད་ཅང་ཤེས་རྟ་ཡི་ཆོལ་ཁ་རུ། །མཚན་དཔེ་ཨུ་དུམ་ཝ་རའི་གཟུགས་སུ་འཛུམ། །

བོད་ཆོལ་ཁ་གསུམ་གྱི་ནང་ཚན་མདོ་སྨད་རྟ་ཡི་ཆོལ་ཁ་ཨ་མདོ་ཤར་ཁོག་ཏུ་ལྗོངས་ལྡོང་ཚང་ཞེས་པའི་དུད་ཚང་དུ་ས་མོ་སྦྲུལ་གྱི་ལོ་ཕྱི་ལོ་ ༡༩༢༩ ལོར་ཡབ་ལྗོང་ལྡོང་རྒྱལ་ལོ་དང་། ཡུམ་བར་རོང་བཟའ་མཚོ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་མཚན་ལ་བླ་མ་ཐར་ཞེས་གསོལ།

དགུང་གྲངས་བདུན་ཏེ་༡༩༣༥ ལོར་བཞེས་སྐབས་སྐྱང་ཚང་དགོན་གྱི་རྒན་བྱ་ཚང་སྲུང་ཐར་བྱ་བའི་སྐུ་མདུན་ནས་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་ཀློག་འདོན་སྦྱངས། དེ་ནས་རིམ་བཞིན་ཡི་དམ་ཕྱི་ནང་གསུམ་གྱི་ཕྱག་ལེན་དང་དཀྱིལ་འཁོར་ཐིག་རྩ་དང་རྡུལ་ཚོན་བཅས་ལའང་ཧུར་བརྩོན་ཆེན་པོས་སྦྱངས་པ་གནང༌།

༡༩༤༡ དགུང་གྲངས་བཅུ་གསུམ་ཐོག་རྒན་བསྟན་པ་ལྷུན་གྲུབ་མཆོག་གི་སྐུ་མདུན་ནས་གསོ་བ་རིག་པའི་གཞུང་ལས་དུས་བཞི་ཁམས་རྩིས་དང༌། མ་བུ་དགྲ་གྲོགས། རྩ་དཔྱད། སྨན་ངོ་སྤྲོད་པ་སོགས་ལ་སྦྱངས་པ་གནང་།

༡༩༤༤ དགུང་གྲངས་བཅུ་དྲུག་གི་ཐོག་དགའ་མལ་དགོན་གྱི་དཔོན་སློབ་ཤེས་རབ་ཕུན་ཚོགས་མཆོག་གིས་རྟགས་རྟེན་འབྲེལ་དུ་མ་ལ་བརྟེན་ན་མཚན་དུ་ཤེས་རབ་ཚུལ་ཁྲིམས་སུ་གསོལ།

༡༩༤༥ དགུང་གྲངས་བཅུ་བདུན་ཐོག་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་སྐར་དང་བསྟུན་ཏེ་སྐྱང་ཚང་བླ་མ་ཤེས་རབ་བསྟན་པའི་རྒྱལ་མཚན་གྱི་སྐུ་མདུན་ནས་གཙང་གཙུག་ཉེར་ལྔའི་སྡོམ་པ་མནོས་ཤིང་མཚན་ལ་ཤེས་རབ་རྣམ་དག་ཏུ་གསོལ། ཧོར་པ་དྲུང་རམས་པ་བསྟན་འཛིན་བློ་གྲོས་རྒྱ་མཚོ་མཆོག་གི་ཞབས་ལ་གཏུགས་ཏེ་སུམ་རྟགས་དག་གསུམ་དང༌། མངོན་བརྗོད་སྙན་ངག རྩིས་དཀར་ནག མཚན་ཉིད་རིག་པའི་བསྡུས་ཚད་ཐེག་རིམ་ས་ལམ་ཕར་ཕྱིན་སོགས་ལ་གསན་བསམ་ལེགས་པར་མཛད་ཅིང༌།

༡༩༥༣ དགུང་གྲངས་ཉེར་ལྔའི་ཐོག་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་བཞེས།

༡༩༥༦ དགུང་གྲངས་ཉེར་བརྒྱད་ཐོག་རྫ་ཨ་བྲག་ཏུ་ཨ་ལགས་སྣང་གསལ་ནམ་མཁའ་རྒྱལ་མཚན་ཞེས་སྙན་པར་གྲགས་པའི་བླ་མ་དམ་པ་དེའི་དྲུང་ནས་དབང་ལུང་མང་དུ་ཞུས་ཤིང༌། དེ་མཚམས་གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དུ་ཕེབས་ཏེ་ལམ་ལྷ་དཔོན་སློབ་ཀྱི་མདུན་ནས་གྲྭ་སའི་སྒྲིག་སྲོལ་ལྟར་གཙང་གཙུག་གི་སྡོམ་པ་ཞུས་ཤིང་མཚན་ལ་སངས་རྒྱས་བསྟན་འཛིན་དུ་གསོལ།

ངེས་འབྱུང་སེམས་ཀྱི་ཁྱུང་ཆེན་དར་མ་ཡིས། །ཐོས་བསམ་སྒོམ་པའི་གཤོག་དྲུག་ལེགས་བསྐྱངས་ཏེ། །

རིག་གཞུང་སྒང་དྲུག་རི་བོའི་ལ་བརྒལ་ཏེ། །བཤེན་གཉེན་དཔག་བསམ་ལྗོན་པའི་རྩེ་ན་འཛེགས།།

བོད་དུ་དུས་འགྱུར་བྱུང་བའི་སྐབས་༡༩༦༠ དགུང་གྲངས་སོ་གཉིས་ཐོག་རྒྱ་གར་ཕྱོགས་སུ་ཕེབས་སྐབས་ལམ་བར་དུ་བལ་བོད་ས་མཚམས་ཀྱི་གློ་ཆུ་མིག་བརྒྱ་རྩ་དང༌། ཀླུ་བྲག་དགོན། རྫོང་གསར་པ། དོལ་པོ་ཚྭ་དགའ། རྟ་རབ་སྲིབ་ཕྱོགས། བསམ་གླིང་དགོན་པ། མཚོ་སྤུངས་མོ། བར་གླེ་སོགས་སུ་ཕེབས་ནས་དེར་བཞུགས་བླ་མ་རྣམས་ཀྱི་དྲུང་ནས་རྩ་ཆེའི་དབང་ལུང་མང་པོ་ཞུས། དེ་སྐབས་རིན་བྲལ་གྱི་གསུང་རབ་དུ་མའང་གཡར་ཞུས་མཛད་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འཕྲུལ་དཔར་དུ་བཏབ་པ་མ་ཟད། གསུང་རབ་རྣམས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དུ་མའི་དཔེ་མཛོད་དང་རིག་གཞུང་གི་བསྟི་གནས་གལ་ཆེན་ཁག་ཏུ་འགྲེམས་སྤེལ་ཡང་མཛད།

༡༩༦༡དགུང་གྲངས་སོ་གསུམ་ཐོག་དབྱིན་ཇིའི་མཁས་དབང་བདེ་གསལ་དགེ་རབ་ཀྱིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་གཙུག་ལག་སློབ་གཉེར་ཁང་ཆེན་མོར་དགེ་རྒན་གནང་རྒྱུའི་རེ་བསྐུལ་ཞུས་པ་བཞིན་དབྱིན་ཡུལ་དུ་ཕེབས་ཏེ། སློབ་གཉེར་ཁང་དེར་བོད་དང་བོན་གྱི་རིག་གཞུང་འཆད་ཁྲིད་ཀྱི་ཞོར་དུ་དབྱིན་ཇིའི་སྐད་ཡིག་ལ་སྦྱངས་བརྩོན་གནང་སྟེ་ལོ་གསུམ་ཙམ་བཞུགས། དབྱིན་ཡུལ་དུ་བཞུགས་སྐབས་རྒྱལ་ཁབ་དང་མི་རིགས་འདྲ་མིན་གྱི་རིག་གཞུང་ཚོགས་འདུ་དུ་མར་ཞུགས།

༡༩༦༣ དགུང་གྲངས་སོ་ལྔའི་ཐོག་ཕྱིར་རྒྱ་གར་དུ་ཕེབས། མ་སུ་རི་རུ་ཡོད་པའི་བྱེས་འབྱོར་བོད་མིའི་སློབ་གྲྭ་ཐོག་མ་དེའི་དགེ་རྒན་ཆེན་མོར་གནང་། བར་སྐབས་ཤིག་ཏུ་ཆོས་ལུགས་ཀྱི་ཕྲག་དོག་དབང་གིས་ཁོང་གི་ཕྱག་ལས་ལ་བར་ཆོད་བྱས་པ་མ་ཚད་ཁོང་གི་སྐུ་སྲོག་ལའང་ཉེན་ཁ་བྱུང་སྟེ་གནས་སྐབས་སུ་ཉེན་ཡོལ་ཆེད་ནོར་ཝེ་རུ་བསྐྱོད་དེ་ཨོ་སུ་ལོ་མཐོ་སློབ་ཏུ་ལོ་གཉིས་རིང་དགེ་རྒན་གྱི་ཕྱག་ལས་གནང་ནས་བཞུགས།

གངས་ཀྱི་མུ་ཁྱུད་བརྒལ་བའི་ཕྱིན་ཉིན་ནས། །རིག་པའི་གཤོག་དྲུག་རྫོགས་པའི་འཕུར་ལྡིང་གིས།།

ཤར་ནུབ་སློབ་གླིང་དུ་མའི་ལ་བརྒལ་ཏེ། །གཤེན་བསྟན་མེ་རོ་སྤར་བའི་དབུ་འཁྱུད་བྲིས།།

དེ་སྐབས༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་བོན་པོའི་གཞིས་ཆགས་བཙུགས་རྒྱུའི་ཐུགས་འདུན་རེ་སྨིན་བྱུང་ནས་ཌོ་ལན་ཇི་ཞེས་པའི་ས་གནས་སུ་་བོན་པོའི་གཞིས་ཆགས་བཙུགས་ཏེ་གདན་ས་སྨན་རིའི་གླིང་ཕྱག་བཏབ་ནས་སྨན་རིའི་མཁན་ཆེན་བསྐོ་རྒྱུའི་ཕྱག་ལས་གནང་སྟེ། ༡༩༦༨བོན་གཞིས་ཐོབ་རྒྱལ་གསར་པ་རུ་གཡུང་དྲུང་གླིང་གི་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་མཆོག་དང༌།

གཙང་སྨན་རིའི་དགོན་གྱི་ཡོངས་འཛིན་བགྲེས་པོ་སངས་རྒྱས་བསྟན་འཛིན་དང་ཡོངས་འཛིན་སྐུ་གཞོན་བསྟན་འཛིན་རྣམ་དག་རྣམ་གཉིས་ཀྱིས་གཙོས་པའི་ཕྱོགས་མཐའ་ཁག་ནས་འཛོམས་པའི་བོན་གྱི་བླ་སྤྲུལ་རྣམས་ཀྱིས་སྔར་སྲོལ་ལྟར་བོན་སྐྱོང་བསྒྲུབས་ནས་ཟན་རྟགས་བསྒྲིལ་ཏེ་ཁོང་ཉིད་སྨན་རིའི་ཁྲི་འཛིན་སོ་གསུམ་པར་བོན་སྐྱོང་བཀའ་སྲུང་གི་ལུང་རྟགས་སུ་བབས་ནས་རྒྱལ་བ་མཉམ་མེད་ཆེན་པོའི་རྒྱལ་ཐེབས་ཀྱི་ཁྲི་རུ་མངའ་གསོལ་ཏེ་མཚན་ལ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་ཞེས་སུ་གསོལ།

མ་གཅིག་སྲིད་པ་རྒྱལ་མོས་མདུན་ནས་འཐེན། །མི་བདུད་འབྱམས་པ་ཁྲག་མགོས་རྒྱབ་ནས་ཕུལ། །

ཁྱེད་ཞབས་མཉམ་མེད་བླ་མའི་ཁྲི་འཕང་རྩེར། །གཡོ་མེད་བཀོད་པའི་ངོ་མཚར་སྲིད་ན་འབར། །

༡༩༧༠དགུང་གྲངས་ཞེ་གཉིས་ཐོག་ནས་ཡོངས་འཛིན་རིན་པོ་ཆེ་དང་ཕྱག་དཔུང་མཉམ་འདེགས་བྱས་ཏེ་བོན་གཞིས་ཐོབ་རྒྱལ་གསར་པའི་གནས་སུ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་བཞེངས་བསྐྲུན་མཛད་དེ། གྲྭ་ས་གོང་མའི་ཕྱག་སྲོལ་བཟང་པོ་རྣམས་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་མཛད་པ་ངལ་མེད་དུ་བསྐྱངས།  ༡༩༧༥ དགུང་གྲངས་ཞེ་བདུན་ཐོག་བོན་གཞིས་ཐོབ་རྒྱལ་གསར་པའི་ཉིན་སློབ་ཞེས་རྒྱ་གར་དབུས་གཞུང་ནས་གཟིགས་རྟོགས་ཡོད་པའི་སློབ་གྲྭ་ཞིག་ཏུ་བསྐྲུན་ཞིང༌། བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཁག་ནས་ཕེབས་པའི་བོན་ཕྲུག་ཉམ་ཐག་དང་དྭ་ཕྲུག་རྣམས་བསྡུས་ནས་བོན་ཕྲུག་བདེ་དོན་ཞེས་པའི་ཚོགས་སྡེ་བཙུགས་ཏེ་བོན་གྱི་རིག་གཞུང་དང་དེང་རབས་ཤེས་ཡོན་སྦྱོང་བའི་སྐལ་བཟང་བསྩལ།  ༡༩༧༨དགུང་གྲངས་ལྔ་བཅུའི་ཐོག་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་དུ་བཙུགས་ནས་ཁྲི་འཛིན་རིན་པོ་ཆེས་ཕྱི་ཡི་དཔལ་འབྱོར་གྱི་མཐུན་རྐྱེན་དང་ཡོངས་འཛིན་རིན་པོ་ཆེས་ནང་སློབ་ཁྲིད་གཙོ་བོ་ཐུགས་འགན་བཞེས་ཏེ་ཐུན་མིན་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་ཀུན་ལ་འཆད་ཉན་ཚུལ་བཞིན་བྱས་པའི་འབྲས་རྟགས་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་འབུལ་བའི་བཅའ་སྒྲིག་གཏན་འབེབས་མཛད་དེ་ད་བར་དགེ་བའི་བཤེས་གཉེན་བརྒྱ་ཕྲག་ལས་བརྒལ་བ་བྱུང་སྟེ་འཛམ་གླིང་གང་སར་གཡུང་དྲུང་བོན་གྱི་བསྟན་པ་གནམ་དར་ས་དར་བྱུང་བ་འདི་ནི་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་མཛད་ཕྲིན་ཆེ་ཤོས་དེ་ཡིན།

བྱས་ཀྱི་གདན་ས་སྨན་གྱི་རི་ངོགས་ནས། །མཁན་སློབ་ཉི་ཟླ་ཟུང་གི་འོད་རླབས་ཀྱིས། །

བཤད་སྒྲུབ་པད་མོའི་ཚལ་ཆེན་རབ་བཞད་དེ། །བཤེས་གཉེན་རྐང་དྲུག་གཞོན་ནུའི་ལང་འཚོ་རྒྱས། །

༡༩༨༧དགུང་གྲངས་ང་དགུའི་ཐོག་ཝཱ་ར་ཎ་སིའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་ལྷན་ཚོགས་དང་བཀའ་བགྲོས་གནང་སྟེ་སློབ་གཉེར་ཁང་དུ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་གསར་འཛུགས་མཛད། ༡༩༨༨དགུང་གྲངས་དྲུག་ཅུའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོན་གཞིས་ཐོབ་རྒྱལ་གསར་པར་གདན་འདྲེན་ཞུས་ཏེ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆད་ཉན་གྱི་འབྲས་རྟགས་སྤྱན་འབུལ་ཞུས་པས༸གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོ་གནང་།  ལོ་དེར་ཕྱོགས་མཐའ་ནས་ཕེབས་པའི་བོན་ཕྲུག་ཕོ་མོ་དབྱེར་མེད་ཞུགས་ཡུལ་བོན་བུ་ཁྱིམ་ཁང་ཡང་གསར་དུ་བཙུགས་གནང་།

༡༩༩༢དགུང་གྲངས་རེ་བཞིའི་ཐོག་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཉིན་ཡང་སྟོན་དགེ་བཤེས་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་མཁན་སློབ་རྣམ་གཉིས་ཐུགས་གྲོས་བྱུང་སྟེ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་རིན་པོ་ཆེའི་བཞུགས་ཁྲིར་མངའ་གསོལ་མཛད།

༡༩༩༤དགུང་གྲངས་རེ་དྲུག་ཐོག་སྐྱབས་རྗེ་མཆོག་བོད་གངས་ཅན་ལྗོངས་སུ་ཐོག་མར་ཆིབས་བསྒྱུར་བསྐྱངས་ཏེ་གྲྭ་ས་གོང་མ་༸བཀྲ་ཤིས་སྨན་རིའི་གླིང་དུ་རྒྱལ་བ་མཉམ་མེད་ཆེན་པོའི་གསེར་ཁྲིར་མངའ་གསོལ་གྱི་རྟེན་འབྲེལ་མཛད་ཅིང༌། གཞན་ཡང་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་ཕེབས་ནས་གཡུང་དྲུང་བོན་གྱི་དགོན་སྡེ་ཁག་ལ་དབང་ལུང་མན་ངག་གི་གདམས་པ་དུ་མ་གནང་སྟེ་གཞིས་ཀྱི་སྡེ་དགོན་གཉིས་ལ་བཀའ་དྲིན་བླ་མེད་དུ་བསྐྱངས། ༢༠༠༡ ལོ་དེར་བོན་གཞིས་ཐོབ་རྒྱལ་གསར་པའི་ལྷོ་ངོས་སུ་བཙུན་དགོན་རདྞ་སྨན་གླིང་ཕྱག་བཏབ། ༢༠༠༥ བོན་གཞིས་སུ་གསང་སྔགས་སྒོམ་སྒྲུབ་གླིང་ཕྱག་བཏབ་སྟེ་༢༠༡༡ལོར་ལེགས་འགྲུབ་བྱུང་། 

༢༠༠༧ དགུང་གྲངས་དོན་དགུའི་ཐོག་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་དཔེ་མཛོད་ཆེན་མོ་ཡོངས་སུ་བཞེངས་བསྐྲུན་མཛད། དེ་བཞིན་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་སྐྱོང་སྤེལ་གསུམ་གྱི་སྲོག་རྩ་ངོ་མ་ནི་བཤད་སྒྲུབ་འདུས་སྡེ་འདི་ཉིད་ཡིན་པས། དེ་ཉིད་གོང་འཕེལ་དང་ཚག་ཚུད་ཡོང་ཆེད་མཚན་ཉིད་མཁན་པོ་དང་མཚན་ཉིད་དཔོན་སློབ་བཅས་བསྐོས་བཞག་གནང་སྟེ་བཤད་སྒྲུབ་ཀྱི་བསྟན་པ་དེ་ཉིད་མིང་ཙམ་མ་ཡིན་པ། བུ་ཕ་བསྟོད་མི་དགོས་དགྲ་ཡིས་བསྟོད། །བུ་མོ་མ་བསྟོད་མི་དགོས་གནས་ཀྱིས་བསྟོད། །ཟེར་བ་ལྟར་ཆོས་ལུགས་གཞན་གྱིས་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་བྱུང་བ་འདི་ནི་སྐྱབས་རྗེ་མཆོག་གི་ཆེས་ཕུལ་དུ་བྱུང་བའི་མཛད་ཕྲིན་ཡིན་པ་མ་ཚད་རང་ཅག་བོན་འབངས་ཡོངས་ཀྱི་བསོད་ནམས་ཀྱང་ཡིན། མདོར་ན་ད་ལྟའི་བར་དུ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ཀྱི་དོན་དུ་ལུས་སྲོག་འབེན་དུ་བཙུགས་ནས་ཉིན་མཚན་བསྟུན་མེད་དུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་དང་གནང་བཞིན་པ་ལགས་སོ། །

ཚེམ་དཀར་བྱིས་པའི་ལང་འཚོ་སྨིན་པ་ནས། །དབུ་ལོ་གངས་རིའི་མདངས་ལྟར་དཀར་གྱི་བར། །

ཚེ་ལུས་ལོངས་སྤྱོད་བསྟན་པའི་ཕྱོགས་བསྔོས་པའི། །ཕ་གཅིག་བླ་མའི་བཀའ་དྲིན་སྙིང་ནས་དྲན། །

དེ་ལྟར་མཆོག་གི་ཐུགས་བསྐྱེད་གཡོ་བ་མེད་པའི་ངང་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་མིང་གི་ལྷག་མ་ཙམ་དུ་འགྱུར་ལ་ཉེ་བའི་དུས་ཀྱི་བསྐལ་ཁུག་ཞིག་གི་ནང་དུ་མེད་པ་ནས་ཡོད་པ། ཡོད་པ་ནས་འཕེལ་རྒྱས་བཏང་སྟེ་འཛམ་གླིང་ཤར་ནུབ་གང་སར་བོན་གྱི་བསྟན་པ་མེ་བཞིན་འབར་བཞིན་པ་འདི་མགོན་པོ་གང་གི་ཐུགས་རྗེའི་བྱིན་རླབས་ཉག་གཅིག་ལས་བྱུང་བ་དངོས་མཐོང་ལག་ཟིན་བྱུང་བ་འདི་རང་ཅག་སྤྱི་བོ་གནམ་བསྟན་གྱི་བོན་འབངས་ཡོངས་སུ་རྫོགས་པས་ངེས་ཤེས་རྙེད་དེ་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཉིན་༸སྐྱབས་རྗེ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་ཕྲིན་ཟླ་བ་ཡར་གྱི་ངོ་བཞིན་གོང་ནས་གོང་དུ་འཕེལ་བའི་གསོལ་བ་ཕུལ་ཚུགས་སུ་འདེབས་པའོ། །

ས་གསུམ་འགྲན་བྲལ་དཔལ་ལྡན་བླ་མ་མཆོག །ས་སྟེང་བོན་འབངས་ཡོངས་ཀྱི་གཙུག་གི་རྒྱན།།

ས་ཆེན་འདི་རུ་བསྐལ་བརྒྱར་བཞུགས་རོགས་ཞེས། །ས་ལ་པུས་མོ་བཙུགས་ནས་གསོལ་བ་འདེབས།།

ཞེས་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་མཛད་རྣམ་དད་པའི་ལྷ་དར་འདི་རྒྱལ་བ་མཆོག་གི་སྐྱབས་འོག་པ་ཁྱུང་ཁྲི་ལྡེས་བྲིས།

(སྤྱིའི་གཟིགས་གྲངས། 446 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།