ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧རྗེ་མཉམ་མེད་ཆེན་པོའི་མཛད་རྣམ་སྙིང་བསྡུས།

རྩོམ་པ་པོ་ཁྱུང་ཁྲི་ལྡེ།

༄༅། །བླ་ཆེན་དྲན་པའི་ཞལ་བྱང་ལས། སྟོང་རྒྱུང་སྤྲུལ་པ་ཤེས་རབ་རྒྱལ་མཚན་གྱིས། །དབུས་རུ་དཀྱིལ་དུ་བསླབ་གསུམ་བསྟན་པ་འཛུགས། །ཞེས་ལུང་ཟིན་གྱི་སྐྱེས་བུ་ཆེན་པོ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ནི་བསིལ་ལྡན་ཁ་བ་རི་ཡི་ཞིང་ཁམས། བོད་ཡུལ་སྟོད་བར་གསུམ་ལས་མདོ་སྨད་ཀྱི་ཁོངས་གཏོགས་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན་རབ་བརྟན་རྒྱལ་པོའི་མངའ་ཁོངས་ད་ལྟའི་ཆུ་ཆེན་རྫོང་ནས་སྤྱི་ལེ་བཞི་བཅུ་ཙམ་སོང་ན་སྟེགས་ཅོག་མདོ་བར་བསླེབ། དེ་ནས་སྤྱི་ལེ་བརྒྱད་ཙམ་འགྲོ་སའི་ས་གནས་སུ་རབ་བྱུང་དྲུག་པའི་མེ་སྤྲེལ་ཕྱི་ལོ་ ༡༣༥༦ ལོར་སྐུ་འཁྲུངས།  ཡབ་ཀྱི་དྲུང་ནས་མོ་རྩིས་གཏོ་དཔྱད་སོགས་རྒྱུ་ཡི་བོན་བཞི་གསན། དགུང་གྲངས་བཅུར་ཕེབས་པའི་ཕྱི་ལོ་ ༡༣༦༥ ལོར་བཤེས་གཉེན་དམ་པ་ཕྱྭ་བླ་དྲང་སྲོང་གཡུང་དྲུང་རྒྱལ་མཚན་མདུན་ནས་གཙང་གཙུག་གི་སྡོམ་པ་ཞུས་ཏེ་མཚན་ལ་ཤེས་རབ་རྒྱལ་མཚན་ཞེས་གསོལ། དེ་ནས་རྒྱལ་བ་བྲུ་ཡི་གདན་ས་གཡས་རུ་དབེན་ས་ཁར་བྱོན་ཏེ་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་མདུན་ནས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མང་དུ་ཞུས། དགུང་གྲངས་སོ་གཅིག་བཞེས་པའི་ཕྱི་ལོ་ ༡༣༨༦ ལོར་མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་ཀྱི་དྲུང་ནས་ཉིས་བརྒྱ་ལྔ་བཅུའི་ཁྲིམས་རྫོགས་པར་ཞུས་ཏེ་གཡས་རུ་དབེན་ས་ཁའི་འདུ་གནས་སུ་སྒྲིག་ཞུགས་གནང་། རོང་སྟོན་ཤེས་བྱ་ཀུན་རིགས་ཀྱི་དྲུང་ནས་ཚད་མ་རིག་པ་སོགས་མཚན་ཉིད་སྐོར་སྦྱངས་ཏེ་མཚན་ཉིད་ལ་མཁས་པར་གྱུར། གཡས་རུ་དབེན་ས་ཁའི་སློབ་ཚན་གྱི་གཞུང་ཤིང་ལྟ་བུར་གྱུར་པའི་གབ་མཛོད་ས་གསུམ་གྱི་གཞུང་ལུགས་ལ་ཕུལ་ཕྱིན་གསན་སྦྱངས་མཛད་དེ་དབེན་ས་ཁའི་ཟུར་བཤད་ཀྱི་མཁན་པོ་ཡང་གནང་།

རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན།བར་སྐབས་རྐྱེན་དབང་གིས་ཞྭ་དཀར་བོན་གྱི་འཆད་ཉན་གྱི་འདུས་སྡེ་ཆེ་ཤོས་གཡས་རུ་དབེན་ས་ཆུ་ཡིས་འཇིགས་ཏེ་བོད་དབུས་གཙང་གི་ཁུལ་དུ་བོན་གྱི་བསྟན་པ་སྣུམ་ཟད་ཀྱི་མར་མེ་བཞིན་གྱུར་བའི་སྐབས། ཐོབ་རྒྱལ་ཕོ་བ་རི་ཡི་མགུལ་དུ་ཤིང་བྱ་ཕྱི་ལོ་ ༡༤༠༥ ལོར་གཡུང་དྲུང་བོན་གྱི་གདན་ས་དཔལ་ལྡན་སྨན་རིའི་དགོན་སྡེ་ཕྱག་བཏབ་ཅིང་། ཁང་ཚན་བཅུ་གཉིས་དང་གྲྭ་ཤག་དྲུག་ཅུ་སོགས་བྲུ་ཚང་གི་སྦྱིན་བདག་དང་མཆོག་གི་ཐུགས་རྗེའི་ནུས་པ་ལ་བརྟེན་ནས་ཡུན་རིང་དུ་མ་འགོར་བར་གྲུབ། དེ་ལ་བརྟེན་ནས་ཀུན་མཁྱེན་ཉི་མ་དང་ཀམ་གཡུང་དྲུང་ཉི་རྒྱལ་སོགས་ཀྱིས། ཁང་ཚན་བཅུ་གཉིས་གྲྭ་ཤག་དྲུག་ཅུ་སོགས། །སྐད་ཅིག་རང་བྱུང་གྲུབ་པའི་མཉམ་མེད་པ། །ཞེས་ཆེ་བསྟོད་ཀྱང་མཛད། དེ་ནས་ད་བར་ཁང་ཚན་བཅུ་གཉིས་དང་གྲྭ་ཤག་དྲུག་བཅུ་དུས་སྐད་ཅིག་གཅིག་ལ་རྫུ་འཕྲུལ་གྱིས་བརྒྱབ་པའི་བཤད་སྲོལ་དེ་ཆགས་པ་རེད། དགོན་དེར་ཟླ་བ་ཡར་ངོ་ལ་འཆད་ཉན་དང་མར་ངོ་ལ་སྒོམ་སྒྲུབ་མཛད་དེ་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་བོན་གྱི་བསྟན་པའི་སྲོག་བཙུགས་ཏེ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་ཉི་མ་གསར་པ་ཞིག་ཤར་བའི་འགོ་ཚུགས། རྗེ་ཉིད་ཀྱི་བུ་སློབ་སྟོང་ཕྲག་དུ་མ་ཡོད་པའི་ནང་ནས་འཆད་རྩོད་རྩོམ་གསུམ་གྱི་བློ་གྲོས་ཡངས་པའི་སྐྱེས་མཆོག་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་། མངའ་རིས་བསོད་ནམས་རྒྱལ་མཚན། བྲུ་ཡི་གདུང་འཛིན་ཀུན་དགའ་དབང་ལྡན། ཤེས་རབ་སེང་གེ  མེ་ཉག་བསོད་ནམས་རྒྱལ་མཚན་སོགས་བྱུང་། རྗེ་ཉིད་ཀྱི་གསུང་རྩོམ་སྐོར་འཕྲུལ་སྒྲོན་རྣམ་ལྔ་སྟེ། ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ། ས་ལམ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ། མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ། འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ། གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་དང་། ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་ལྡེ་མིག  ཁམས་བསྡུས་ཚིག་བཅད་མའི་འགྲེལ་བ། གསང་བའི་དམ་ཚིག་གི་རྣམ་འབྱེད་གསལ་བ་འོད་ཀྱི་རྒྱན། བྱང་སེམས་གབ་པའི་འགྲེལ་བ་གསལ་བྱེད་ཉི་མའི་དཀྱིལ་འཁོར། དབུ་མ་བདེན་གཉིས་ཀྱི་འགྲེལ་བ། ཚད་བསྡུས་ཤེས་བྱ་ཀུན་གསལ་བཅས་ཁྲིད་ཀྱི་སྐོར་དང་། དེ་བཞིན་དུ་འདུལ་བའི་ལས་ཆོག་དང། བསྟོད་ཚོགས་ཀྱི་སྐོར་དང་། སྒྲུབ་སྐོར། བསྐང་བ། ཕྱག་བཞེས། སྨོན་ལམ་གྱེར་དབྱངས། མངོན་རྟོགས། གསོལ་འདེབས་སོགས་གསུང་རྩོམ་དང་སྙན་བརྒྱུད་བཅས་སྣ་ཁ་བརྒྱད་ཅུ་གྱ་དྲུག་ལས་ལྷག་ཡོད། དུས་འགྱུར་གྱི་ཡར་སྔོན་དུ་རྗེ་ཡི་གསུང་འབུམ་ཕྱོགས་གཅིག་ཏུ་བསྒྲིགས་པའི་དཔེ་ཚོགས་ཡོད་མེད་མི་ཤེས་ཀྱང་དུས་ཕྱིས་སུ་ཁྱུང་པོ་རི་བོ་རྩེ་དྲུག་གི་མཁན་པོ་བསོད་ནམས་འགྱུར་མེད་མཆོག་གིས་རྗེ་ཡི་གསུང་འབུམ་ཕྱོགས་བསྒྲིགས་མཛད་དེ་ཆབ་མདོ་པར་འདེབས་བཟོ་གྲྭ་ནས་དཔེ་གཟུགས་ཅན་ཞིག་པར་སྐྲུན་གནང་། འོན་ཀྱང་གསུང་འབུམ་དེའི་ནང་མཚན་ཉིད་སྐོར་མ་གཏོགས་འདོན་ཆོག་སྐོར་སོགས་ཆ་ཚང་བ་ཞིག་ཕྱོགས་བསྒྲིགས་ཞུ་ཐུབ་མེད། ལོ་ཤས་སྔོན་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྗེ་ཡི་གསུང་འབུམ་ཕྱོགས་བསྒྲིགས་མཛད་རྒྱུའི་གྲོས་མཐུན་གྲོས་ཆོད་གནང་བ་ལྟར་སྦྲ་ཆེན་ཀླུ་ཕུག་དགོན་གྱི་སློབ་དཔོན་སྨན་རིའི་དགེ་བཤེས་གཡུང་དྲུང་གཙུག་ཕུད་མཆོག་གིས་ཕྱག་ལས་གནང་སྟེ་གསུང་འབུམ་པོད་བཅུ་ཡི་བདག་ཉིད་ཅན་ཞིག་དེབ་གཟུགས་སུ་པར་སྐྲུན་ཞུས་པ་དེ་ད་སྔོན་ཆ་ཚང་ཤོས་ཆགས་ཡོད། མཉམ་མེད་གསུང་འབུམ།སྤྱིར་བོན་གྱི་གྲོང་སྡེ་ཁག་ནང་འདོན་ཆོག་སྐོར་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའོ། །ཞེས་མཛད་བྱང་དུ་འཁོད་ཚད་རྗེ་ཡིས་མཛད་པ་ཡིན་མིན་བལྟ་དགོས་པ་ལས། ཁ་ཤས་ཀྱིས་མཉམ་མེད་ཀྱིས་མཛད་པའོ། །ཞེས་བཤད་པ་ཡིན་ན་འདོན་མཁན་མང་གི་རེད་ཟེར་ནས་རྫུན་བཟོ་བྱས་པ་དེ་འདྲ་ཡང་ཐོན་མྱོང་བ་ཞིག་རེད། དཔེར་མཚོན་ན་ཁོ་བོའི་ལུང་པ་ཁྱུང་པོ་ལྷོ་གཟི་བ་ལ་སྲིད་རྒྱལ་དྲེལ་ནག་གི་གཟེར་བུའི་ཆ་ལག་ཡིན་ཟེར་བའི་སྲིད་རྒྱལ་ཚོགས་འཁོར་ཞིག་འདུག་པ་དེ་ཨ་འཚོའི་བོན་རྒན་དབུ་མཛད་ཁ་ཤས་ཀྱིས་དཔེ་བཤུ་བྱས་ཏེ་གཏམ་སྟོད་ལ་དར་ནས་སྲིད་རྒྱལ་ཚོགས་བརྒྱ་སྐབས་སྲིད་རྒྱལ་ཐུགས་སྒྲུབ་དང་མཉམ་དུ་སྦྲགས་ནས་འདོན་གྱི་འདུག་པ་དེའི་མཛད་བྱང་ལྟ་བུ་རེད། ཁོ་བོའི་ཕ་དམ་པ་དེས་དེ་ནི་རྗེ་ཡིས་མཛད་པ་མ་ཡིན་པར་ཕྱིས་སུ་བོན་རྒན་ཞིག་གིས་རྟོག་བཏགས་བྱས་པ་ཡིན་ཚུལ་གསུངས། སྔར་དྲེལ་ནག་གཟེར་བུ་ལ་ཆ་ལག་མེད་ནས་མཁན་ཆེན་ཉི་མའི་སྐབས་སུ་ཀམ་གཡུང་དྲུང་ཉི་རྒྱལ་གྱིས་དྲེལ་ནག་གཟེར་བུའི་ཆ་ལག་འདོད་དགུ་བང་མཛོད་དེ་མཛད་པ་ཡིན་གསུངས་ཡོད་རེད། གལ་སྲིད་རྗེ་ཡིས་མཛད་པ་ཡིན་ན་སྨན་རི་ཚང་གི་ཧ་མི་གོ་བ་མི་སྲིད་ལ། དཔེ་ཆ་འདི་ནི་ལུང་ཁུག་འདི་ན་མ་གཏོགས་ས་ཕྱོགས་གཞན་གང་ལ་ཡང་ཡོད་མ་རེད། ཅེས་གསུངས་ནས་ང་ཚོས་སྲིད་རྒྱལ་ཚོགས་བརྒྱ་འདོན་སྐབས་དེ་འདོན་བཅུག་གི་མི་འདུག  དེ་ལྟ་བུའི་རིགས་ལ་ཐུགས་སྣང་དགོས་པ་གལ་ཆེ། ད་དུང་རྗེ་ཡི་ཚད་བསྡུས་ཤིག་ཡོད་པ་ཀུན་མཁྱེན་སྡུད་གྲྭ་ནང་གསལ་བ་དེ་ནི། ད་ལྟ་མཐོང་ཡུལ་དུ་ཡོད་པའི་རྗེ་ཡིས་མཛད་པ་ཡིན་ཟེར་བའི་ཚད་བསྡུས་ཤིག་འདུག་པ་འདི་རེད་མི་འདུག  ཀུན་མཁྱེན་སྡུད་གྲྭའི་ནང་གཞི་གྲུབ་ན་རྫས་ལྡོག་བརྒྱད་པོ་གང་རུང་ཡིན་པའི་ཁྱབ་པ་རྗེ་ཡི་ཚད་བསྡུས་ཤེས་བྱ་ཀུན་གསལ་ལས་གསུངས་ཞེས་གསལ་འདུག་ལ།ད་ལྟའི་ཚད་བསྡུས་ནང་དེ་འདྲ་གསལ་མི་འདུག་པས་སོ།། དེའི་རྒྱུད་འཛིན་སྨན་རིའི་མཁན་ཆེན་བསྐོས་སྟངས་ནི།

རྗེ་ཉིད་ཀྱིས་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་ལ་ཞལ་གདམས་གནང་བ།

ཁྱེད་ནི་རིག་འཛིན་བྱིན་རླབས་བུ། །

ང་ཡི་ཁྲི་སྐྱོང་རྒྱལ་ཚབ་མཛོད། །

འཆད་རྩོད་རྩོམ་གསུམ་བོན་བསྟན་སྤེལ། །

དེ་ཕྱིར་དགོན་འདིར་ཚོགས་པ་ཡི། །

མཚན་ཉིད་རབ་འབྱམས་གང་ཡིན་པ། །

ལྷ་སྲུང་གསོལ་ལ་རྟགས་སྒྲིལ་གྱིས། །

གང་བབ་ང་ཡི་གདན་སར་བཀོད། །

ཤེས་རབ་སྨྲ་སེང་ཐུགས་རྗེ་ཡིས། །

བསྟན་དང་འགྲོ་དོན་ནུས་པར་འགྱུར། །

 ཞེས་གསུངས་པ་བཞིན་ཕྱིས་བོན་སྐྱོང་གསོལ་ནས་རྟགས་རིལ་སྒྲིལ་རྒྱུའི་སྲོལ་བྱུང་སྟེ་ད་ལྟའི་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མའི་བར་ཁྲི་རབས་སོ་གསུམ་བྱུང་ཡོད། མཐར་རྗེ་རིན་པོ་ཆེ་དགུང་གྲངས་དྲུག་ཅུ་བཞེས་པའི་ཤིང་ལུག་ཕྱི་ལོ་ ༡༤༡༥ ལོའི་དབྱར་ཟླའི་ཐ་ཆུང་གི་ཚེས་བརྒྱད་ཉིན་སྐུ་ཞི་བའི་དབྱིངས་སུ་གཤེགས་པའོ། །རྗེ་ཡི་རྣམ་ཐར་ད་ལྟ་དངོས་སུ་བཞུགས་ཡོད་པ་ལས། རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་སློབ་དཔོན་སྤྱན་གཅིག་པ་ཆེན་པོའི་རྣམ་པར་ཐར་པ་ངོ་མཚར་པད་མོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ཞེས་པ་འདི་ནི་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱི་དངོས་སློབ་གྲགས་པ་རྒྱལ་མཚན་གྱིས་མཛད་པ་ཞིག་ཡིན་པ་ལས་སྐུ་མདུན་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐཪ་གནའ་བོའི་ཞལ་ལུང་བཞུགས་པ་ལེགས་སོ། །ཞེས་པ་མཛད་བྱང་དུ་མེད། རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་བཟང་དྭངས་འདྲེན་ངོ་མཚར་པདྨོ་སྟོང་ལྡན་ཞེས་བྱ་བ་བཞུགས་སོ། །ཞེས་པ་འདི་ནི་ཀུན་མཁྱེན་ཉི་མས་མཛད་པ་ཞིག་རེད་འདུག ཀུན་མཁྱེན་ཉི་མས་མཛད་པའི་རྗེ་ཡི་རྣམ་ཐར་༼སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པའི་དེབ་གཟུགས་ཤོག་གྲངས་༡༡༧ནས་༽བཀའ་འགྱུར་ལྷ་ཁང་གསར་བཞེངས་ཀྱི་ལོགས་རིས་སུ་རྣམ་ཐར་བཀོད་བདེ་བའི་ཆེད་དུ། རྣམ་ཐར་འདྲ་མིན་གསུམ་ལ་སོགས། ལུང་རིགས་མཐའ་དག་ནས་བཏུས་ཏེ་བསྒྲིགས། ཞེས་གསུངས་འདུག་པས་ཀུན་མཁྱེན་གྱི་སྔོན་ལ་རྗེ་ཡི་རྣམ་ཐར་འདྲ་མིན་གསུམ་ཡོད་པར་མངོན་པ་མ་ཟད། ༧སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་ཐར་གཡུང་གླིང་མཁན་ཆེན་སྐལ་བཟང་ཉི་མ་ཏོག་གི་རྒྱལ་མཚན་གྱིས་མཛད་པའི་ནང་དུ། མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ཆེན་མོ་ལེའུ་དྲུག་ཅུ་རེ་དགུ་ཡོད་པའི་ནང་། འདི་ནས་བླ་མ་ཉེར་གསུམ་དུས། །མདོ་སྨད་ཨ་ཡི་ཕྱོགས་སུ། །སྨྲ་བའི་སེང་གེའི་སྤྲུལ་པ་གཅིག། མེ་འབྲུག་ཞོན་པ་རྒྱལ་མཚན་ཐོགས། །དབུས་གཙང་སྟོད་སྨད་ཀུན་དུ་ཉུལ། གཙང་འགྲམ་བྱེ་མའི་མཁར་ལ་ཕྱག་རྗེས་འཇོག །སྟོང་ཕྲག་གསུམ་གྱི་དགོན་གནས་འབྱུང་། །གང་མཇལ་ཐར་པའི་ལམ་ལ་བཀོད། ཅེས་གསུངས་པ་དང་། ཞེས་ལུང་དྲངས་འདུག་པས་རྗེ་ཡི་རྣམ་ཐར་ལེའུ་དྲུག་བཅུ་རེ་དགུ་ཅན་ཞིག་ཡོད་པར་མངོན། ངག་སྒྲོས་ལ་རྗེ་ཡི་རྣམ་ཐར་རྒྱས་པ་ཞིག་ཡོད་པ་དེ་སྔར་བོད་སྡེ་པ་གཞུང་གིས་གཞུང་བཞེས་བྱས་ཏེ་ཕྱིར་མ་སྤྲད་པའི་བཤད་སྲོལ་ཞིག་ཡོད་པ་དེ་ཕལ་ཆེར་བདེན་ཤས་ཆེ། གཞན་རྗེ་ཡི་རྣམ་ཐར་མདོ་བསྡུས་ཙམ་ཀུན་མཁྱེན་གྱི་རང་རྣམ་དང་། རྟོགས་ལྡན་ཉམས་བརྒྱུད་ཀྱི་བླ་མའི་རྣམ་ཐར་དང་། ཨ་ཁྲིད་བླ་མ་བརྒྱུད་པའི་རྣམ་ཐར། དཔལ་ཚུལ་བསྟན་འབྱུང་དེ་ཚོའི་ནང་དུ་ཡོད། འུར་བརྗོད་དང་སྒྲོ་བཏགས་མ་ཡིན་པར་དངོས་ཡོད་ལོ་རྒྱུས་དང་མཐུན་ཆེ་བ་ནི་གྲགས་པ་རྒྱལ་མཚན་གྱིས་མཛད་པ་དེ་ཡག་ཤོས་རེད་འདུག་གོ། །རྗེ་རིན་པོ་ཆེའི་ངོ་སྤྲོད་སྙིང་བསྡུས་འདི་ཁྱུང་ཁྲི་ལྡེས་བྲིས།། །།

(སྤྱིའི་གཟིགས་གྲངས། 148 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ ༸ ད…
error: རྩོམ་འདི་བདག་དབང་ཅན་ཡིན།