ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྗེ་ཡི་འཁྲུངས་མཆོད་བསུ་བའི་བསྟོད་ཚོམ།

ངེད་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་སྡེ་ཁག་ནས་རྗེ་མཉམ་མེད་བླ་མའི་འཁྲུངས་མཆོད་བསུ་བའི་ཆེད་དུ་བསྟོད་ཚོམ་གྱི་ལེ་ཚན་ཞིག་བསྐྲུན་ཡོད་པས་དགྱེས་གཟིགས་གནང་བར་ཞུ།

༄༅། ། ཨེ་མ་ཧོ། གང་ཐུགས་སྤྲོས་བྲལ་གཡོ་བ་མེད་པ། །

བསྐལ་བཟང་སྒྲོན་མེའི་བསྐལ་པར་བྱོན་པའི།།

དུས་གསུམ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད།།

སྙིགས་དུས་རྒྱལ་བ་གཉིས་པར་བསྟན་པ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

ཞེས་ལན་གསུམ་རེ་བརྗོད།

༧གང་གསུང་བདེན་གཉིས་ཚད་གསུམ་ཟུང་འབྲེལ།།

བཀའ་འཁོར་ཐོག་མཐའ་བར་གསུམ་རང་བཞིན།།

བརྒྱད་ཁྲི་བཞི་སྟོང་ལུང་རྟོགས་ཀུན་འདུས།།

སྙིགས་དུས་སངས་རྒྱས་གཉིས་པར་བྱོན་པ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

ཞེས་ལན་གསུམ་རེ་བརྗོད།

༧གང་སྐུ་བསླབ་གསུམ་རྣམ་པར་དག་པ།།

སྤང་བསྒྱུར་གྲོལ་བའི་ལམ་ཞུགས་དོན་རྟོགས།།

ཐེག་མཆོག་རྒྱལ་སྲས་སེམས་དཔའ་ཀུན་འདུས།།

སྙིགས་དུས་རྒྱལ་བ་གཉིས་པར་བསྟན་པ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

ཞེས་ལན་གསུམ་རེ་བརྗོད།

༧དེ་ནས་ནང་རྒྱུད་འབྲས་བུའི་ཐེག་པའི་ལུགས་བཞིན་གསོལ་བ་འདེབས་པ་ནི།

བྱིན་རླབས་རྩ་བ་དཔལ་ལྡན་བླ་མ།།

རྒྱལ་བ་དགོངས་རྒྱུད་གྲུབ་ཆེན་རིག་འཛིན།།

སྐུ་གསུམ་འབྱུང་གནས་བླ་མ་ཀུན་འདུས།།

སྙིགས་དུས་སངས་རྒྱས་གཉིས་པར་བསྟན་པ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

ཞེས་ལན་གསུམ་རེ་བརྗོད།

༧མཐུ་སྟོབས་རྩ་བ་ཡི་དམ་ལྷ་མཆོག།

ཞི་ཁྲོ་ཕུར་གསུམ་མེ་སྟག་ཁྱུང་སོགས།།

གསང་གསུམ་བདག་ཉིད་ཡི་དམ་ཀུན་འདུས།།

སྙིགས་དུས་སངས་རྒྱས་གཉིས་པར་བསྟན་པ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

ཞེས་ལན་གསུམ་རེ་བརྗོད།

༧ འཕྲིན་ལས་རྩ་བ་མ་སྲིང་མཁའ་འགྲོ།།

ཡེ་ཤེས་རྫུ་འཕྲུལ་ལས་ལ་གྲུབ་པའི།།

གནས་གསུམ་མཁའ་འགྲོའི་རྒྱ་མཚོའི་མིང་གཅིག།

སྙིགས་དུས་སངས་རྒྱས་གཉིས་པར་བསྟན་པ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

ཞེས་ལན་གསུམ་རེ་བརྗོད།

དེ་ནས་གསང་བ་བླ་མེད་ཐེག་པའི་ལུགས་བཞིན་གསོལ་བ་འདེབས་པ་ནི།

མི་གཡོ་སྤྲོས་བྲལ་གདོད་མའི་མགོན་པོ།།

སྐྱེ་མེད་སྟོང་ཆ་མེད་པ་ལྔ་ལྡན།།

བོན་སྐུ་ཀུན་ཏུ་བཟང་པོ་དངོས་བྱོན།།

སྙིགས་དུས་སངས་རྒྱས་གཉིས་པར་བསྟན་པ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

ཞེས་ལན་གསུམ་རེ་བརྗོད།

༧ འོག་མིན་འཐུག་པོ་བཀོད་པའི་ཞིང་དུ།།

འགག་མེད་ལྷུན་གྲུབ་ངེས་པ་ལྔ་ལྡན།།

རྫོགས་སྐུ་གཤེན་ལྷ་འོད་དཀར་དངོས་བྱོན།།

སྙིགས་དུས་སངས་རྒྱས་གཉིས་པར་བྱོན་པ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

ཞེས་ལན་གསུམ་རེ་བརྗོད།

༧ འཛམ་གླིང་རྟག་གཟིགས་འོལ་མོ་གླིང་དུ།།

གཉིས་མེད་གང་འདུལ་མ་ངེས་ལྔ་ལྡན།།

སྤྲུལ་སྐུ་བསྐལ་སྟོང་སངས་རྒྱས་དངོས་བྱོན།།

སྙིགས་དུས་རྒྱལ་བ་གཉིས་པར་བསྟན་པ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

ཞེས་ལན་གསུམ་རེ་བརྗོད།

ཡང་གསང་ལྷན་སྐྱེས་སེམས་ཉིད་ཀྱི་སྒོ་ནས་གསོལ་བ་འདེབས་པ་ནི།

ཀཿདག་ཡེ་སྟོང་སྤྲོས་བྲལ་ཀུན་གཞི།།

མ་བཅོས་ཡེངས་མེད་སྐྱོང་བའི་ལམ་མཆོག།

འབྲས་བུ་ལྷུན་གྲུབ་མཐར་ཕྱིན་སྐུ་གསུམ།།

སྙིགས་དུས་རྒྱལ་བ་གཉིས་པར་བསྟན་པ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

མཉམ་མེད་ཤེས་རབ་རྒྱལ་མཚན་མཁྱེན་ནོ།།

ཞེས་ལན་གསུམ་རེ་བརྗོད་ཅིང་སྙིང་ཁོང་རུས་པའི་གཏིང་ནས་རྩེ་གཅིག་གསོལ་བ་དྲག་ཏུ་གདབ་ན། རྒྱལ་བ་མཉམ་མེད་ཆེན་པོ་སངས་རྒྱས་དངོས་སུ་ལགས་ཕྱིར། རང་རེའི་རྗེས་འབྲང་རྣམས་ལ་ཐུགས་རྗེ་ཡེ་ཤེས་སྤྱན་གྱིས་གཟིགས་པ་ཐེ་ཚོམ་མེད་དོ།།

སྨོན་ལམ་ནི།

ལྷ་ཡི་ལྷ་མཆོག་ཉིད་ལ་གསོལ་བཏབ་མཐུས།།

བསླབ་གསུམ་བོན་བསྟན་དར་རྒྱས་འཕེལ་བ་དང་།།

འདི་ཕྱིའི་དོན་གཉིས་ལྷུན་གྲུབ་མཐར་ཕྱིན་ནས།།

མཉམ་མེད་བླ་མའི་བསྟན་པ་རྒྱས་བྱེད་ཤོག།

ཅེས་བྱའོ།། སྤྱིར་རང་རེ་བོན་གྱི་བསྟན་པ་རྒྱ་ཆེ་མི་ཡོང་བ། སྤྱིར་བླ་མ་ལྷ་ཡི་གཙོ་བོར་བཟུང་སྟེ་གསོལ་བ་གདབ་མ་ནུས་པ་དང་། རྩ་བའི་བླ་མའི་བཀའ་དམ་ལ་མ་སེམས་པའི་སྐྱོན་ཡིན་འདུག་པས། རྗེས་འཇུག་རྣམས་ལུས་སྲོག་ལོངས་སྤྱོད་གཏམ་དང་སྙན་གྲགས་ཆུས་སོ་གང་ལ་ཐུག་ཀྱང་། བླ་མའི་དམ་ཚིག་གཙོར་འཛིན་ནས། གསོལ་འདེབས་བླ་མའི་རྣལ་འབྱོར་ལ་བརྩོན་པར་ཞུ་ཞུ། ཞེས་པ་ཉམས་སུ་ལེན་པ་སྒོ་རིགས་མཁན་མིང་ཉི་མ་བསྟན་འཛིན་གྱིས་གཡས་རུ་མཁར་སྣའི་རི་ཁྲོད་དུ། མཉམ་མེད་ཆེན་པོ་སངས་རྒྱས་དངོས་སུ་ཡིན་པ་དེ་བཞིན་དད་འདུན་དྲག་པོ་ཤར་ཏེ་བརྩམས་པའི་དགེ་དེས་བོན་བསྟན་རྒྱས་གྱུར་ཅིག ཐ་ཚན་མུ་ཙུག་སྨར་རོ།།

སྐྱེས་ཆེན་ཞིག་རྗེས་སུ་དྲན་པ།

ཁྱུང་ཁྲི་ལྡེ།

༧ལྷོ་ཕྱོགས་འཛམ་བུའི་རྩེ་མོ་ན།། སེམས་ཀྱི་ཞི་བདེའི་སྲོལ་འབྱེད་པའི།།

སྟོན་མཆོག་གཤེན་རབ་མི་བོ་ཞེས།། མཚན་གྱི་ཅོད་པན་སྲིད་འདིར་འཕགས།།

༧དེའི་བསྟན་པའི་བསྐལ་ཁུག་ན།། སྟོན་པའི་དཔུང་པ་ཡ་གཅིག་སྟེ།།

རྣམ་དག་འདུལ་བའི་རྒྱལ་སྲས་མཆོག །མཉམ་མེད་བླ་མ་སྙིང་ནས་དྲན།།

༧མཆོག་སྐུ་སེར་ཆེན་མེ་ཏོག་དེ།། ཅང་ཤེས་རྟ་ཡི་ཆོལ་ཁ་རུ།།

མངོན་པར་བཞད་པའི་དུས་ཆེན་འདིར།། ཁྱེད་ཀྱི་ཞབས་རྗེས་ཡིད་ལ་འཁོར།།

༧ཧི་མ་ལ་ཡའི་རི་སུལ་འདིར།། མཁས་དང་གྲུབ་པའི་གཙུག་གི་རྒྱན།།

དྲན་དབང་ཁྲི་འབུམ་འཁྲུངས་པའི་དབུས།། མཉམ་མེད་བླ་མ་མངོན་པར་འཕགས།།

༧བོད་ཀྱི་བླ་མའི་རྣམ་ཐར་ཀུན།། ལྷ་འདྲེ་ཆེ་གེ་མོ་ཞིག་དང་།།

མཐུ་རྩལ་རྫུ་འཕྲུལ་འགྲན་རབས་ལས།། ཞབས་རྗེས་མངོན་གསུམ་འབྲི་མཁན་ཉུང་།།

༧ལྷག་པར་སྤྲུལ་ཆེན་བླ་ཆེན་ཚོ།། ཡེ་ནས་སངས་རྒྱས་རློན་པ་ཞིག།

འགྲོ་དོན་མི་ཡི་གཟུགས་སྤྲུལ་ཏེ།། ས་ལ་བབས་རབ་ཁོ་ནར་གླེང་།།

༧ཚེ་འདིར་དཀའ་སྤྱད་སྙིང་རུས་ཀྱིས།། ལམ་རིམ་ཡར་བགྲོད་ལ་བརྟེན་ནས།།

འཕགས་ལམ་བརྙེས་པའི་བླ་མ་ཞིག། མེད་པ་ལྟ་བུའི་རྩོམ་གྱིས་གང་།།

༧དེ་འདྲའི་རྫུན་རྩོམ་མ་ཡིན་པར།། རྗེས་དྲན་ངོ་མ་ཞུ་འདོད་ན།།

བཟང་ངན་དཀའ་སྡུག་གང་མྱོང་བ།། ཚུལ་བཞིན་བྲིས་ན་དོན་དང་ལྡན།།

༧རྒྱལ་བ་མཉམ་མེད་བླ་མ་ཁྱེད།། དཀའ་སྤྱད་གང་ཡང་མ་བྱས་པ།།

ཡོད་ཚད་འབད་མེད་ལྷུན་གྲུབ་པའི།། ཐོད་བརྒལ་བ་ཞིག་ག་ལ་ཡིན།།

༧ཁྱེད་ཉིད་འཁྲུངས་པའི་ཉིན་མོ་ནས།། བྱིས་པ་སྣབས་ལུག་ཙམ་ཞིག་ལས།།

ལྷ་ཀླུ་ཡོད་ཚད་དབང་བསྒྱུར་བའི།། མྱི་ཆེན་ཡིན་རབས་ངས་མི་གླེང་།།

༧ཆུང་ནས་གཤིས་བཟང་རྒྱུད་དུལ་བའི།། བྱིས་པ་གཉོམ་ཆུང་ཚད་ལྡན་ཞིག།

ཆུ་དང་ཆོ་ལེའི་འཚོ་བའི་ཁྲོད།། ལང་ཚོའི་ཁོ་ལག་མངོན་པར་རྒྱས།།

༧དགེ་རྒན་བཙན་པོའི་འགྲམ་ལྕག་འོག །ངུ་དགོད་སྤེལ་མའི་གོ་རིམ་ཁྲོད།།

ཀ་ཁ་ག་ངའི་རྣམ་དབྱེ་ནས།། རིམ་བཞིན་ཤེས་རིག་བདུད་རྩི་རོལ།།

༧ངེས་འབྱུང་སྒྲོ་གཤོག་དཀར་པོ་ཞིག། ཁྱེད་ཀྱི་འོག་རྟའི་ཚབ་བྱས་ཏེ།།

རི་ཆུ་སྟོང་གི་འགག་འཕྲང་ནས།། ཞབས་ཀྱི་ན་ཟུག་བཞེས་ནས་ཕེབས།།

༧དབུས་གཙང་དག་པའི་ཞིང་ཁམས་ཏེ།། གཡས་རུ་དབེན་སའི་འདུས་སྡེ་རུ།།

བསླབ་གསུམ་ངུར་སྨྲིག་ཁང་བཟང་དུ།། སྡོམ་གསུམ་ནོར་བུའི་རྒྱན་གྱིས་སྤྲས།

༧ཕྱི་ནས་ལྷགས་རླུང་ཚ་མོས་མནར།། ནང་ནས་གྲོད་ཁོག་ལྟོག་པས་གཅུན།།

བར་ནས་བཙན་པོས་བརྡུངས་བ་སོགས།། དཀའ་སྡུག་རི་བོ་ཙམ་ཞིག་མྱོང་།།

༧འོན་ཀྱང་བྱང་ཆེན་མ་ཐོབ་པར།། སྔོན་ཚེ་སྟོན་པའི་རྣམ་ཐར་བཞིན།།

དཀའ་སྤྱད་སྡུག་རུས་དང་བླངས་ཏེ།། དམ་བཅའི་རི་མོ་རྡོ་ལ་བརྐོས།།

༧གཞུང་ཆེན་གབ་མཛོད་ས་གསུམ་དང་།། རིག་གནས་སྒྲ་རྩིས་བཟོ་ཚད་སོགས།།

གཅིག་མཁན་གཅིག་རྨོངས་མ་ཡིན་པར།། ཐམས་ཅད་ཕུལ་དུ་ཕྱིན་པར་སྦྱངས།།

༧ཐོས་པས་ཚིག་གི་སྒྲོ་འདོག་བཅད།། བསམ་པས་དོན་གྱི་བརྡར་ཤ་བཅད།།

སྒོམ་པས་ཉམས་ཀྱི་གོལ་ས་བཅད།། འདི་གསུམ་ཁྱེད་ཀྱིས་ཕ་ནོར་བྱས།།

༧ལུང་རིག་མེ་ཡི་གཤོག་བརྐྱངས་ཏེ།། གདན་ས་དབུ་རྩེ་དཀར་དམར་གྱི།།

མཁས་བཙུན་སྟོང་གི་སྤྲིན་རུམ་ནས།། རྒྱལ་ཐེབས་ཆེན་མོའི་འབྲུག་སྒྲ་བསྒྲགས།།

༧གཡས་རུ་བོན་གྱི་འདུས་སྡེ་དེ།། རྐྱེན་ངན་ཆུ་ཡིས་སྟོངས་བྱས་ཏེ།།

ཞྭ་དཀར་བོན་གྱི་སྲོག་དབང་ཉིད།། ཡོངས་རྫོགས་འགག་ལ་ཉེ་བའི་སྐབས།།

༧ཐོབ་རྒྱལ་སྨན་གྱི་རི་བོ་རུ།། གདན་ས་སྨན་རིའི་གླིང་བཏབ་སྟེ།།

ཞྭ་དཀར་བོན་གྱི་བླ་སྲོག་གཉིས།། འཕོ་བ་རི་ཡི་མགུལ་ནས་མཐུད།།

༧ཡར་ངོ་ཐོས་བསམ་འཆད་ཉན་དང་།། མར་ངོ་བསྙེན་སྒྲུབ་ལས་སྦྱོར་གྱི།།

ལམ་ལུགས་དར་གྱི་གུར་ཁང་དེ།། བཀྲ་ཤིས་སྨན་གྱི་རི་ལ་ཕུབ།།

༧མཁྱེན་བརྩེའི་ཁ་འབབ་རྣམ་བཞི་ལས།། ཉེར་འཁྲུངས་འཕྲུལ་སྒྲོན་རྣམ་ལྔ་སོགས།།

བཀའ་བརྟེན་བདུད་རྩིའི་མཚོ་མེར་ཏེ།། གཤེན་བསྟན་དབྱར་མཚོ་གྱེན་དུ་འཕྱུར།།

༧དམར་སེར་ངུར་སྨྲིག་ཁོང་གསེང་ནས།། གཞན་ཕན་སྙིང་རྗེའི་མཆུ་འདབ་ཀྱིས།།

བརྩེ་བའི་བཀའ་ཆབ་ཟེགས་མ་རེས།། འཛམ་གླིང་ཞི་བདེའི་དཔལ་ལ་བཀོད།།

༧རང་ལྟ་མཆོག་ཏུ་མི་འཛིན་ཅིང་།། གཞན་ལ་སྡང་བར་མི་བྱེད་པའི།།

འཆམས་མཐུན་ལྟ་བའི་སྲོལ་འབྱེད་དེ།། གངས་རིའི་ཞིང་ན་རྗེ་ཁྱེད་ཙམ།།

༧ད་བར་དུས་ཀྱི་གཉན་འཕྲང་དེར།། བོན་འབངས་ངུ་དྲི་བྲོ་བའི་དུས།།

ཁྱེད་ཀྱི་ཐབས་དང་ཐུགས་རྗེ་ཡིས།། གྱེར་གྱི་ཁྱིམ་གཞིས་གསར་དུ་བསྐྲུན།།

༧ཁྱེད་ཀྱི་མཛད་ཕྲིན་ཆ་ཙམ་ཞིག། ཐོས་ཆུང་རྒྱ་ཁབ་མིག་སྒོ་རུ།།

ཤར་ཚེ་དད་པའི་རླུང་ཤུགས་ཀྱིས།། རྗེས་དྲན་རྩོམ་གྱི་ལྗགས་འདབ་གཡོས།།

༧ཁྱེད་ཀྱི་ཟབ་གདམས་བདུད་བརྩིའི་བཅུད།། ལོངས་སུ་སྤྱོད་པའི་སྐལ་བཟང་ཅན།།

མདོ་ཁམས་ཁྱུང་གི་ཁྲི་ལྡེ་ཡིས།། བར་པོ་སྤྲིན་གྱི་མཁར་ནས་ཕུལ།།

བཅོས་མིན་དད་པའི་འཛུམ་རླབས།

ཁམས་རིག་གྲོལ་པས།

མཐོན་མཐིང་དབུ་སྐྲའི་ལན་བུ་ལྟ་ན་སྡུག།

འཇོ་སྒེག་ཉམས་བརྒྱའི་གར་གྱི་རྣམ་རོལ་ཞིང་།།

སྙན་འཇེབས་ངག་རིག་བདུད་རྩིའི་དཔལ་སྟེར་བའི།།

ཡིད་འཕྲོག་ཚངས་སྲས་བདག་མགྲིན་ཁབ་ཏུ་རོལ།།

ཤེ༵ས་བྱའི་གནས་ལ་ཤེ༵ས་རབ་སྤྱན་ཡངས་ཤིང་།།

ར༵བ་མང་འགྲོ་ལ་ར༵བ་དཀར་བརྩེས་གཟིགས་མཁན།།

རྒྱ༵ལ་གཤེན་བསྟན་པའི་རྒྱ༵ལ་མཚན་སྒྲེང་མཛད་པོ།།

མཚ༵ན་དཔེ་གསལ་རྫོཌ་མཚ༵ན་བཟང་སྐྱེས་བུར་བསྔཌ།།

༧ཁྱེད་སྐུ་རྟ་བདུན་དབང་པོའི་གཟི་འོད་འབུམ།།

དཀར་ཕྱོགས་རྫོགས་པ་དང་པོའི་ཤར་རིའི་རྩེར།།

ལས་ཅན་དགའ་བའི་སྐྱེད་ཚལ་རྒྱས་ཕྱིར་དུ།།

ལས་སྨོན་སྐྱ་རེངས་གསར་པས་ཉེ་བར་དྲངས།།

༧འཆ༵ད་པ༵་ཟད་མེད་རིན་ཆེན་གསེར་གླིང་དུ།།

རྩོ༵ད་པ༵་ལྡོག་མེད་ཐོག་མདའི་དབལ་འབར་ཞིང་།།

རྩོ༵མ་པ༵་རིས་མེད་གཞུང་བརྒྱའི་གནད་བཀྲོལ་བའི།།

གང་གིས་འགྲན་མེད་སྐྱེས་མཆོག་ཁྱེད་ཉིད་ཙམ།།

༧དེ་ཡི་མཁྱེན་ཡོན་མ་པང་གཡུ་མཚོའི་ཁྱོན།།

དྲི་བྲལ་བསླབ་གསུམ་པ༵ད་མོ༵འི་ཚལ་རྒྱས་ཤིང་།།

ལུང་རིག་གསེར་གྱི་ཉ༵་མོ༵འི་གཤོག་འགྱུར་ཅན།།

འཁོ༵ར་ལོ༵་གསུམ་གྱི་བདག་ཉིད་སྨན་རི་བ།།

༧ཕྱིན་བཅུ་གསེར་གྱི་དཔ༵ལ་བེ༵འུའི་རྨིང་གཞིའི་སྟེང་།།

རྟེན་མཆོག་རིན་ཆེན་དང་པོའི་ཁང་བཟང་དབུས།།

གཞན་ཕན་ལྷག་བསམ་དཀར་པོའི་རྒྱ༵ལ་མཚ༵ན་རྩེར།།

བླ་མེད་ལྟ་བའི་དབུ༵་གདུ༵གས་ཡས་མར་ཕུབ།།

༧ལས་སྨོན་རྟེན་འབྲེལ་དག་པའི་ལྷ་ལམ་དུ།།

ཚོགས་གཉིས་མཚམས་སྤྲིན་གསར་པའི་ཡོ་ལང་ལས།།

འཁྲུངས་པའི་སྐུ་གསུམ་འབྲས་བུའི་བཅུད་འཕྱོ་བའི།།

བཤེས་གཉེན་གསེར་གྱི་བུ༵མ་བཟ༵ང་ཨེ་མ་རྨད།།

༧མ་ཡུམ་གངས་ལྗོངས་དབྱིག་འཛིན་སྒེག་མོའི་ལྟོར།།

ལྔ་རིག་དཔྱིད་ཀྱི་དཔལ་ཡོན་བསུ་བའི་གཉེན།།

ཐོས་བརྩོན་བློ་གྲོས་དབུགས་ཀྱིས་ཉེར་བསྐུར་བས།།

གསུང་མཆོག་དུ༵ང་དཀ༵ར་སྒྲ་ཡིས་སྟོང་གསུམ་འགེངས།།

༧ཤེ༵ས་ལྡན་སྲིད་པ་རྒད་པོའི་ལོ་རྒྱུས་ཁྲོད།།

ཤེས་ར༵བ་ཅན་གྱི་རིགས་བཟང་མཁས་པའི་ཕུལ།།

སྐྱེ་རྒུའི་འགྲོ་འདྲེན་རྒྱ༵ལ་བ་གཉིས་པ་ཞེས།།

མཚ༵ན་སྙན་ཚངས་རྒྱུང་དབུ་མའི་སྤོ་རུ་མངོན།།

༧གང་གི་མཛད་བཟང་སྙན་འཇེབས་དབྱར་སྐྱེས་རྔ་།།

མཐའ་མེད་སྲིད་པའི་ཞིང་འདིར་ཆེས་བདལ་བས།།

དད་ལྡན་མདོངས་མཐའ་དགའ་བས་རབ་མྱོས་ཏེ།།

ངོ་མཚར་བསྟོད་ཚིག་སྒྲོ་གུར་འདི་ན་ཕུབ།།

ཨེ་མ་རྗེ་ཡི་འཁྲུངས་མཆོད་དད་སྤྲོས་བསུ།

__ཚུལ་ཁྲིམས་དྲི་མེད།

གཡས་ཀྱི་རུ་ནས་ཐོས་བསམ་རིག་པས་གཞུང་ལུགས་རྒྱ་མཚོའི་གཏིང་མཐའ་བཅད།།

ངེས་པ་དོན་གྱི་མཁས་པའི་ཁྲི་ལ་མཁྱེན་རབ་ཉི་མའི་འོད་ཀྱིས་རྩེན།།

སྨན་གྱི་རི་ལ་འཆད་རྩོད་རྩོམ་པའི་བོན་གྱི་འཁོར་ལོ་ཐོག་མར་བསྐོར།།

སྐལ་ལྡན་གདུལ་བྱ་སྨིན་ཞིང་གྲོལ་བའི་བསླབ་གསུམ་བསྟན་པའི་རྒྱལ་མཚན་བཙུགས།།

༧མཁྱེན་པའི་ཡེ་ལྔ༵འི་རྩལ་དང་རོལ་པའི་འཕྲིན་ལས་མི་ཟད་གར་བསྒྱུར་བས།།

སྒོ་བཞི་མཛོད་ལྔ༵འི་མདོ་རྒྱུད་རྒྱ་མཚོའི་དགོངས་དོན་སྙིང་པོ་འདིར་བླངས་ཏེ།།

འཕྲུལ་སྒྲོན་རྣམ་ལྔ༵འི་གཞུང་ཆེན་པོ་ཏི་བསྟན་པ་འདི་ཡི་གསལ་བྱེད་བཞག།

སྨྲ་སེང་རིགས་ལྔ༵འི་གསུང་གི་རྣམ་སྤྲུལ་མཉམ་མེད་པ་དེར་ལན་བརྒྱར་བསྟོད།།

༧ཁྱེད་ཉིད་ཞིང་དུ་བདེ་བར་གཤེགས་ཏེ་བརྒྱ་ཕྲག་ལོ་ཡི་ཡུན་འདས་ཀྱང་།།

ཁྱེད་ཀྱི་མཛད་པའི་འོད་སྣང་མ་ཡལ་ད་དུང་འཇིག་རྟེན་ཁམས་འདིར་ལྷག།

དེ་རིང་ཁྱེད་ཀྱི་བཀའ་དྲིན་ཟབ་མོ་དྲན་པའི་སྙིང་གི་འཕར་སྒྲའི་ཁྲོད།།

ལུས་ངག་ཡིད་གསུམ་དགེ་ལ་གཞོལ་ནས་ཁྱེད་ཀྱི་འཁྲུངས་མཆོད་དད་སྤྲོས་བསུ།།

སེམས་ཁོང་མཆོད་ཚིག

ཁྱུང་གཤོག

མཁྱེན་བརྩེའི་དབང་ཕྱུག་འདྲེན་མཆོག་ཁྱེད་ཉིད་ཀྱིས།།

མཚན་དཔེའི་རང་མདངས་མི་གཟུགས་སྟོན་ནས་བཟུང་།།

གདུལ་བྱ་མཐའ་མེད་ལྷ་ཀླུ་མི་གསུམ་དང་།།

ཁྱད་པར་མོས་ལྡན་རང་བཅག་བོན་ཁམས་བསྐྱངས།།

མཚན་དཔེའི་ཟླ་གཞོན་འགྲོ་བའི་མུན་སེལ་ཅན།།

དབྱེར་མེད་ཐུགས་རྗེའི་མཚན་དཔེའི་སྐུ་བསྟན་པས།།

འགྲོ་ཁམས་ཉི་འོད་ཀུན་ཀྱི་དབྱངས་གཅིག་ཏུ།།

ཁྱེད་ཀྱི་ཐུགས་རྗེའི་གཟིག་བཅས་མཚན་རྣམས་བརྗོད།།

སྲིད་པའི་རྒྱན་གཅིག་ཐུགས་རྗེའི་སྤྱན་ཅན་ཏེ།།

གཡོ་མེད་དད་པའི་གུར་ཁང་ལས་བྱུང་པས།།

འཁྲུངས་པའི་བཤེས་གཉེན་སྐྱེས་དགུའི་འགྲོ་བའི་མ།།

དབྱེར་མེད་དཔོན་གསས་བླ་མ་ཨེ་མ་རྨད།།

གཟུང་འཛིན་གཉིས་མེད་རང་དབང་མངོན་དུ་གྱུར།།

ཐིག་ལེ་ཉག་གཅིག་རང་བཞིན་ལྷུན་ལ་རྫོགས།།

མཐར་ཐུགས་གནས་ལུགས་མངོན་སུམ་དོན་རྟོགས་པའི།།

སྨྲ་བའི་དབང་པོ་ཁྱེད་ལ་གུས་པས་བསྟོད།།

མཉམ་མེད་ཆེན་པོའི་འཁྲུངས་སྐར་བསུ།

ཁྲི་སྨྱུག་དགའ།

ཀུན་གསལ་ཐུགས་ལ་ཉི་ཟླའི་བརྩེ་བ་འཁྱིལ།།

དཔག་བསམ་སྐུ་ལ་བསླབ་གསུམ་ལོ་འདབ་གཡོ།།

རྒྱལ་མོ་རོང་ནས་འཛུམ་པའི་སྐར་མ་འོད།།

དབུས་གཙང་ཡུལ་ལ་བབས་པའི་ཁྱུང་ཆེན་ཏེ།།

གནའ་བོའི་ཤེས་རིག་དེད་དཔོན་སྨན་རི་བ།།

མཉམ་མེད་ཆེན་པོའི་འཁྲུངས་སྐར་སྙིང་ནས་བསུ།།

༧བརྩེ་བའི་སྤྲིན་ལས་ཟབ་གདམས་སྦྲང་ཆར་འཇོ།།

སྐར་མའི་འཁོར་ཚོགས་ཤེས་རབ་འདབ་སྟོང་བཞད།།

རིས་མེད་གཞུང་བརྒྱ་ཉུལ་བའི་སྤྱན་ཡངས་པ།།

ལུང་རིགས་གད་རྒྱངས་སྒྲོག་པའི་སེང་ཆེན་ཏེ།།

ངེས་དོན་མཁས་པའི་ཁྱུ་མཆོག་སྨན་རི་བ།།

མཉམ་མེད་ཆེན་པོའི་འཁྲུངས་སྐར་སྙིང་ནས་བསུ།།

༧ལོག་རྟོག་བྲག་རི་བདེན་ཚིག་ཐོག་ལྕེས་བཏུལ།།

གསེར་གྱི་བཀའ་ལ་གསལ་བྱེད་ཏི་ཀ་བཏབ།།

འཆད་ཉན་དབྱར་མཚོ་རྒྱས་བྱེད་དུང་གི་ཟླ།།

ཞི་བའི་རྟུལ་ཤུགས་འཆང་བའི་གླང་པོ་ཆེ།།

འཁོར་ལོ་གསུམ་གྱི་བདག་ཉིད་སྨན་རི་བ།།

མཉམ་མེད་ཆེན་པོའི་འཁྲུངས་སྐར་སྙིང་ནས་བསུ།།

༧གདུལ་བྱའི་ཞིང་ལ་འཕྲིན་ལས་གཟི་འོད་འཕྲོས།།

རྗེས་འཇུག་མཁན་རབས་གསེར་རིའི་ཕྲེང་བ་བྱོན།།

གོས་སྔོན་བསྟན་པ་རབ་ཏུ་མཛེས་མཛད་པ།།

དགག་སྒྲུབ་ཚུལ་བཞིན་སྨྲ་བའི་གཡུ་འབྲུག་ཆེ།།

རྒྱལ་བ་གཉིས་པ་འགྲོ་མགོན་སྨན་རི་བ།།

མཉམ་མེད་ཆེན་པོའི་འཁྲུངས་སྐར་སྙིང་ནས་བསུ།།

༧ཐེག་དགུའི་ཐེམ་སྐས་ཐོས་བསམ་གོམ་པས་བཅད།།

གཞི་ལམ་འབྲས་བུའི་རྣམ་བཞག་གསེད་དཀྲོལ་བགྱིས།།

འཆད་སྒྲུབ་གཉིས་ལྡན་མི་ཡི་སེམས་དཔའ་མཆོག།

རྣམ་དཔྱོད་རི་མོ་བཀྲ་བའི་རྒྱ་རྫོང་སྟག།

གཤེན་བསྟན་པད་ཚལ་རྒྱས་མཛད་ཉི་མའི་འོད།།

མཉམ་མེད་ཆེན་པོའི་འཁྲུངས་སྐར་སྙིང་ནས་བསུ།།

མཆོད་ཚིག་དབྱངས་ཀྱི་མེ་ཏོག

ཁྲི་གཙུག་བསྟན་པ།

༧ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ཡི།། ཐུགས་རྗེའི་གཏེར་འཆང་མཉམ་མེད་པ།།

བསྟན་དང་འགྲོ་བའི་མགོན་པོ་རུ།། འཁྲུངས་པའི་སྐལ་བཟང་དུས་སྟོན་ཚེས།།

༧མཚུངས་བྲལ་དཔོན་གསས་ཁྱེད་ཉིད་ཀྱི།། གཡོ་མེད་ཐུགས་ཀྱི་གསང་མཛོད་ནས།།

མཁྱེན་དཔྱོད་ཟླ་བའི་འཛུམ་ཟེར་གྱིས།། བཅུ་ཕྲག་རིག་པའི་གནས་ཀུན་གསལ།།

༧གསུང་གི་ལང་ཚོ་རྫོགས་པའི་བོན།། ལྗགས་རྩོམ་ནོར་བུའི་གཏེར་ཁ་ཡིས།།

རྗེས་འཇུག་སྐལ་ལྡན་བྱེ་བའི་སྡེ།། རྨོངས་པའི་དབུལ་བ་སེལ་བར་བྱེད།།

༧འཆད་རྩོད་རླབས་ཕྲེང་གཡོ་བའི་གནས།། བཤད་སྒྲུབ་འདུས་པའི་རོལ་མཚོ་རུ།།

ཁྲིམས་ལྡན་སྐྱེས་བུ་ངང་མོའི་ཚོགས།། ཀུན་སྙོམས་བརྩེའི་བས་སྐྱོང་ལ་མཁས།།

༧མགོན་པོ་མཆོག་གི་ཐུགས་བསྐྱེད་ཀྱིས།། རྒྱལ་བ་སྨན་རིའི་མཁན་སློབ་རྣམས།།

སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས།། མཚན་སྙན་གཟི་བརྗིད་འབར་འདི་རྨད།།

རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་སྐར་བསུ།།

རིག་པའི་ཁུ་བྱུག
སྙིགས་ལྔའི་རྒུད་ཚོགས་དར་བའི་སོ་ཁ་ན།།
དུས་ཀྱི་ཀྱོག་མཚམས་ཤིག་གི་དཔའ་བོ་སྟེ།།
འཕྲུལ་ངག་བོན་གྱི་མེ་ཆེན་སྤོར་བའི་བཤེས།།
རྒྱལ་བ་མཉམ་མེད་ཆེན་པོ་སླར་ཡང་དྲན།།
༧དབུས་གཙང་སྟོད་ཀྱི་ས་འཛིན་ལྟེ་བ་ན།།
འཆད་རྩོད་རྩོམ་དང་ཐོས་བསམ་སྒོམ་པ་ཡི།།
མཁས་གྲུབ་ཀུན་གྱི་བླ་ན་འཕགས་པའི་བཤེས།།
སངས་རྒྱས་སྨན་རི་བ་ཡི་བཀའ་དྲིན་དྲན།།
༧ལུང་ལས།ཕྱི་སྣོད་འཇིག་རྟེན་མེ་ཆུ་རླུང་གིས་འཇིག །
ནང་བཅུད་སེམས་ཅན་ནད་མུག་མཚོན་གྱིས་སྟོང་།།
ཞེས་དང་། ལུས་ཅན་ལ་ལ་མ་ཡི་མངལ་དུ་འཆི།། དེ་བཞིན་སྐྱེས་འཕྲལ་བྱི་སྦ་དར་རྒས་རྒུད།། ཚེ་ཚད་རིང་ཐུང་ངེས་མེད་སྙིང་རེ་རྗེ།། དེ་བཞིན་དངོས་པོ་སུ་ཡིན་ན་འགྱུར་ལྡོག་འགྲོ་གི་ཡོད་ལ། དེ་བས་མི་སེམས་འགྱུར་ལྡོག་ཆེ། མི་སེམས་ཀྱི་འགྱུར་ལྡོག་ནི་གློག་ལས་མྱུར། དུས་རབས་ཀྱི་འགྱུར་འགྲོས་དང་། ལས་དབང་གི་འགྱུར་ལྡོག་ཁ་བཙན་པས། མི་ཡི་འཚོ་བ་དང་གོམས་གཤིས་ཡོངས་རྫོགས་ལས་དབང་དང་དུས་དབང་གིས་སྒྱུར་འགྲོ། གོམས་སྲོལ་རྙིང་པ་དང་ལུགས་སྲོལ་རྙིང་པ་རིག་གཞུང་རྙིང་པས་རིམ་བཞིན་རང་རེའི་མི་རིགས་ལ་ཞབས་ཞུ་བསྒྲུབ་མི་ཐུབ་པ་ཅ་ལག་གོག་པོ་བཞིན་འགྱུར་འགྲོ། ཡིན་ན་ཡང་ལྟ་སྤྱོད་ཟབ་མོ་ལྡན་པའི་རིག་གཞུང་གི་ལྟ་སྤྱོད་རྙིང་རྒྱུ་མེད་ཀྱང་མི་སེམས་ཀྱིས་རྙིང་སྣང་གིས་ཞེན་ལོག་གི་དྲི་མས་བསླད་ནས་ཉམས་སུ་མི་ལེན་ནས་ཟུར་དུ་བཞག་པ་མང་། དེས་རྐྱེན་པས་རིག་གཞུང་རྙིང་པའི་ཚིག་དང་ཁ་ཕྱོགས་དང་གཙོ་བོ་བཤད་སྟངས་ནི་དུས་རབས་བཞིན་ཏོག་ཙམ་མ་འདྲ་བར་བཤད་དགོས་པ་ཆགས་ཀྱི་ཡོད། དེ་ལྟའི་དུས་ཀྱི་ཀྱོག་མཚམས་ལ་བསླེབ་དུས་བཤད་སྟངས་གསར་པས་མི་སེམས་ཉོབ་ཏོ་རྣམས་གཉིད་ལས་སད་པ་བཞིན་དུ་འགྲོ་བའི་ཕན་ཐོགས་ཡོད་པར་སོང་། དེ་ལྟའི་བོན་པོའི་དུས་ཀྱི་ཀྱོག་མཚམས་ན། ལས་དབང་དང་སྐུ་བསོད་ཤེས་ཡོན་ཉམས་རྟོགས་རབ་ཏུ་འབར་བའི་རྒྱལ་བ་མཉམ་མེད་ཆེན་པོ་ཞེས་ཤར་ཕྱོགས་རྒྱལ་མོ་རོང་དུ་སྐུ་འཁྲུངས། ཡབ་ཀྱི་དྲུང་ནས་རྒྱུ་ཡི་བོན་བསླབ།ཕྱྭ་བླའི་དྲུང་ནས་རབ་བྱུང་གི་སྡོམ་པ་ཞུས།ན་ལེན་ཏྲ་རུ་སོང་། དབུ་ཚད་ཐེག་གསུམ་ལ་རྩོད་སྦྱང་གནང་། གཞུང་ལུགས་རབ་འབྱམས་པའི་མཚན་གནས་བཞེས། གྲྭ་ས་སྟོད་སྨད་བར་གསུམ་དུ་གྲགས་པ་འབར། དབེན་ས་ཁའི་གླིང་ཟུར་གྱི་མཁན་པོ་མཛད། དབེན་ས་ཁ་སྟོང་རྗེས་བཀྲ་ཤིས་སྨན་རིའི་ས་སྟོང་དུ་ཕེབས་དེར་དགོན་པར་བཏབས། མཚན་བཀྲ་ཤིས་སྨན་རིར་གསོལ། དེ་ནས་བཟུང་། རང་དོན་དུ་སྒོམ་སྒྲུབ་ཉམས་ལེན།གཞན་དོན་དུ་འཆད་རྩོད་རྩོམ་གསུམ། ཟླ་བ་བྱུང་ངོ་ཅོག་གི་ཡར་ངོ་ལ་འཆད་ཉན། མར་ངོ་ལ་བསྙེན་སྒྲུབ་ལག་ལེན་གནང་ཏེ། དབུས་གཙང་སྨན་རི་རུ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུས་ས་ཆེན་བཀང་། མཐུ་བྱིན་མེ་ལྟར་འབར།ཉམས་རྟོགས་བྱིན་བརླབས་ཀྱི་ཆར་རྒྱུན་འབེབས། བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་གསུམ་མ་ལུས་པར་རྗེ་ཉིད་ལ་རྫོགས་པར་མཛད། དེས་མ་ཚད་གབ་མཛོད་ས་གསུམ། མདོ་སྔགས་སེམས་གསུམ། དེ་དག་གི་ལས་ཆོག་དང་ཆ་ལག་སོགས་ལ་ཕྱག་ལེན་དང་ཟིན་རིས་འགྲེལ་བ། ལྷག་པར་དུ་རྗེ་ཡི་འཕྲུལ་སྒྲོན་རྣམ་ལྔ་ཞེས་བོན་པོ་ཡོངས་ཀྱི་གཙུག་ཏུ་བཀུར་ཞིང་ལག་ཏུ་ལེན་པར་འོས་པའི་གཞུང་ལུགས་སོགས་ཟབ་གདམ་གནད་སྨིན་གྱི་གསུང་པོད་མང་དུ་བརྩམས་ནས་རྗེས་བཞག་མཛད་པས་མདོ་སྔགས་ཟུང་འབྲེལ་གཤེན་བསྟན་སྨན་རི་བ་ཞེས་སྙན་པའི་གྲགས་པས་ཡུལ་ཅན་བཅོ་བརྒྱད་ལ་ཁྱབ་ཅིང་། བྲུ་ཞུ་སྤ་རྨེའུ་གཤེན་དང་ལྔ་། ཀླད་ན་ལྡིང་བའི་ཁྱུང་དང་དྲུག་གི་དབུ་རུ་ལྷམ་མེ་ལྷང་ངེར་བརྗིད་པར་བཞུགས་སོ། །སྐབས་དེར་རི་བོ་དགེ་ལྡན་པའི་བསྟན་པ་ཤར་ཙོང་ཀ་པས་དབུ་བཙུགས་ཏེ་མེ་འབར་འབར་འགྱུར་ཏེ་མདོ་སྟོད་སྨད་བར་གསུམ་གྱི་བཀའ་ས་རྙིང་ཇོ་ཕར་ཆེར་དབང་འོག་ཏུ་བཙུད་པའི་དུས་ཤིག་ཤར་བཞིན་ཡོད་ཀྱང་། རྗེ་རྣམ་གཉིས་སྟག་འགྱིང་གཡག་འགྱིང་ཚུལ་དུ་དབུས་གཙང་ལ་གཅིག་གིས་གཅིག་ལ་གླགས་མི་རྙེད་པས་སོ་སོའི་བསྟན་པ་སོ་སོས་སྐྱོང་བཞིན་བཞུགས་པ་དེ་ནི་ཆེས་ངོ་མཚར་བའི་གནས་སོ། །སྐབས་དེར་བོན་ཕྱོགས་ལ་སྐུ་དྲགས་མི་ཆེན་དབང་ཆེན་རྒྱབ་གཉེར་ཡོད་རབས་མེད་ཀྱང་། བོད་གངས་ཅན་གྱི་ས་གནད་བོན་བསྟན་འཛིན་པའི་བླ་མས་བོན་བསྟན་མེ་འབར་བཞིན་འཛིན་སྐྱོང་སྤེལ་གསུམ་མཁན་རབས་སོ་གཉིས་བར་དུ་བསྐྱང་རྒྱུ་བྱུང་བ་དང་། ལྷག་པར་དུ་དུས་འགྱུར་བྱུང་ནས་མི་ཡུལ་དུའང་བོན་བསྟན་འཛིན་སྐྱོང་སྤེལ་བའི་ལྟེ་གནས་དང་། དར་སྤེལ་གཏོང་རྒྱུ་བྱུང་བ་ནི་རྗེ་རྒྱལ་བ་གཉིས་པ་མཉམ་མེད་པའམ་སངས་རྒྱས་སྨན་རི་བ་ཡི་བཀའ་དྲིན་ལགས་པས་དེ་རིང་རྗེ་ཉིད་ཀྱི་འཁྲུངས་སྐར་དུས་ཆེན་ཉིན་འདིར་སླར་ཡང་དྲན་བཞིན་དབྱིངས་ནས་སྤྱན་འདྲེན་མཆོད་པ་འབུལ་བ་སོགས་བོན་སྤྱོད་ཡན་ལག་བདུན་གྱི་སྒོ་ནས་གསོལ་བ་འདེབས།བྱིན་བརླབས་ཞུ།མོས་པའི་བུ་སློབ་ལ་མཆོག་ཐུན་གྱི་དངོས་གྲུབ་སྩོལ་ཅེས་ཞུ་བ་ལགས་སོ།།

འཁྲུངས་སྐར་བསུ་བའི་ལྷ་དར།

སྲིད་པའི་མིག

༧དུས་ཀྱི་འགྱུར་འགྲོས་བཞིན་དུ་མི་སེམས་ཀྱང་། །
སྐད་གཅིག་མི་བརྟན་འགྱུར་བའི་རང་བཞིན་ལས། །
ལུས་དང་ལང་ཚོའི་ཁ་དོག་དེ་བས་ཀྱང་། །
ཐམས་ཅད་མི་རྟག་ཅེས་པའི་ཚིག་ལ་ཐིམ། །

༧འོན་ཀྱང་འདས་སོང་བྱས་པའི་རྗེས་དང་ཤུལ། །
ཆུ་དང་མེ་ཡིས་གཤེགས་བསྐྱོད་མ་ནུས་པར། །
ལོ་ཟླའི་ཉིན་སྲིབ་སྦྲེལ་བའི་འགྲམ་ངོགས་ནས། །
སླར་ཡང་སྒྲ་འོད་ཟེར་དང་བཅས་ཏེ་བྱུང་། །

༧དྲུག་བརྒྱ་དྲུག་ཅུའི་གོང་གི་མེ་སྤྲེལ་ལོར། །
ཉི་མའི་འོད་ལས་བལྟམས་པའི་ཁྱེའུ་ཞིག །
རྒྱལ་མོ་རོང་ནས་ངོ་མཚར་ལྟས་དང་བཅས། །
གཡུ་ཡི་ཟུར་ཕུད་དཀྲོལ་ནས་མི་རུ་བརྫུས། །

༧འཕྲུལ་གྱི་ཡི་གེས་གཞོན་ནུས་ལང་ཚོ་བསྐྱེད། །
ལྷན་སྐྱེས་རིག་པས་གཤིས་ཀྱི་དེ་ཉིད་ཉུག །
གང་དག་འགྲོ་བ་ཐར་པར་བཀྲི་བའི་ཕྱིར། །
བརྒྱད་ཁྲི་བཞི་སྟོང་བོན་གྱི་འཁོར་ལོ་བསྐོར། །

༧གཙང་སྟོན་རིམ་བྱོན་རང་སྟོན་ཆེན་པོ་སོགས། །
བླ་སློབ་དམ་ཚིག་ལོ་ཡི་ཕྲེང་བའི་བརྒྱུད། །
གནས་ལྔ་ཤེས་བྱའི་མུ་ཏིག་བསྟར་བ་ཡིས། །
འཛམ་གླིང་བོན་གྱི་གཙུག་གི་རྒྱན་དུ་གྱུར། །

༧སྒོ་མཛོད་ཐེག་དགུ་སྤུངས་པའི་མཛོད་ཁང་ནང་། །
ཡེ་ཤེས་སྤྱན་གྱིས་གཟིགས་པའི་དབྱིག་ནོར་ཏེ། །
རྣམ་ལྔའི་འཕྲུལ་སྒྲོན་སྤར་བའི་འོད་རླབས་ཀྱིས། །
ཁྱེད་ཉིད་རྒྱལ་བ་གཉིས་པའི་ཁྲི་རུ་བཞེངས། །

༧འཁོར་འདས་ས་ལེར་གསལ་བའི་སྤྱན་ལྡན་ཕྱིར། །
སྤོང་སྒྱུར་གྲོལ་གསུམ་ལམ་གྱི་བདག་གྱུར་པས། །
མཚུངས་བྲལ་རྗེ་གཅིག་མཉམ་མེད་བླ་མ་ཞེས། །
སྲིད་གསུམ་ཆེ་དགུ་ཡོངས་ཀྱིས་གཙུག་ཏུ་བཀུར། །

༧བསྟན་པའི་རྩ་བ་ཚུལ་དང་ཁྲིམས་ལ་གཏུགས། །
གཡས་རུའི་མཁན་པོའི་མཚན་གྱིས་འདུས་སྡེ་བསྐྱངས། །
གཙང་གི་གདན་ས་སྨན་གྱི་རི་ལ་བཏབས། །
ཤེས་རབ་རྒྱལ་མཚན་སྲིད་པ་གསུམ་ན་གྲགས། །

༧དེ་ལྟའི་མཚན་ལྡན་བླ་མ་དྲན་པའི་གཏམ། །
ཁྱེད་ཀྱི་མཚན་དཔེའི་ཟླ་བ་བཞད་པའི་ཉིན། །
མར་མེའི་འོད་དང་ལྷ་བསང་དུད་སྤྲིན་སོགས། །
སྒྲ་དབྱངས་རོལ་མོའི་མཆོད་པ་སྦྲེལ་ནས་ཕུལ། །

སྲིད་པའི་མིག་ནས་ཕྱི་ལོ་༢༠༡༦ཟླ་༠༢ཚེས་༡༣ཉིན་དགོང་མོའི་གློག་འོད་བརྒྱུད་ནས་རྗེ་ཡི་འཁྲུངས་སྐར་བསུ་བའི་སྐྱེས་སུ་ཕུལ།

འཁྲུངས་མཆོད་ལྷ་ཡི་དགའ་སྟོན།

ལི་བློ་གསལ།

༧ཤེས༵་བྱའི་གནས་ཀུན་གཟིགས་པའི་སྤྱན་སྟོང་གཡོ།།
རབ༵་འབྱམས་སྡེ་སྣོད་སྨྲ་བའི་ལྗགས་རླབས་འཁྱུག །
རྒྱལ༵་ཀུན་མཁྱེན་བརྩེའི་རང་གཟགས་ཤར་བའི་ལྷ།།
མཚ༵ན་ལྡན་མཉམ་མེད་བླ་མས་དགེ་ལེགས་སྩོལ།།

༧མདོ་ཁམས་རྒྱལ་མོ་རོང་གི་ས་ཡི་ཆར།།
ཀླུ་རྒྱལ་ཡབ་དང་རིན་ཆེན་སྨན་གཉིས་ལ།།
མེ་སྤྲེལ་དཔྱིད་ཟླ་ར་བའི་ཚེས་ལྔ་ཉིན།།
མཚན་དཔེ་སྐུ་ཡི་དཀྱིལ་འཁོར་མངོན་པར་བཞད།།

༧ལྷན་སྐྱེས་ཤེས་རབ་འབར་བའི་འཛུམ་རླབས་ཀྱིས།།
བརྡ་དག་སྙན་སོགས་ཐུན་མོང་རིག་གནས་དང་།།
མོ་རྩིས་གཏོ་དཔྱད་རྒྱུ་ཡི་བོན་སྒོ་སོགས།།
གསན་ཙམ་ཉིད་ནས་ཐོགས་མེད་མཁྱེན་རྩ་རྫོགས།།

༧བོན་བརྒྱད་འཁོར་ལོའི་འགྲོས་ལ་ཞེན་ལོག་སྟེ།།
ཕྱྭ་བླ་དྲང་སྲོང་གཡུང་དྲུང་རྒྱལ་མཚན་མདུན།།
རབ་བྱུང་གཙང་མ་གཙུག་ཕུད་སྡོམ་ཁྲིམས་མནོས།།
ཤེས་རབ་རྒྱལ་མཚན་མཚན་གྱི་ཅོད་པན་གསོལ།།

༧གཡས་རུའི་སྟོན་པ་མཁས་གྲུབ་རིན་བློ་ཡི།།
ཞབས་རྡུལ་སྤྱི་བོར་གཙུག་ཏུ་མཆོད་བྱས་ཏེ།།
དབུ་ཕར་མཛོད་འདུལ་ཕྱི་ནང་གསང་གསུམ་བོན།།
གང་ཐུགས་རྣམ་དཔྱོད་རིག་པའི་བཅུད་དུ་བལྟམས།།

༧བསླབ་གསུམ་མཛོད་འཛིན་ཚུལ་ཁྲིམས་ཡེ་ཤེས་ཞེས།།
འདུལ་ཁྲིམས་ཡན་ལག་བརྒྱད་ལྡན་ཆུ་གཏེར་ལས།།
བསྙེན་རྫོགས་འདོད་འབྱུང་ནོར་བུ་བླངས་མཁས་པ།།
ཁྱེད་ནི་ཁྲི་གཙུག་རྒྱལ་བའི་གདུང་སོབ་དངོས།།

༧རི་ལུང་སྨན་མཆོག་བཞད་པའི་སྐྱེད་ཚལ་དུ།།
བཀྲ༵་ཤིས༵་སྨན༵་རི༵་གླིང༵་གི་སྒྲུབ་སྡེ་བཏབ།།
མདོ་སྔགས་ཟུང་འབྲེལ་བོན་གྱི་མེ་རོ་སྤར།།
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་སྲིད་རྩེ་སྒྲེངས།།

༧གང་གི་མཁྱེད་དཔྱོད་རིག་པའི་རྩེད་འཇོ་ལས།།
འཁྲུངས་པའི་ལེགས་བཤད་འཕྲུལ་སྒྲོན་རྣམ་ལྔའི་མཛོད།།
བསམ་འཕེལ་ཡིད་བཞིན་དབང་གི་རྒྱལ་པོ་བཞིན།།
གཤེན་བསྟན་གསེར་འོད་འཕྲོ་བའི་དཔལ་དུ་ཤར།།

༧གཉུག་མའི་གཤིས་ལ་འགྱུར་ནུབ་མི་མངའ་ཡང་།།
བོན་ཅན་མཚན་མའི་རྟག་ཆད་མཐའ་བསལ་ཕྱིར་།།
རིག་པ་གཅེར་མཐོང་འཆད་ཁྲིད་གནང་བཞིན་ངང་།།
བོན་ཉིད་བདེ་ཆེན་རྒྱལ་པོའི་དབྱིངས་སུ་བསྡུས།།

༧ཁྱེད་ཀྱི་མཛད་འཕྲིན་ལྷ་ཡི་ལམ་ཡངས་པོར།།
ཚུར་མཐོང་རྐང་དྲུག་འདབ་མས་བཞལ་མིན་ཡང་།།
ཁྱེད་ཉིད་འཁྲུངས་བའི་དུས་ཆེན་མཚོན་ཕྱིར་དུ།།
མ་བཅོས་དྲང་སྲོང་དགྱེས་པའི་མཆོད་ཚིག་ཡིན།།

ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་ཁམས་གསུམ་བོན་གྱི་རྒྱལ་པོ ༧ རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་མདོ་ཁམས་རྒྱལ་མོ་རོང་དུ་སྐུ་ཡི་མཚན་དཔེ་མངོན་པར་བཞད་ནས་མི་ལོ ༦༦༠ འཁོར་བའི་དུས་ཁྱད་པར་ཅན་དང་བསྟུན་ཏེ་ལི་བློ་གསལ་ནས 2016/2/13 ལ་ཕུལ།།

(སྤྱིའི་གཟིགས་གྲངས། 203 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བགྲེས་པོའི…
error: རྩོམ་འདི་བདག་དབང་ཅན་ཡིན།