ལྷ་ཐོག་རྒྱལ་ཡོངས་ཚོགས་པའི་ཐུགས་གསོའི་གསུང་འཕྲིན།
ཐུགས་གསོའི་ཞུ་ཡིག
༄༅།།སྨྲ་བའི་དབང་ཕྱུག་༧སྐྱབས་རྗེ་འཁོར་ལོའི་མགོན་པོ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་སྐུ་ན་ཆུང་དུས་མདོ་སྔགས་རིག་གཞུང་ཀུན་ལ་ནང་བྱན་ཆུད་པར་མཛད་དེ་དགུང་ལོ་བརྒྱ་ཐམ་པ་བཞེས་ཀྱི་བར། ཐུགས་བསྐྱེད་དམ་བཅའ་བཙན་པོས་བསྟན་འགྲོའི་མཛད་ཆེན་ཁུར་དུ་བཞེས་མཛད་ནས། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མར་བོན་བསྟན་དར་སྤེལ་དང་རྒྱུད་འཛིན། རིག་གཞུང་ངོ་སྤྲོད། གསུང་རབ་རྟེན་གསུམ་འབྲི་བཞེངས་མཛད་པ། བོན་འཆད་ཉན་དང་། ཐོས་བསམ་སྒོམ་སྒྲུབ་ཡ་མ་བྲལ་བའི་ཐོག་ནས་གསུང་སྐྱེས་ཀྱི་སློབ་མ་བགྲང་ལས་འདས་པ་སྐྱེད་སྲིང་གནང་བས། རྒྱལ་བ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་དང་། གངས་ཅན་བོད་ཀྱི་རིག་གཞུང་མ་ལག་དང་བཅས་པ་ལ་བཀའ་དྲིན་གཞལ་མཐའ་བྲལ་བའི་མཛད་འཕྲིན་རྒྱ་ཆེར་བསྐྱངས། མགོན་པོ་གང་གི་གསུང་རྩོམ་པོད་ཆེན་ཉི་ཤུ་ལྷག་ཕྱི་རབས་རྗེས་འཇུག་རྣམས་ལ་བཞག་མཛད་པ་ནི་བཀའ་དྲིན་གཞལ་མཐའ་བྲལ། ད་ལན་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་ངོར་རེ་ཞིག་སྐུ་ཡི་བཀོད་པ་བསྡུས་པར་མྱ་ངན་གུས་འདུད་དང་། གང་གི་ཞལ་སློབ་སུ་གཏོགས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བ་དང་འབྲེལ།མགོན་པོ་གང་གི་ས་ལམ་ལ་བར་ཆད་མེད་པར་ཀ་དག་རྫོགས་པ་ཆེན་པོ་གཞི་དབྱིངས་སུ་མངོན་པར་བྱང་ཆུབ་སྟེ། བརྩེ་ཆེན་བྱམས་པའི་ཀློང་ནས་གདུལ་བྱ་རྣམས་རྗེས་སུ་འཛིན་པའི་གསོལ་འདེབས་དང་སྨོན་འདུན་གྲངས་མེད་ཞུ་ཞུ།
ཕྱི་ལོ་ ༢༠༢༥།༦།༢༠ཉིན་ལྷ་ཐོག་རྒྱལ་ཡོངས་ཚོགས་པའི་སྐབས་བདུན་པའི་རྒྱུན་ལས་ནས་ཕུལ།