སྐབས་བཅུ་བཞི་པའི་དགེ་བཤེས་མཛད་སྒོའི་དངོས་གཞིའི་དམ་བཅའ་ཆེན་མོ་དང་སྟོན་པའི་འཁྲུངས་མཆོད་ཀྱི་གནས་བསྡུས།
སངས་རྒྱས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་བཞི་པའི་དགེ་བཤེས་མཛད་སྒོའི་དངོས་གཞིའི་དམ་བཅའ་ཆེན་མོའི་གནས་བསྡུས།
འདི་ལོའི་བཀའ་རམས་པ་རྣམ་པས་སྔོན་འགྲོའི་བཤད་པ་ཚར་ནས་ཁར་རྩང་དང་དེ་རིང་གཉིས་ཏེ་ཉིན་གཉིས་ཀྱི་རིང་དངོས་གཞིའི་དམ་བཅར་བཞུགས་ཡོད། དེ་ཡང་ཧོར་ཟླ་༡༢ཚེས་༡༤ཕྱི་ལོ་༢༠༢༥ཟླ་༢ཚེས་༡༡རེས་གཟའ་མིག་དམར། སྔ་དྲོ་ཕྱག་ཚོད་༠༩ཐོག ༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག གདན་ས་ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་། དེ་བཞིན་དེ་ཉིན་གྱི་བཀའ་རམས་པ་རྒྱལ་དབང་དྲང་སྲོང་ཤེས་རབ་དགེ་ལེགས་རྒྱ་མཚོ། ཅང་པ་དྲང་སྲོང་ཚུལ་ཁྲིམས་ཀུན་ཁྱབ་མཐར་ཕྱིན། རྗེས་རུ་དྲང་སྲོང་ཁྲི་གཙུག་བསྟན་པ་རྒྱལ་མཚན། ཁྲ་རྒན་དྲང་སྲོང་གཡུང་དྲུང་བསྟན་པ་རྒྱལ་མཚན། འགྲུ་རིགས་དྲང་སྲོང་ཚུལ་ཁྲིམས་དྲི་མེད་རྣམ་དག ལི་བྱིངས་དྲང་སྲོང་ཚུལ་ཁྲིམས་རྒྱ་མཚོ་་རྣམ་པ་དྲུག་བཅས་བདུག་སྤོས་དང་རྒྱ་གླིང་གིས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཤིང་། དགེ་འདུན་རྣམ་པ་དང་སྐུ་མགྲོན་ཁག་དང་མི་མང་རྣམ་པ་བཅས་བཞུགས་གྲལ་དུ་འཁོད་རྗེས། བཀའ་རམས་པ་རྣམ་པ་དྲུག་གིས་དམ་བཅའ་བློ་རྒྱུགས་ཕུལ་བ་དང་འབྲེལ་ཉུང་ཇ་བཞེས་གྲོ་བཅས་འདེགས་འབུལ་ཞུས།
ཉིན་གུང་བཀའ་རམས་པ་ཐུན་མོང་གི་གཏོང་སྒོ་ཆེན་མོ། ཉིན་རྒྱབ་ཕྱག་ཚོད་༡:༣༠ཕྱེད་ཀའི་ཐོག་གོང་གསལ་བཀའ་རམས་པ་རྣམ་པ་དྲུག་པོ་དངོས་གཞིའི་དམ་བཅའ་ཆེན་མོར་བཞུགས་ཤིང་དགེ་བའི་བཤེས་གཉེན་རྣམ་པ་དང་འཛིན་གྲྭ་རྒན་རིམ་བཞིན་དུ་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ་བརྒལ་རྟགས་རིགས་པའི་རྩོད་གླེང་གནང་།
ཧོར་ཟླ་༡༢ཚེས་༡༥ཕྱི་ལོ་༢༠༢༥ཟླ་༢ཚེས་༡༢རེས་གཟའ་ལྷག་པ། སྔ་དྲོ་ཕྱག་ཚོད་༠༩ཐོག ༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག གདན་ས་ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་། དེ་བཞིན་དུ་དེ་རིང་གི་བཀའ་རམས་པ་དབུ་རི་དྲང་སྲོང་གཡུང་དྲུང་རྒྱལ་མཚན་དབང་པོ། ལྷ་ལྡོང་དྲང་སྲོང་བསོད་ནམས་ཚུལ་ཁྲིམས་དབང་རྒྱལ། ཞུ་ཚང་དྲང་སྲོང་བསྟན་པ་ཚུལ་ཁྲིམས། ཁྲོ་རྣམ་དཀར་པོ་དྲང་སྲོང་ཉི་མ་བསྟན་འཛིན་རྒྱལ་པོ། རག་ཤི་དྲང་སྲོང་ཐབས་མཁས་དཔལ་ལྡན་དབང་པོ། མ་ནུ་དྲང་སྲོང་གཡུང་དྲུང་མཐར་ཕྱིན་འཇིགས་བྲལ་རྣམ་པ་དྲུག་བཅས་བདུག་སྤོས་དང་རྒྱ་གླིང་གིས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཤིང་། དགེ་འདུན་རྣམ་པ་དང་སྐུ་མགྲོན་ཁག་དང་མི་མང་རྣམ་པ་བཅས་བཞུགས་གྲལ་དུ་འཁོད་རྗེས། བཀའ་རམས་པ་རྣམ་པ་དྲུག་གིས་དམ་བཅའ་བློ་རྒྱུགས་ཕུལ་བ་དང་འབྲེལ་ཉུང་ཇ་བཞེས་གྲོ་བཅས་འདེགས་འབུལ་ཞུས།
ཉིན་གུང་བཀའ་རམས་པ་ཐུན་མོང་གི་གཏོང་སྒོ་ཆེན་མོ། ཉིན་རྒྱབ་ཕྱག་ཚོད་༡:༣༠ཕྱེད་ཀའི་ཐོག་གོང་གསལ་བཀའ་རམས་པ་རྣམ་པ་དྲུག་པོ་དངོས་གཞིའི་དམ་བཅའ་ཆེན་མོར་བཞུགས་ཤིང་དགེ་བའི་བཤེས་གཉེན་རྣམ་པ་དང་འཛིན་གྲྭ་རྒན་རིམ་བཞིན་དུ་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ་བརྒལ་རྟགས་རིགས་པའི་རྩོད་གླེང་གནང་ཏེ་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་བཞི་པའི་དགེ་བཤེས་མཛད་སྒོའི་དངོས་གཞིའི་དམ་བཅའ་ཆེན་མོའི་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ་རིག་པའི་མེ་ལྕེས་ཕྱི་ལོ་༢༠༢༥ཟླ་༠༢ཚེས་༡༢ཉིན།
དགེ་བཤེས་དམ་བཅའ་དང་དུས་མཚུངས་དེ་རིང་ནི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་སྐུ་སྐྱེ་བ་བཞེས་ནས་འབྱུང་ལྡན་༣༠༡ཤིང་སྦྲུལ་ལོའི་བར་མི་ལོ་༡༨༠༤༢འཁོར་བའི་འཁྲུངས་སྐར་མཉམ་དུ་བསུས་ཤིང་ཞོགས་ཀར་གསོ་སྦྱོང་རྒྱས་པ་གནང་བ་དང་། འདུལ་ཆོག་གི་དཀྱིལ་འཁོར་ཞལ་ཕྱེས་ནས་གཞུང་བསྲངས། ཞོགས་འཚོགས་རྗེས་མི་མང་རྣམས་འདུ་འཛོམས་གནང་ནས་སྐྲེ་བ་ཞང་ཞུང་རིག་གནས་མཐུན་ཚོགས་ཀྱིས་དམིགས་བསལ་བཞེངས་པའི་བརྒྱ་སྟོན་དར་པོ་ཆེ་བསྒྲེངས་ཤིང་། བསང་གསོལ་དང་ལྷ་རྒྱལ་འཐེན། སེར་ཕྲེང་ལ་ཕེབས་པ་དང་། ཨ་སྙན་རྫོགས་གསུམ་གྱི་གསོལ་འདེབས་གསུངས། དགོང་མོར་གཙུག་ལག་ཁང་ཆེན་དུ་རྣམ་དག་འགྱུར་མེད་གྱེར་ནས་མཆོད་རྔ་བརྒྱ་ཚར་ཕུལ། སྟོན་པའི་བསྟོད་ཕྱག་དབྱངས་བཞིན་ཞབས་སྐོར་ལ་ཕེབས་ཏེ། གློག་འོད་དང་སྒྲོན་མེའི་མཆོད་པའི་ཀློང་ནས་སྐྱ་སེར་ལྷན་རྒྱས་ཀྱིས་དགེ་བཤེས་དམ་བཅའ་མཛད་རིམ་དང་མཉམ་དུ་བཅོ་ལྔའི་འཁྲུངས་མཆོད་བསུས་པའི་གནས་བསྡུས་སུ་གཙོ་སྒྲུབ་པས་བཀོད།
པར་པ་ཁྱུང་ཐོག་རྒོད།