ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་དགེ་སློབ་རྣམས་རི་བསྐྱོད་སློབ་ཁྲིད་དུ་ཕེབས་པ།

ཟླ་འདིའི་ཚེས་༢༡ཉིན་གདན་ས་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་དགེ་སློབ་རྣམས། བལ་ཡུལ་རྒྱལ་ས་ཀ་ཐཱ་མན་གྲུའི་ལྷོ་ཕྱོགས་སུ་ཀི་ལོ་མི་ཊར་ཉི་ཤུ་ལྷག་གི་སར་ཡོད་པའི་གྷོ་རྡ་ཝཱ་རཱའི་ (godawari) ཞེས་པའི་ས་གནས་སུ་སྨན་ལྡུམ་ངོས་འཛིན་ཆེད་ལྟ་སྐོར་དུ་ཕྱིན་ཡོད།

དེ་ཡང་ཞོགས་པའི་ཕྱག་ཚོད་དྲུག་དང་ཕྱེད་ཀའི་ཐོག་དགེ་སློབ་ཚང་མ་དགོན་པའི་རྒྱ་སྒོའི་འཁྲིས་སུ་འཛོམས་རྗེས་དགོད་སྒྲའི་ལྷན་དུ་འཚང་ཁ་ཤིག་གེར་མགྲོན་འཁོར་དུ་འཛུལ་ཞུགས་བྱས་ཏེ། སཱེ་བྷོད་རཱིང་རཱོར་གཞུང་ལམ་བརྒྱུད་ནས་དགའ་སྤྲོའི་ངང་ཕེབས་བསྐྱོད་བྱས་མཐར། ཕྱག་ཚོད་བརྒྱད་ཟིན་མཚམས་གྷོ་རྡ་ཝཱ་རཱའི་ (godawari) གྱི་ཡུལ་དངོས་སུ་འབྱོར། ས་གནས་དེ་ནི་ཀ་ཐཱ་མན་གྲུའི་ཡུལ་སྐོར་ལྟེ་གནས་ཆུང་ཆུང་ཞིག་དང་ལྷག་ཏུ་རྩ་ཆེའི་སྨན་ལྡུམ་སྣ་ཚོགས་འཛོམས་ཤིང་སྨན་སྣ་བརྒྱ་སྐོར་མང་པོའི་འགྲེམས་སྟོང་ཁང་ཡོད་ས་ཞིག་རེད་འདུག ང་ཚོ་གནས་དེར་འབྱོོར་རྗེས་ཞོགས་ཇ་ལྷོད་ལྷོད་ངང་དུ་བཏུང་ནས། ཕྱག་ཚོད་དགུ་ཐོག་སྨན་ལྡུམ་ངོས་འཛིན་དང་སྨན་རྫས་འགྲེམས་སྟོན་ཁང་བཅས་སུ་ལྟ་སྐོར་ལ་བསྐྱོད།

ས་གནས་དེ་ནི་ནགས་ཀླུང་སྟུག་པོས་ཡོངས་སུ་བཏུམ་ཤིང་། རྒྱུག་ཆུ་དང་མཚེའུ་སོགས་ངོ་མཚར་ཡུལ་ཀྱི་བཀོད་པས་སེམས་ཀྱི་ངམ་བ་དབང་མེད་དུ་ཕྱི་འཕོས་ནུས་པར་འདུག་ལ། མ་ཟད་རྩ་ཆེའི་སྨན་སྣ་ཙན་དན་དཀར་དང་། སེང་ལྡེང་། ག་པུར། མུ་ལེ་གྲུམ་ཤིང་བཅས་བཟང་དྲུག་གི་སྐོར་སོགས་སངས་རྒྱས་སྨན་ལྷས་ཆེད་དུ་གཤོམ་འདྲའི་བཀོད་པ་རབ་ཏུ་རྨད། ང་ཚོར་སྐུ་ཞབས་སྨན་རམས་པ་གནམ་གསས་གྲགས་པ་མཆོག་གིས་སྨན་སྣ་རྣམས་ངོ་སྤྲོད་བྱེད་བཞིན་དལ་བུར་ཆས། ཡུལ་དེའི་སྨན་རྫས་འགྲེམས་སྟོན་ཁང་དུ་ལོ་ན་བརྒྱ་སྐོར་མང་པོར་ཉར་ཚགས་བྱས་པའི་རྩ་ཆེའི་སྨན་རྫས་མང་པོ་བཤམ་སྟོན་བྱས་འདུག་ལ། འགྲེམས་སྟོན་ཁོང་གི་མི་སྣ་ཨ་ཅ་གདོང་དཀར་ལ་གཟུགས་ཚད་ཅུང་ཐུང་བ་ཞིག་གིས་ང་ཚོར་བལ་སྐད་ཐོག་ནས་སྨན་ལྡུམ་ཉར་ཚགས་བྱེད་སྟངས་སོགས་ཀྱི་ངོ་སྤྲོད་ཡུན་རིང་བྱས་ཤིང་། གསོ་རིག་དགེ་སློབ་རྣམས་ཀྱིས་ཁོ་མོར་སྨན་རྫས་དང་འབྲེལ་བའི་དྲི་བ་དྲིས་ལན་མང་པོ་བྱས་སོང་།

སླར་ཕྱག་ཚོད་བཅུ་གཉིས་དང་ཕྱེད་ཀའི་ཐོག་རང་གནས་སུ་ཕྱིར་ལོག་ནས་གུང་ཟས་བཞེས་ཤིང་བར་གསེང་དུ་གསོ་རིག་སློབ་མ་ཆུང་བ་ཁག་ཅིག་གིས་ནེ་པཱལ་ལའི་ཞབས་བྲོ་ཡང་གཟིགས་འབུལ་གནང་བྱུང་། དེ་མཚམས་བསྐྱར་དུ་ཁུལ་དེའི་སྤྲོ་འཆམ་ལྟེ་གནས་སུ་སྨན་ལྡུམ་ངོས་འཛིན་དང་འཆམ་འཆམ་གཅིག་ལྕོགས་སུ་ལྟ་སྐོར་དུ་བསྐྱོད། ཁོ་བོ་ཡུལ་དེར་དེ་སྔོན་མར་ཐེངས་གཅིག་འགྲོ་མྱོང་ཡོད་ཀྱང་། སྐབས་དེར་དགུན་ཁར་ཁེལ་བས་སྐྱེ་ཚལ་དང་མཛེས་ལྗོངས་དེ་ཙམ་མཐོང་དུ་མེད། ད་ལན་ཁུལ་དེའི་ཤིང་རྩིའི་རིགས་རྣམས་ཁ་འབུས་ཤིང་སྤང་ཐང་དག་གཡུ་ཡི་ཞུན་མ་བརྡལ་འདྲའི་བཀོད་པ་རབ་དུ་མཛེས་ལ། གཡས་གཡོན་གྱི་ལྗོན་ཤིང་གི་ལོ་འདབ་རྒྱས་ཤིང་མེ་ཏོག་རྣམས་ཁྲ་ཆིལ་ལེར་བཞད་པས་ཡུལ་སྐོར་རྒྱང་སྐྱོད་པའི་བསུ་མ་བྱས་པ་དང་ཀུན་ནས་མཚུངས།

དེ་མཚམས་སྤང་ཐང་ཡངས་པོ་ཤིག་ཏུ་གསོ་རིག་སློབ་མ་རྣམས་ཀྱིས་སྨན་གཞུང་ས་བཅད་ཁག་ལ་ཚད་མ་རིགས་པའི་ལམ་ནས་རྟགས་གསལ་བཏང་སྟེ། སངས་རྒྱས་སྨན་གྱི་ལྷར་རིགས་པའི་མཆོད་སྤྲིན་ཕུལ་ཞིང་མཉམ་འཛོམས་དྲན་རྟེན་གྱི་འདྲ་པར་ཡང་བླངས། མདོར་ན་གནས་དེར་ངེད་དགེ་སློབ་རྣམས་དགོད་སྒྲ་དང་བག་ཡངས་ཀྱི་ཁྲོད་དུ་ཡུལ་གྱི་མཛེས་པ་སེམས་ལ་བཏུས་ཤིང་སེམས་ཀྱི་ངལ་བ་ཕྱི་རུ་ཕོས་ནས་སྤྲོ་འཆམ་གྱིས་ཡིད་ཚིམས་པར་བྱས་དང་། སླར་ཡང་ཕྱག་ཚོད་བཞི་པའི་ཐོག་སྡོད་གནས་སུ་སོང་སྟེ་མངར་ཇའི་ལྷན་དུ་གསོ་རིག་མཆེད་ལྕམ་རྣམས་ཀྱིས་བོད་གཞས་དང་བལ་གཞས་ཀྱི་ཞབས་བྲོ་གཟིགས་འབུལ་མཛད་དེ་དགའ་སློའི་དཔལ་ལ་རོལ་བའི་གནས་ཚུལ་ཉུང་ངུ་ཞིག་རང་ཤག་ཏུ་འབྱོར་རྗེས་སུ་ཞང་ཚུལ་མི་ནས་ཕྱི་ལོ་ ༢༠༡༩ ༢༡ ཉིན་བྲིས།

96630cookie-checkསྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་དགེ་སློབ་རྣམས་རི་བསྐྱོད་སློབ་ཁྲིད་དུ་ཕེབས་པ།
(སྤྱིའི་གཟིགས་གྲངས། 156 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་བསྟན་…
error: རྩོམ་འདི་བདག་དབང་ཅན་ཡིན།