ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་ནས་སྐབས་བརྒྱད་པའི་སྨན་གྱི་སློབ་ཐོན་བཀའ་བཅུ་པའི་མཛད་སྒོ་སྤེལ་བ། 

བལ་ཡུལ་ས་གནས་བོན་པོ་ཚོགས་པ་དང་གསོ་རིག་འབུམ་བཞིའི་སློབ་གྲྭ་མཉམ་འབྲེལ་གྱིས་གོ་སྒྲིག་འོག ཕྱི་ལོ་ ༢༠༡༩ ༧ ༩ ཉིན་ ཆུ་ཚོད་ ༨ དང་ཕྱེད་ཀའི་ཐོག གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་ཀྱི་མཁན་སློབ་རྣམ་པ་གཙོས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། གངས་ཅན་བདེ་རྩའི་དབུ་འཛིན། སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་དགེ་སློབ་བཅས་ཚོགས་སྡེ་ཁག་གི་མཛད་གཙོ་རྣམ་པ་དང་། ས་གནས་ཀྱི་འབྲེལ་ཡོད་མི་མང་ལྷན་འཛོམས་ཐོག གསོ་རིག་འབུམ་བཞིའི་དྲུང་ཡིག་ཚེ་རིང་གཡུང་དྲུང་ལགས་ནས་འཚམས་འདྲི་དང་སྦྲགས་མཛད་སྒོ་དབུ་འཛུགས་གནང་སྟེ། འདུས་མང་ནས་རིག་པའི་ལྷ་མཆོག་དང་སངས་རྒྱས་སྨན་ལྷའི་མཆོད་བསྟོད་གསུངས། གསོ་རིག་འབུམ་བཞིའི་དབུ་འཛིན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ནས་མཛད་སྒོའི་ངོ་སྤྲོད་དང་སྦྲགས་སྤྱིར་གསོ་བ་རིག་པའི་གནས་ལ་སློབ་སྦྱོང་ཡག་པོ་བྱས་ན་གསོ་རིག་སྤྱི་ལ་ཕན་ཐོགས་པ་དང་། ལྷག་པར་དུ་སྨན་པ་ཟེར་བ་དེས་ནད་པའི་ཚེ་སྲོག་ལ་ཕན་ཐོགས་པའི་འགན་དང་གསོ་བ་རིག་པའི་བསྟན་པ་སྤྱི་ལ་ཕན་པའི་འགན་གཉིས་ཁུར་དགོས་པ་བཅས་ཀྱི་གསུང་བཤད་གནང་། དེ་ནས་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་སྔར་སྲོལ་གསོ་རིག་འབུམ་བཞིའི་རྩོམ་དེབ་དང་པོ་༼དཔྱད་བུ་ཁྲི་ཤེས།༽སྒོ་འབྱེད་གནང་བ་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་སློབ་ཐོན་པ་བསོད་ནམས་ཚེ་རིང་ལགས་ལ་སྨན་པ་བཀའ་བཅུ་པའི་ཕྱག་འཁྱེར་བསྩལ་གྲུབ་རྗེས་སུ། གངས་ཅན་བདེ་རྩའི་དབུ་འཛིན་མཆོག་ནས་སྨན་དགེ་ཞིང་གཤེགས་དམ་པ་ཚུལ་ཁྲིམས་སངས་རྒྱས་ལགས་ཀྱི་བཀའ་དྲིན་རྗེས་དྲན་དང་གྲུབ་འབྲས་ལ་བསྔགས་བརྗོད་མཐུན་སྦྱོར་རོགས་རམས་གནང་ཕྱོགས་དང་འབྲེལ་བའི་གཏམ་བཤད་གནང་། གསོ་རིག་འབུམ་བཞིའི་སྨན་དགེ་གནམ་གསས་གྲགས་པ་ལགས་ནས་སྨན་གྱི་སློབ་ཐོན་ཡིན་ན་ཡང་ལག་འཁྱེར་རག་པ་ཙམ་མ་ཡིན་པར་ལག་ལེན་གནང་དགོས་པ་དང་། སྨན་པའི་སློབ་སྦྱོང་མ་ཚར་བ་ཡིན་ཡང་སློབ་སྦྱོང་ནན་པོ་གནང་དགོས་པ་དང་འབྲེལ་བའི་གཏམ་བཤད་གནང་། སྐྱབས་རྗེ་མཁན་རིན་པོ་ཆེ་ནས་ཕྱི་ལོ་ ༡༩༨༨ ནས་བཟུང་ད་བར་ལོ་སུམ་ཅུ་ཙམ་གྱི་རིང་འབུམ་བཞི་སློབ་གྲྭའི་འཛིན་སྐྱོང་གི་གྲུབ་འབྲས་ལ་བསྔགས་བརྗོད་དང་སློབ་གྲྭའི་ཁ་ཕྱོགས་འབྲེལ་བའི་གསུང་བཤད་བཅས་གནང་རྗེས་སུ། བོན་པོ་ཚོགས་པའི་དྲུང་ཆེ་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། སློབ་ཐོན་པ་སྨན་པ་བསོད་ནམས་ཚེ་རིང་ལགས་ནས་མི་ཚེའི་སློབ་སྦྱོང་གི་བརྒྱུད་རིམ་དང་མ་འོངས་པའི་ལས་འཆར་བཀའ་དྲིན་ལེགས་གསོལ་གྱི་གཏམ་བཤད་བཅས་གནང་སྟེ། མཛད་གཙོའི་ལྷན་དུ་དགེ་སློབ་དྲན་རྟེན་འདྲ་པར་བསྒྲོན་ནས་ཀུན་གྱིས་ལེགས་སྐྱེས་ཁ་བཏགས་དང་ཕན་ཐོགས་བསྩལ་ཏེ་བཀྲ་ཤིས་བདེ་ལེགས་ངང་མཛད་སྒོ་མཇུག་གྲུབ་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས། ༢༠༡༩ ༦ ༩ ཉིན་སྤེལ།། །།

སྐབས་བརྒྱད་པའི་སྨན་གྱི་སློབ་ཐོན་པ་བསོད་ནམས་ཚེ་རིང་གི་ལོ་རྒྱུས།

བལ་ཡུལ་གློ་མུས་ཏང་རྫོང་ཡུལ་དུ་ཕྱི་ལོ་ ༡༩༩༦ ལོར་སྐྱེས་པའི་སྨན་པ་བསོད་ནམས་ཚེ་རིང་བདག་ལོ་བཅུ་གཅིག་བར་ལ་ཕ་མའི་མཉམ་དུ་འཚར་ལོངས་བྱུང་བ་དང་། གཞུང་གི་སློབ་གྲྭར་འཛིན་གྲྭ་ལྔ་པ་བར་ཕ་ཡུལ་དུ་སྦྱངས། ཕྱི་ལོ་ ༢༠༠༨ ལོར་རྫོང་གསར་པར་འཛིན་རིམ་དྲུག་པ་བར་སྦྱངས། ཕྱི་ལོ་ ༢༡༠༩ ལ་སླར་ཡང་བོད་སྐད་དང་བོད་ཡིག་ཡོད་སའི་རྫ་སྐོར་སློབ་གྲྭར་(MTTMCS)འཛུལ་བ་དང་འཛིན་རིམ་ལྔ་པ་མཐར་ཕྱིན་ནས་ཕྱི་ལོ་ ༢༠༡༣ ལོར་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭར་འཛུལ་ཞུགས་བྱས་ཏེ། གསོ་རིག་འབུམ་བཞི་གཙོས་པའི་སྨན་གཞུང་ཁག་དང་བརྡ་སྤྲོད་སྙན་ངག་ལོ་རྒྱུས་སྐད་རིགས་སོགས་ཕུན་སུམ་ཚོགས་པའི་སློབ་སྦྱོང་ཞིག་བྱེད་པའི་བསྐལ་པ་བཟང་པོ་ཐོབ་པ་དང་། ཕྱི་ལོ་ ༢༠༡༨ ལོར་བཀའ་བཅུ་པའི་སློབ་ཚན་མཐར་ཕྱིན་རྗེས། སྔར་སྦྱངས་ཟིན་པའི་གསོ་བ་རིག་པའི་གནས་ལ་སྐྱར་སྦྱོང་བྱས་པ་མ་ཚད། ཟུར་དུ་རྒྱལ་གཞུང་སློབ་གྲྭར་(Janasewa alternative school)་འཛིན་རིམ་བཅུ་པའི་སློབ་སྦྱོང་མཐར་སོན་བྱས་པ་དང། ཕྱི་ལོ་ ༢༠༡༩ ཟླ་ ༧ པའི་ཚེས་ ༩ ཉིན་སྨན་པ་བཀའ་བཅུ་བའི་ཕྱག་འཁྱེར་ཐོབ་པའི་བསྐལ་པ་བཟང་པོའི་དུས་ཚོད་དང་འབྲེལ་བའི་ངོ་སྤྲོད་མདོར་བསྡུས་སུ་བསོད་ནམས་ཚེ་རིང་ནས་བྲིས།

པར་པ་ཁྱུང་ཐོག་རྒོད་དང་། སྐྱ་ཀ་ཁྲ་བོ།

(སྤྱིའི་གཟིགས་གྲངས། 1,045 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།