ཧྥ་རན་སི་གཤེན་བསྟན་དར་རྒྱས་གླིང་གི་དབྱར་ཁྲིད་ཆེན་མོ་མཇུག་གྲུབ་པའི་གནས་བསྡུས།
གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་། བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཁྲི་འཛིན་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱིས་ནུབ་ཕྱོགས་སུ་ཡོད་པའི་བོན་དགོན་གཤེན་བསྟན་དར་རྒྱས་གླིང་དུ་ལོ་སྟར་ནུབ་ཕྱོགས་ཀྱི་སློབ་མ་རྣམས་ལ་བླ་མེད་རྫོགས་པ་ཆེན་པོའི་ཟབ་ཁྲིད་གནང་ནས་བོན་འཆད་ཉན་དང་ཐོས་བསམ་སྒོམ་སྒྲུབ་གནང་གིན་ཡོད་པ་རེད།
འདི་ལོར་ཕྱི་ལོ་ ༢༠༡༨་ ཕྱི་ཟླ་༠༧པའི་ ཕྱི་ཚེས་༢༢ཉིན་དབྱར་ཁྲིད་ཆེན་མོའི་དབུ་བཙུགས་པ་དང་བདུན་ཕྲག་གསུམ་གྱིས་རིང་ཚོགས་གནང་བ་རེད། སྐབས་འདིར་རྒྱལ་ཁབ་སུམ་ཅུ་ལྷག་གི་སློབ་མ་རྣམས་འདུ་འཛོམས་བྱུང་ཡོད་པ་དང་། དེའི་རིང་རིན་པོ་ཆེ་རྣམ་གཉིས་ཀྱིས་འཁོར་གྱི་སློབ་མ་རྣམས་ལ་བོན་ཕྱི་ནང་གསང་གསུམ་གྱི་འཁོར་ལོ་བསྐོར་ཏེ་སྐལ་ལྡན་གྱི་སློབ་མ་རྣམས་ཀྱི་རྒྱུད་བོན་སྦྱིན་གྱིས་ཚིམས་པར་མཛད་པ་དང་། འཁོར་གྱི་བུ་སློབ་རྣམས་ཐོས་བསམ་སྒོམ་སྒྲུབ་ཀྱི་བྱ་བར་བརྩོན་པའི་སྐལ་བཟང་ཤར།
བོན་འཆད་ཉན་གྱི་དང་སྒོམ་སྒྲུབ་ཉམས་ལེན་གནང་ཚུལ་ནི་ཉིན་སྟར་ཞོག་པ་ཕྱག་ཚོད་ ༠༦ དང་ ༣༠ ནས་ ༠༨ པའི་བར་བསང་མཆོད་འབུལ་བ་དང་། བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་གནང། ཕྱག་ཚོད་༡༠ པ་ནས་ ༡༡ བར་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་མན་ངག་ཟབ་ཁྲིད་གནང་བ་དང་། དེ་ནས་ ༡༢ ནས་སྐར་མ་ ༣༠ བར་༸སྐྱབས་རྗེ་མཁན་རིན་པོ་ཆེས་ཟབ་ཁྲིད་དང་། མཆོད་གཏོར་རྩིས་འགོ་བདུན་པ་ལྟར་མཆོད་སྦྱིན་གྱི་བྱ་བར་བརྩོན། དེ་ནས་ཕྱག་ཚོད་༠༣ པ་ནས༠༥ པའི་སྐར་མ་ ༣༠ ་བར་༸སྐྱབས་རྗེ་མཁན་རིན་པོ་ཆེས་ཟབ་ཁྲིད་དང་བསུར་མཆོད་འབུལ་བ། དེ་ནས་ཕྱག་ཚོད་ ༠༨ ནས་ ༠༩ པའི་སྐར་མ་ ༡༥ བར་ཐུན་སྒོམ་དང་གཅོད་ཀྱི་ལུས་སྦྱིན་འབུལ་བ་བཅས་ཡིན།
ཉིན་ཐ་མར་ཉིན་གུང་བླ་མ་ལི་ཤུ་སྟག་རིང་གི་བླ་སྒྲུབ་ལྟར་ཚོགས་མཆོད་རྒྱས་འབུལ་དང་། དེ་ནས་ཚོགས་ཀྱི་དངོས་གྲུབ་སྐབས་སུ་བོན་མདོ་སྔགས་སེམས་གསུམ་གྱི་རྒྱུད་པའི་རྐང་འཛིན་དང་། ཐུན་མིན་ཞང་བོད་རིག་གཞུང་གི་སྲོག་འཛིན།
བོན་གཅིག་རྒྱུད་བསྟན་པའི་མངའ་བདག་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ཚོགས་ཁང་ཆེན་མོར་གདན་དྲངས་ཏེ་བླ་སློབ་མཉམ་འཛོམས་ཀྱིས་ཚོགས་ཀྱི་དངོས་གྲུབ་ལ་རོལ་བ་དང་། ༸མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་གཙོས་པའི་འཁོར་གྱི་སློབ་མ་རྣམས་ཀྱིས་རྩ་གསུམ་དགྱེས་པའི་ཚོགས་གླུ་དང་གསོལ་འདེབས་ཚེ་སྙིང་འུར་འདོན་བཅས་དགའ་དད་སྤྲོ་གསུམ་ངང་འདི་ལོའི་དབྱར་ཁྲིད་ཆེན་མོ་མཇུག་གྲུབ་པའོ།།
ཧྥ་རན་སི་དཔལ་གཤེན་བསྟན་དར་རྒྱས་གླིང་གི་འདུས་སྤྱི་ནས་༢༠༡༨ ༨ ༡༡ཉིན།