ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧དཔལ་གཤེན་བསྟན་དར་རྒྱལ་གླིང་གི་རྫོགས་ཆེན་སྒོམ་གྲྭའི་ལོ་རིམ་གསུམ་པ་དབུ་ཚུགས་པའི་གནས་བསྡུས། 

དེ་རིང་ནི་༧དཔལ་གཤེན་བསྟན་དར་རྒྱས་གླིང་གི་རྫོགས་ཆེན་སྒོམ་གྲྭ་ལོ་རིམ་གསུམ་པ་དབུ་འཛུགས་པའི་ཉིན་མོ་ཡིན། སྒོམ་སྡེ་འདི་ནས་ད་སྔོན་རྫོགས་ཆེན་སྙན་རྒྱུད་དང་། ཨ་ཁྲིད་གཉིས་ཀྱི་བཅའ་གཞིའི་སྒོམ་གྲྭ་ལོ་རིམ་བཞི་ཅན་ཐེངས་གཉིས་ལ་ལེགས་གྲུབ་བྱུང་རྗེས་སླར་ཕྱི་ལོ་ ༢༠༡༩ ལོར་བླ་མེད་རྫོགས་པ་ཆེན་པོ་བསྒྲགས་པ་སྐོར་གསུམ་གྱི་བཅའ་གཞི་ཕྱག་ལེན་གནང་བ་དང་། ད་སྔོན་ལོ་གཉིས་ཙམ་གྱི་རིང་རིམ་པ་ལྟར་སྔོན་འགྲོ་དང་དངོས་གཞིའི་ཁྲིད་ལུང་དང་། བསགས་སྦྱོང་། ཉམས་ལེན་བཅས་དུས་བསྟུན་རེའུ་མིག་བཞིན་མཐར་གྲུབ། འདི་ལོར་དམིགས་བསལ་ལུས་སྦྱོང་རྩ་རླུང་ལ་འཇུག་པའི་དུས་ཚིགས་ཡིན་པ་ལྟར་རྫོགས་ཆེན་རྩ་རླུང་འོད་གསལ་འཁྲུལ་འཁོར་དང་། ཡང་རྩེའི་རྩ་རླུང་གཞུང་གི་དམིགས་པ། རྩ་རླུང་གེགས་སེལ་གྱི་དམིགས་ཁྲིད་བཅས་ལ་འཇུག་པའི་དུས་ཚིགས་ཡིན། ཞོགས་ཚོགས་དང་པོར་བསང་དང་གསོལ་ཁ་གྲུབ་རྗེས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་དགེ་ལེགས་སྦྱིན་པ་རྣམ་གཉིས་དབུ་མགོན་དུ་བཞུགས་ནས་སྒོམ་གྲྭ་བ་ཐུན་མོང་གིས་ཐོག་མར་རྒྱལ་པོ་ཆེན་པོ་བཞི་ལ་གསེར་སྐྱེམས་དང་གཏོར་མའི་བརྔན་སྐྱེས་ཕུལ་ཞིང་ཕྱི་ཐོ་སྡོམ་རྗེས་ཞོག་ཚོགས་གྲོལ། དེ་རྗེས་ཚོགས་ཐུན་གཉིས་པའི་སྐབས་སུ་༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེས་སྒོམ་གྲྭ་བ་རྣམས་ལ་བཀའ་སློབ་ལམ་སྟོན་དང་། དེ་བཞིན་ཡང་རྩེའི་རྩ་རླུང་ཁྲིད་རིམ་རྣམས་ཀྱི་བཀའ་ལུང་བཀའ་དྲིན་བསྐྱངས། སྐབས་འདིར་བཀྲ་ཤིས་རྟེན་འབྲེལ་གྱི་ལེགས་ཚོགས་དམིགས་བསལ་བ་བྱུང་སྟེ། ཡུན་རིང་རེ་སྒུག་བྱས་པའི་གནམ་ཆར་གྱིས་ས་གཞི་བརླན་པ་དང་། འབྲུག་སྐད་ཀྱིས་སྲོག་དབུགས་ཀྱིས་བསྡུས་པ་རྣམས་གཉིད་དང་ངལ་དུབ་ལས་བསང་། ཉི་འོད་ཀྱིས་སྣང་ཁམས་བདེ་བར་བྱས་ཤིང་སྤྲོ་སྣང་གི་ཚོར་འདུ་བསླངས་པ་བཅས་ལྟས་བཟང་བྱུང་། ཚོགས་ཐུན་གསུམ་པའི་སྐབས་གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེས་ཉིན་རེའི་དགེ་སྦྱོར་གྱི་རེའུ་མིག་ལྟར་ཉམས་ལེན་པ་ཁྱོན་སུམ་ཅུ་ལྷག་ལ་དགེ་སྤྱོད་ལམ་སྟོན་དང་། གསུང་ཁྲིད་དབུ་འཛུགས་ཞུས། མུ་འཕྲོས་ཞག་གྲངས་བདུན་ཅུ་ཐམ་པའི་རིང་ཉིན་ལྟར་ཁྲིད་དང་། ཉམས་ལེན། བསགས་སྦྱོང་། འཁྲུལ་འཁོར། འདོན་པ་བཅས་ལ་བསྟར་ཆགས་སུ་བརྩོན་ནས་མི་ཚེའི་རིན་ཐང་སྡུག་བསྔལ་དང་ཉོན་མོངས་ཞི་བའི་ཐབས་ལམ་ལ་འབད་པར་བྱ་བ་ནི་སྒོམ་གྲྭ་བས་བསྒྲུབ་པར་བྱ་བའི་གནས་ལགས་སོ།

ཞེས་སྲིད་པའི་མིག་ཅེས་སུ་འབོད་པས་ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༠༥ ཉིན།

(སྤྱིའི་གཟིགས་གྲངས། 484 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གསང་གསུམ་ག…
error: རྩོམ་འདི་བདག་དབང་ཅན་ཡིན།