ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་བཞི་པའི་འགྲེམས་བརྡ།

དཔེ་སྐྲུན་གསལ་བཤད།

ཕྱོགས་དང་རིས་སུ་མ་ཆད་པའི་སྐྱེ་དགུ་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་མོ། རྣམ་འདྲེན་བརྒྱད་པ་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་དམུ་རིགས་རྒྱལ་པོའི་སྲས་སུ་སྐུ་ཡི་སྐྱེ་བར་བཞེས་ཏེ་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་བསྟན། དེ་རྗེས་འཛམ་གླིང་མཁས་པའི་རྒྱན་དྲུག་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གསེར་རིའི་ཕྲེང་བ་ལྟར་བྱོན་ནས། རྒྱལ་བའི་བཀའ་དྲི་མ་མེད་པ་སྒོ་བཞི་མཛོད་ལྔ་སོགས་ཀྱི་དགོངས་བཅུད་དཔྱད་སྟོབས་ལུང་རིག་ཚད་མས་ལེགས་པར་བཀྲལ་བས་བཀའ་བརྟེན་རི་བོའི་གཏོས་དང་འགྲན་པ་བརྩམས་གནང་མཛད་པ་ནི་སྟོང་གསུམ་གསེར་གྱིས་བཀང་སྟེ་ཡོན་དུ་ཕུལ་ན་ཡང་གཞལ་བར་དཀའ་བའི་བཀའ་དྲིན་གྱི་གནས་སུ་གྱུར། དེ་ལྟ་བུའི་གཡུང་དྲུང་གི་བོན་རིན་པོ་ཆེ་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ཞིང་གནའ་དཔེ་གསུང་རབ་ཀྱི་བང་མཛོད་ལྟ་བུ་ཞིག་དང་། གཡུང་དྲུང་བོན་གྱི་གླེགས་བམ་ལ་མིང་བརྡ་ཐ་སྙད་ཀྱི་ཆར་ཞང་སྐད་དང་བརྡ་རྙིང་གིས་ཕྱུག་ཅིང་ནང་དོན་ཕུན་སུམ་ཚོགས་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་བོན་དུ་མ་ལྡན་པས་ན། བོད་གངས་ཅན་པའི་ཤེས་རིག་གི་བཅུད་དང་འབྱུང་ཁུངས་ལྟ་བུ་ཆགས་ཡོད། དེ་བཞིན་སྐྱེ་འགྲོ་སྤྱི་དང་སྒོས་སུ་གོ་ལ་འདིའི་སྣོད་བཅུད་གཉིས་ཆར་ཞི་བདེ་སྐྲུན་ཐབས་རླབས་ཆེན་ཕུལ་བྱུང་རིག་པའི་བང་མཛོད་དུ་གྱུར་ཡོད་པས་གཅེས་འཛིན་དར་སྤེལ་གནང་དགོས་པ་ནི་འགྲོ་བ་མི་ཐུན་མོང་གི་འོས་འགན་དུ་གྱུར་ཡོད། དེས་ན་བོན་གྱི་གནའ་དཔེ་འཚོལ་སྡུད་དང་པར་སྐྲུན་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན་སྟབས་འདི་གའི་དཔེ་མཛོད་ཁང་ནས་ཞང་བོད་དྲན་དབང་གསེར་རིའི་ཕྲེང་བའི་རྣམ་དཔྱོད་ཀྱི་འོ་མཚོ་ལས་བཞུར་བའི་རྨད་བྱུང་ལེགས་བཤད་ཀྱི་པོ་ཏི་དུ་མ་དེབ་གཟུགས་ཀྱི་རྣམ་པ་རུ་བསྒྱུར་ནས་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་དང་འབུལ་བཞིན་ཡོད་པའི་ནང་ནས། ད་ལན་མདོ་སྔགས་རིག་གནས་རྒྱ་མཚོའི་གཞུང་ལུགས་སྨྲ་བའི་མཁས་པའི་དབང་པོ་སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་བརྩམས་པའི་ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་རྟོགས་རིག་པའི་རྩེ་མོའི་འགྲེས་རྩ་ཞེས་པའི་གཞུང་ལེའུ་བཅོ་བརྒྱད་ཀྱི་བདག་ཉིད་ཅན་འདི་ཉིད་པར་སྐྲུན་ཞུ་དགོས་པའི་རྒྱུ་མཚན་ནི། རྩོམ་པ་པོ་༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནསའགྲེས་རྩ་འདི་ནི་སློབ་གཉེར་བ་རྣམས་ཀྱིས་གཟིགས་སྟབས་བདེ་བའི་ཆེད་དུ་གནས་སྐབས་འཕྲལ་སེལ་གྱི་བལྟ་ས་ཙམ་དུ་བསྒྲིགས་པ་ལས་དེབ་དཔར་སྐྲུན་གྱི་དམིགས་ཡུལ་གང་ཡང་མེད་ཀྱང་། དཔེ་སྐྲུན་བྱས་ན་དགེ་མཚན་འདྲ་ཡོད་པ་མཐོང་ན་དཔེ་མཛོད་ཁང་ནས་དཔེ་སྐྲུན་བྱས་ཀྱང་ཆོག་ཅེས་གསུང་གི་གནང་བ་ཐོབ་པ་དང་། འདི་ནི་སློབ་གཉེར་བ་ཙམ་མ་ཚད་ཞིབ་འཇུག་པ་རྣམས་ལ་ཡང་ཧ་ཅང་དགོས་མཁོ་ཆེ་བ་ཞིག་སྟེ། གླེགས་བམ་བཅུ་ཡི་བདག་ཉིད་ཅན་གྱི་ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་རྟོགས་རིག་པའི་རྩེ་མོ། བོན་ཉིད་ཀྱི་དབྱིངས་རྣམ་པར་དག་པའི་འབུམ་རྒྱས་པ་ལ་གཟིགས་མི་དགོས་པར་སྟབས་བདེའི་སྒོ་ནས་རྩེ་འབུམ་གྱི་ལྟ་གྲུབ་དང་བརྗོད་བྱ་རྣམས་རྟོགས་ཐུབ་པའི་ཁྱད་བོན་ལྡན་པ་མ་ཟད་དེབ་འདིའི་སྔོན་གླེང་དུ་རྩེ་འབུམ་གྱི་བྱུང་རིམ་ལོ་རྒྱུས་རྒྱས་པ་བཀོད་པ་ལྟར་དགོས་དོན་དུ་མ་ཞིག་ལ་དམིགས་ནས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་དཔེ་མཛོད་ཁང་ནས་པར་སྐྲུན་གྱི་གོ་སྐབས་བླངས་པ་འདི་ཧ་ཅང་སྐལ་བ་བཟང་པོ་ཞིག་བྱུང་། འདི་ཡི་པར་བསྐྲུན་གྱི་ཐད་ལ་ནོར་འཁྲུལ་ཅི་མཆིས་པ་ཐམས་ཅད་སྐྱབས་གནས་དམ་པ་རྣམས་ལ་བཟོད་པར་གསོལ་ཞིང་། རྣམ་དཀར་དགེ་བའི་ལེགས་ཚོགས་ཅི་མཆིས་སྐྱབས་རྗེ་མཁན་སློབ་རྣམ་པ་གཙོས་པའི་བསྟན་འཛིན་སྐྱེས་མཆོག་རྣམས་སྐུ་ཚེའི་བར་ཆད་ཞི་ཞིང་མཛད་འཕྲིན་རྒྱས་པ་དང་། བཤད་སྒྲུབ་གྱི་བསྟན་པ་རིན་པོ་ཆེ་ཡངས་པའི་འཇིག་རྟེན་ཁམས་སུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་སྨོན་འདུན་དང་བཅས་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་དཔེ་མཛོད་ཁང་ནས།

སྔོན་གླེང་།

༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ།

ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་རྟོགས་རིག་པའི་རྩེ་མོ། བོན་ཉིད་ཀྱི་དབྱིངས་རྣམ་པར་དག་པའི་འབུམ་རྒྱས་པ་པོ་ཏི་བཅུ་ཅན་འདི་གསུང་མཁན་སྟོན་པ་གཤེན་རབ་མི་བོ་དང་།གསུང་སའི་གནས་ནི་གཙང་མ་རིགས་ཀྱི་གནས། རི་རྒྱལ་ལྷུན་པོའི་ཕོ་བྲང་། འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ་དང་། འཁོར་ཡེ་གཤེན་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཐིག་ལེ་ནས་གར་ཞགས་སྔགས་ཀྱི་རྒྱལ་པོའི་བར་ཡེ་གཤེན་གཡུང་དྲུང་སེམས་དཔའ་ཉིས་བརྒྱ་ལྔ་བཅུ་ང་དགུ་དང་། ཞུ་བ་པོ་ནི་ཡེ་ཤེས་ཐིག་ལེ་དང་། ཡིད་ཀྱི་ཁྱེའུ་ཆུང་། ཡེ་ཤེས་རྒྱལ་བ། མུ་ཆོ་ལྡེམ་དྲུག འོད་མ་རིང་སེལ་བཅས་ཡིན་པར་གསུངས།  དེ་ནས་རིམ་པར་བརྒྱུད་དེ་སློབ་དཔོན་སྟོང་རྒྱུང་སོགས་ཀྱིས་ཡུལ་བྱེ་མ་གཡུང་དྲུང་གི་གནས་སུ་ཞང་སྐད་ལས་བོད་སྐད་དུ་བསྒྱུར་བ་དང་། བསྟན་པ་དར་ནུབ་ཀྱི་སྐབས་དྲན་པ་ནམ་མཁའ་སོགས་ཀྱིས་ཡེར་པའི་རྫོང་ལ་གཏེར་དུ་སྦས། བསྟན་པ་ཕྱི་དར་གྱི་སྐབས་བན་དེ་མི་གསུམ་གྱིས་ཡེར་པ་ནས་གཏེར་ལས་ཐོན་ཏེ་གཉག་སྟོན་གཟི་བརྗིད་ལ་དངོས་གྲུབ་བབས་པ་དཔེ་རང་ལས་གསལ། མཁས་མཆོག་སྒ་སྟོན་གྱི་གཏེར་གྱི་ཁ་བྱང་ནང་བན་དེ་མི་གསུམ་གྱིས་གཏེར་ལས་ཐོན་ནས་ལུང་སྟོན་འོད་འབར་གྱི་ཕྱག་ཏུ་སོན། དེས་གྱེར་གཡུང་དྲུང་ཁྲོ་གསས་ལ་བརྒྱུད། དེས་ལུང་བོན་ལྷ་གཉན་ལ་བརྒྱུད་པ་དང་། ཡང་ཚེ་དབང་རི་ཁྲོད་པས་ཀྱང་ལུང་བོན་ལྷ་གཉན་ལ་བོན་སྡེ་འདི་རྣམས་སྙན་དུ་བརྒྱུད་པ་གསལ་འདུག་པས་ལུང་བོན་ལྷ་གཉེན་གྱིས་ཚེ་དབང་རི་ཁྲོད་པ་མཇལ་བའི་དུས་ནི་ལུང་བོན་ལྷ་གཉེན་(༡༠༨༨།༡༡༢༤)དགུང་ལོ་སོ་ལྔ་ཕེབས་དུས་ཡིན་པ་དང་དགུང་ལོ་སོ་བདུན་ཐོག་སྐུ་འདས་པར་རྣམ་ཐར་ལས་གསལ། དེ་ནས་དུས་རབས་བཅུ་གཉིས་པའི་སྟོད་དེ་སྤྱི་ལོ་(༡༡༢༢)ལོར་ཚེ་དབང་རི་ཁྲོད་པས་ལུང་བོན་ལྷ་གཉེན་ལ་རྩེ་འབུམ་དང་། ནམ་མཁའ་འཕྲུལ་མཛོད་དྲང་ངེས། ཡེ་ཁྲི་མཐའ་སེལ་སོགས་བརྒྱུད་པ་དང་། བན་དེ་མི་གསུམ་གྱིས་གཏེར་ལས་ཐོན་པའི་དུས་ཡང་དུས་རབས་བཅུ་གཅིག་པའི་མཇུག་དང་། ཡང་ན་དུས་རབས་བཅུ་གཉིས་པའི་འགོ་གང་རུང་ཡིན་པར་རྟོགས་ནུས་སོ། །ཞིབ་ཕྲའི་ལོ་རྒྱུས་གཏེར་གྱི་ཁ་བྱང་ཁག་དང་། བཀའ་འགྱུར་གྱི་བརྒྱུད་རིམ་བཅས་ལ་གཟིགས་ན་རྟོགས་ནུས་པས་འདིར་མདོར་བསྡུས་ཙམ་ལས་བཀོད་མེད། སྐབས་བབ་རྩེ་འབུམ་གྱི་འགྲེས་རྩ་བསྡུས་པ་འདི་ནི་རྩེ་འབུམ་གྱི་ལྟ་སྤྱོད་དང་། ཐེག་པའི་གཏོགས་ཕྱོགས་སོགས་ཤེས་འདོད་ཅན་གྱི་སློབ་གཉེར་བ་རྣམས་ཀྱིས་རྩེ་འབུམ་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པ་ལ། འབུམ་རྒྱས་པ་པོ་ཏི་བཅུ་ཆ་ཚང་ཀློག་མི་དགོས་པར་དཔེ་དེབ་ཆུང་ངུ་ཞིག་གི་ནང་ནས་ལས་སླ་པོར་ཤེས་ཐུབ་པ་དང་། དགེ་སློབ་ཀུན་རིག་པ་རྩེ་འབུམ་འདི་ལ་ཆ་རྒྱུས་ཅུང་ཟད་ཡོང་བའི་མཐུན་རྐྱེན་ལ་དམིགས་ནས་གསར་དུ་བསྒྲིགས་པ་ལས། གཏེར་མ་དང་སྙན་རྒྱུད་ཀྱི་དཔེ་ཆ་འདྲ་མོ་དང་། ཡང་ན་གནའ་སྔ་མོ་ནས་ཡོད་པའི་དཔེ་རྙིང་ཕུག་པ་དང་། དགོན་པ། གྲོང་པ་རྙིང་པ་ག་གེ་མོ་བཅས་ནས་རྙེད་འོང་བ་དེ་འདྲ་གང་ཡང་མིན་པས་སློབ་དེབ་རང་ལས་གཞན་དུ་བེད་སྤྱོད་མི་རུང་བར་མཁྱེན་དགོས། འདི་ལ་ལེའུ་བཅོ་བརྒྱད་དང་། འགྲེས་རྐང་མི་འདྲ་བ་བརྒྱ་དང་གྱ་གསུམ་ཙམ་འདུག་ཅིང་། ནང་དོན་གྱི་ཆ་མང་པོ་འགྲེལ་མེ་ལོང་དང་མཚུངས་པ་སོགས་ཀྱི་གཞུང་གི་དོན་དང་། ཐེག་པའི་གཏོགས་ཕྱོགས་བཅས་མཐར་ཆགས་སུ་བཀླག་ན་མཁྱེན་ངེས་པས་འདིར་གླེང་མེད་ཅེས་ཞུ་བའོ།། །།

(སྤྱིའི་གཟིགས་གྲངས། 731 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།