ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་སློབ་སྙིང་བསྡུས།

བཀའ་རབས་འབྱམས་པ་དགེ་བའི་བཤེས་གཉེན་ཚང་མ་གཙོར་བྱས་པའི་རྣམ་པ་ལྷན་རྒྱས་ལ་ངས་ཚིག་ཁ་ཁ་ཤས་ཤིག་ཞུ་རྒྱུ་ཡིན།

ད་་་་ད་ལན་མི་ལོ་བཅུ་བཞི་བཅོ་ལྔ་ལ་སྦྱངས་པའི་གྲུབ་འབྲས་འདྲ་མོ་དེ་ཐོན་པའི་རྩིས་རེད། ཡིན་ན་ད་རུང་ཚར་གཏོང་རྒྱུ་ཡོད་མ་རེད། གཡུང་དྲུང་བོན་གྱི་རྒྱ་མཚོ་གཏིང་ཟབ་པ་དང་། རྒྱ་ཆེ་བ་དེ་འདྲ་ཡོད་དུས་ད་ལན་འདི་དང་འདི་ཞེས་བྱ་བའི་ལམ་སྟོན་བྱས་པ་ཙམ་རེད། ཁྱེད་རྣམ་པ་ཚང་མས་ཐུགས་ལ་འཇོག་རྒྱུ་དང་འགན་ལེན་རྒྱུ་དེ་སྤྱིར་བཏང་ཚེ་འདི་དང་ཕྱི་མ་གཉིས་རེད། ཡང་སྒོས་སུ་གཡུང་དྲུང་བོན་གྱི་བསྟན་པ་དེ་དང་། ལྷག་པར་རང་རང་ལ་འགན་ཡོད་པའི་སེམས་ཅན་ཐམས་ཅད་ཀྱི་དོན་རེད། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལབ་རེད། མཚན་རྟགས་བཞེས་པའི་དགོས་པ་གཙོ་བོ་ནི་དེ་གཉིས་པོའི་ཆེད་དུ་རེད། དེའི་ནང་ནས་ད་ལན་སྤྱིར་བཏང་ནི་རང་རང་སོ་སོས་དང་ལེན་བྱས་ནས་བསོད་ནམས་བསགས་བཞག་པའི་འབྲས་བུ་རེད། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དང་འཕྲད་པ་དེ་གཅིག་གྱིས། སྒོས་སུ་བསྟན་པ་འདི་དང་འདི་ཞེས་བྱ་བའི་ལུང་སྡེ་སྣོད་གསུམ་དང་། རིག་པའི་གནས་ལྔ་སོགས་ཕུན་སུམ་ཚོགས་པ་འདི་དང་འདི་ཞེས་འདྲ་མོ་ཞིག་དཀོན་པོ་རེད། རང་རང་སོ་སོའི་འཇོན་པ་ཡིན་ན་ནོར་བུའི་གླིང་དུ་སླེབས་པ་ནང་བཞིན་རེད། རང་རང་གིས་ག་རེ་ལེན་ཐུབ་པ་དེ་ལེན་རྒྱུ་ཡོད་པ་འདི་དང་འདི་འདྲ་མོ་ཞིག་རེད། ཐུགས་བསམ་བཞེས་དགོ་གི་རེད། ཕྱོགས་ཕན་ཚུན་ག་བར་སོང་ན་ཕུན་སུམ་ཚོགས་པ་ཞིག་ཁ་ནང་དུ་བཅུག་ན་མ་གཏོགས་བྱེད་ཡོང་མཁན་དེ་དཀའ་ལས་ཁག་པོ་རེད། ད་ལན་འདི་དང་འདི་ཞེས་བྱ་བའི་དུས་སྐབས་ཚེས་རྒྱུ་དེ་སྐལ་པ་བཟང་པོ་ཞིག་རེད། དེ་འདྲ་ཡིན་དུས་སྐལ་པ་བཟང་པོ་དེ་བཟང་པོ་ཡིན་པ་ངོ་ཤེས་པར་བྱེད་ནས་ཆུད་ཟོས་མ་སོང་བ་ཞིག་བྱ་དགོས་པ་དེ་རྣམ་པ་ཚང་མས་ཐུགས་ལ་འཇོག་དགོས་རེད། རང་གིས་ཚོགས་བསགས་སྒྲིབ་སྦྱོང་རེད། དཀའ་བ་སྤྱད་པ་རེད། གྲུབ་འབྲས་གང་དང་གང་ཡིན་པ་ཐོན་པ་དེ་ད་ལན་གྲུབ་འབྲས་ཐོན་པའི་ཆེ་རྟགས་འདྲ་མོ་རེད། དེ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མ་འོངས་ལུང་བསྟན་དང་བཅའ་ཡིག་ནང་ལ་གསུངས་པ་རེད། བསྒྲུབ་བྱ་གང་དང་གང་ཡིན་དེ་གྲུབ་པའི་གྲུབ་འབྲས་ལ་ཆེ་རྟགས་ཤིག་བཏོན་དགོས་པ་རེད་གསུངས་པ་དེ་དང་དེ་ནང་བཞིན་རེད། ཕྱག་ལེན་བྱས་བཞག་པ་རེད། འདི་སྔོན་མ་ནས་ལུགས་སྲོལ་ཡོད་པ་དེ་ལག་ལེན་བྱས་བསྡད་པ་རེད། དུས་སྐབས་ཀྱི་འགྱུར་བ་དང་གནས་སྟངས་ཀྱི་འགྱུར་བ་ནི་གང་ལ་གང་འཚམས་ཤིག་འགྱུར་ཚར་བ་རེད་དེ། ཡིན་ན་སྲ་མོ་འདྲ་མོ་ཞིག་དང་ཧྲག་པོ་འདྲ་ཞིག་བྱས། སྙིང་ཐག་པ་ནས་གོང་མའི་ལུང་བསྟན་རེད། རྗེས་བཞག་རེད། ལུགས་སྲོལ་རེད། དེ་མ་ཉམས་པའི་ཐབས་ཤེས་བྱས་བསྡད་པ་དེ་མ་ཉམས་པ་བྱེད་ནས་ད་དུང་མ་འོངས་པ་ལ་འདི་དང་འདི་ཞེས་བྱ་བ་རེད་ཟློ་ནས་ཆགས་འཇོག་ས་འདྲ་མོ་ཞིག་དགོས་པ་རེད། གང་བྱུང་མང་བྱུང་མི་བྱེད་ནས་རང་རང་གིས་སྦྱངས་བཞག་པ་དེ་ལ་གྲུབ་འབྲས་ཐོན་པ་ཞིག་དང་། ག་རེ་ཐོན་དང་མ་ཐོན་དེ་སྤྱིར་བཏང་ནི་རང་རང་གི་ལས་དང་བསྐོས་པ་རེད་དེ། རང་རང་སོ་སོའི་ངོས་ལ་ཡོད་པའི་ལག་ལེན་དེ་ཆུད་ཟོས་མ་སོང་བའི་མི་ཚེ་སྐྱེལ་དགོས་པ་དེ་ཐུགས་ལ་འཇོག་དགོས་པ་རེད། སྤྱིར་ན་སངས་རྒྱས་ཀྱི་བསྟན་པ་རེད། སྒོས་སུ་སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་གང་དང་གང་ཡིན་པ་དེ་རང་རང་གིས་ཐུབ་ཚོད་འཇོན་ཚོད་ཀྱི་སྒོ་ནས་ལག་ལ་ག་རེ་ཡོད་པ་དེ་གཞན་དོན་དུ་བསམ་བློ་གཏོང་རྒྱུ་དེ་རང་རེད། སྤྱིར་ན་སངས་རྒྱས་ཀྱི་བསྟན་པ་ཡང་དེ་རང་རེད། སྒོས་སུ་རང་རང་སོ་སོའི་བྱུང་ས། གནས་ས། ཡོང་ས་ག་ནས་ཡིན་པ་དེ་བརྗེད་ཉན་མ་རེད། ཐོག་མཐའ་བར་གསུམ་གང་ཡིན་པ་དེ་དང་། གྲུབ་འབྲས་ཐོན་ས་དེ། དཀའ་བ་སྤྱད་ས་དེ། གང་དང་གང་ཡིན་པ་བརྗེད་ཉན་གི་མ་རེད། དུས་རྟག་ཏུ་ཐུགས་ལ་འཇོག་དགོས་རེད། གང་ཡིན་ན་རང་གི་མི་ཚེ་དེ་ཁྲོག་བརླག་མ་སོང་བ་ཞིག་དགོས་པ་རེད། ད་ལན་འདི་ནས་འགོ་བཟུང་ནས་གང་དང་གང་བྱུང་བ་དེ་ལོ་མང་པོ་ཞིག་ལ་དཀའ་བ་སྤྱད་ནས་བསྒྲུབས་པའི་འབྲས་བུ་རེད། དེ་ཆུད་ཟོས་མ་སོང་བ་ཞིག གྲོན་ཟགས་མ་སོང་བ་ཞིག མཐར་ཕྱིན་པ་ཡོད་པ་ཞིག ཕྱི་དང་ནང་གང་གིས་བལྟས་ན་རེད་བསམ་བསམ་ཡོད་པ་ཞིག ཞབས་འདྲེན་མ་སོང་བ་ཞིག གང་ཡིན་པ་དེ་ཐུགས་ལ་འཇོག་རོགས་གྱིས་ཞུ་རྒྱུ་ཡིན། ད་་་དེ་ཉུང་བསྡུས་ཤིག་རེད། ད་དུང་ལྷག་པར་ཕྱི་ཡི་སྤྱོད་ལམ་རེད། ནང་གི་བསམ་སྦྱོར་རེད། གང་དང་གང་ཡིན་ན་ད་ལན་རང་རང་སོ་སོའི་འབྲེལ་བ་ཐོགས་པ་སྤྱི་དང་། ཡང་སྒོས་ཕ་མ་ཐམས་ཅད་རེད། ཚང་མ་འདི་ན་སླེབས་བསྡད་པ་དེ་དགའ་སྐྱིད་ཕུན་སུམ་ཚོགས་པ་ཡོང་དགོས་པའི་རྒྱུ་མཚན་ཞིག་རེད། བསོད་ནམས་ཀྱང་རེད། སྐལ་པ་བཟང་པོ་ཡང་རེད། དེ་ཡིན་པ་དེ་ལ་ཡིན་པ་ངོ་ཤེས་པར་བྱེད་ནས་ད་ལན་འདི་ནས་བཟུང་ནས་ཕྱི་ནང་ག་བར་ཡིན་ན་ཆུད་ཟོས་མ་སོང་བ་ཞིག་ཡིན་གཅིག་མིན་གཅིག་ཐུགས་ལ་འཇོག་དགོས་པ་རེད། དེ་ཐུགས་ལ་འཇོག་རྒྱུ་གྱིས། ད་དེ་འདྲ་ཞིག་རང་ཡིན། ཞེས་མེ་ལོང་ཞེས་སུ་འབོད་པ་དེས་ཕྱི་ལོའི་ ༢༠༡༥ ཟླ་ ༠༣ ཚེས་ ༠༧ ཉིན་ཡིག་ཐོག་ཏུ་ཕབ།

གསལ་བཤད། འདི་ནི་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་ཆེན་མོས་ཕྱི་ལོ་ ༢༠༡༥ ལོའི་ཧོར་ཟླ་ ༠༡ པོའི་ཚེས་ ༡༦ ཉིན་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་མཛད་སྒོ་སྐབས་བརྒྱད་པའི་ཐོག་གནང་བའི་བཀའ་སློབ་སྙིང་བསྡུས་ཤིག་རེད། ཡིག་ཐོག་ཏུ་ཚིག་གོ་སྟབས་བདེ་ཆེད་ཚིག་ཁ་རེ་གཉིས་འཕྲི་སྣོན་བྱས་པ་ཙམ་ལས་ཤར་མར་ཕབ་པ་ཞིག་ཡིན།

(སྤྱིའི་གཟིགས་གྲངས། 115 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།