ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧དཔལ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་ཞབས་སོར་འཁོད་པའི་གནས་བསྡུས།

དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༠༤ པའི་ནང་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་༧སྐྱབས་རྗེ་ལུང་རྟོགས་ཟླ་བ་དར་རྒྱས་དཔལ་བཟང་པོ་མཆོག་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་རིན་པོ་ཆེ་མཆོག་མཇལ་འཕྲད་དང་དབང་ལུང་མན་ངག་ཞུ་ཆེད་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་ཕེབས་པ་རེད། དེ་ཡང་ཐོག་མར་གདན་ས་སྨན་རི་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཕེབས། ཕྱི་ཚེས་༠༧ཉིན་མཁའ་ལམ་བརྒྱུད་རྒྱ་གར་གྱི་ནུབ་ཕྱོགས་སི་ལིས་གྷུ་རིས་ལ་ཕེབས་པ་དང་། རྒྱ་བལ་གྱི་ས་མཚམས་བར་དུ་གདན་ས་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་གི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་བློ་གྲོས་དང་། གཡུང་དྲུང་འོད་ཟེར་བཅས་རླངས་འཁོར་བཏང་ནས་ཕེབས་བསུ་བཅར། ས་མཚམས་ནས་ཤེས་རིག་ཕུན་ཚོགས་གླིང་གི་ཚོགས་པའི་ཚོགས་གཙོ་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པ་བ་ར་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་བལ་ས་མཚམས་ཀྱི་འགག་སྒོ་ནས་བདེ་བླགས་ངང་ཕེབས་ཐུབ་པའི་ཐབས་ཤེས་གནང་ནས་ས་མཚམས་བརྒལ་ཏེ་དགོང་མོ་བལ་པོའི་ས་མཚམས་ལ་ཞག་བཞུགས་གནང་། ཕྱི་ཉིན་གདན་ས་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་གི་རླངས་འཁོར་དང་། རླངས་འཁོར་གཞན་བཅས་ཀྱི་ནང་བླ་བྲང་གི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་བློ་གྲོས་དང་། གཡུང་དྲུང་འོད་ཟེར་རྣམ་གཉིས་ཀྱིས་ཁྲི་འཛིན་སྐུ་འཁོར་རྣམས་ས་མཚམས་ནས་བལ་ཡུལ་དུ་ཕེབས་བསུ་ཞུས་ཏེ་ཕྱི་ལོ་༢༠༢༢ཟླ་བ་༠༤ ཚེས་༠༨ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་ཞབས་སོར་བདེ་བར་འཁོད་ཐུབ་པ་བྱུང་སྟེ་གྲྭ་མང་འདུས་པ་རྒྱ་མཚོས་ཕེབས་བསུ་ཞུས། ཕྱི་ཚེས་༡༠ཉིན་བརྒྱུད་གསུམ་བསྟན་པའི་མདོ་འཛིན་ ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་མཇལ་འཕྲད་ཞུས། ཚེས་༡༠ཉིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་མདུན་ནས་ཨ་དཀར་ཞི་གཅོད་ཀྱི་ལུང་ཞུས། ཕྱི་དྲོ་ཨ་རི་བོན་གཤེན་གླིང་གི་དབུ་འཛིན་སྤྱང་སྤྲུལ་རྣམ་རྒྱལ་དབང་འདུས་མཆོག་གིས་མགྲོན་ཁང་ནང་གསོལ་སྟོན་གདན་ཞུས་ལྟར་ཕེབས། 

ཕྱི་ཚེས་༡༡ཉིན་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ལ་དད་ལྡན་འགའ་ཡིས་གདན་ཞུས་ལྟར་ཕེབས་ནས་དད་ལྡན་ཚོའི་ཐུགས་འདུན་བསྐངས་པ་དང་ཕྱི་དྲོ་པ་ཏྲིང་ལ་བལ་པོའི་ལྷ་མགར་ར་རྫུན་གྱི་ནང་ལ་ཕེབས་ནས་ལྷ་སྐུའི་སྐོར་ལ་གཟིགས་ཞིབ་གནང་།

ཕྱི་ཚེས་༡༢ཉིན་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་བླ་མེད་རྫོགས་པ་ཆེན་པོའི་སེམས་ཁྲིད་ཀྱི་ངོ་སྤྲོད་གསལ་འདེབས་ཞུས། ཕྱི་དྲོ་གནས་མཆོག་འཕགས་པ་ཤིང་ཀུན་སོགས་ལ་མཇལ་སྐོར་ཕེབས།

ཕྱི་ཚེས་༡༣ཉིན་ཞོགས་པ་ཡང་བསྐྱར་བླ་མེད་རྫོགས་པ་ཆེན་པོའི་སེམས་ཁྲིད་གསལ་འདེབས་ཞུས་པ་དང་ཉམས་ལེན་ཞུ་དག་གནང་། དེ་ནས་གདན་ས་ཁྲི་བརྟན་ནོར་རྩེའི་འདུས་སྤྱི་ནས་གདན་ཞུས་ལྟར་རྒྱལ་གཤེན་དཔའ་བོའི་རི་ཁྲོད་དུ་ཕེབས་ཏེ་བསང་གསོལ་རླུང་རྟ་མཛད། གནས་དེར་ཡོད་པའི་གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྨན་ཁང་དང་མཚམས་ཁང་སོགས་ལ་གཟིགས་ཞིབ་གནང་།

ཕྱི་ཚེས་༡༤ཉིན་དད་སྦྱིན་གཡུང་དྲུང་འོད་ཟེར་གྱིས་གདན་ཞུས་ལྟར་ཡང་ལེ་ཤོད་ལ་ཕེབས་ཏེ་ཁོང་གི་ཐུགས་འདོད་བསྐངས། ཕྱི་དྲོ་བལ་ཡུལ་མདོ་སྨད་ཚོགས་པའི་རྒྱུན་ལས་རྣམ་པས་མཇལ་ཁ་ཞུས་པ་ལྟར་མཇལ་ཁ་གནང་།

ཕྱི་ཚེས་༡༥ཉིན་སྔ་དྲོ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་ སེམས་ཁྲིད་གསལ་འདེབས་ཞུས་པ་དང་། བལ་ཡུལ་མདོ་སྟོད་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་རྣམ་པས་མཇལ་ཁ་ཞུས་པ་ལྟར་མཇལ་ཁ་གནང་། ཉིན་རྒྱབ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭར་གཟིགས་སྐོར་ཕེབས་ནས་དགེ་སློབ་རྣམས་ལ་བཀའ་སློབ་བཀའ་དྲིན་བསྩལ་མཛད།

ཕྱི་ཚེས་༡༦ཉིན་སྔ་དྲོ་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་འགྲོ་མགོན་བློ་གྲོས་ཀྱིས་མཛད་པའི་མན་ངག་གཅེས་པའི་གནད་དོན་བཞི་པ་སོགས་ལེའུ་ཕྲན་འགའ་ཡི་ལུང་ཞུས། ཉིན་རྒྱབ་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་ཇི་ལྟར་གསོལ་འདེབ་ཞུས་པ་ལྟར་གདན་སའི་འདུས་མང་དང་བལ་ཡུལ་རྒྱལ་ས་རུ་གནས་འཁོད་མི་མང་ཡོངས་ལ་ཚེ་སྒྲུབ་བྱ་རི་མ་ཡི་བཀའ་དབང་རྒྱས་གནང་མཛད། ཉིན་དེར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་གདན་ས་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་དང་སྔར་སྲོལ་གསོ་རིག་འབུམ་བཞིའི་དགེ་སློབ་ལྷན་རྒྱས་སྔོན་འགྲོའི་སློབ་གྲྭ་སོགས་ལ་ཞལ་ལག་རྒྱས་གནང་མཛད་པ་དང་། ཕྱི་དྲོ་མཆོད་རྟེན་བྱ་རུང་ཁ་ཤོར་རུ་དད་སྦྱིན་པུར་ཎ་ཤཱཀྱས་གདན་ཞུས་ལྟར་ཆིབས་བསྒྱུར་བསྐྱངས།

དེ་ལྟར་ཕྱི་ཚེས་༠༨ནས་༡༦བར་ཉིན་གྲངས་དགུའི་རིང་ལ་བལ་ཡུལ་དུ་མཛད་འཆར་ཁག་གྲུབ་སྟེ་ཕྱི་ཚེས་༡༧ཉིན་སྔ་དྲོ་གདན་ས་ཁྲི་བརྟན་ནོར་བུ་རྩེའི་གྲྭ་མང་འདུས་པ་རྒྱ་མཚོས་ཕེབས་སྐྱེལ་ཞུས་ཏེ་བལ་ཡུལ་ནས་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་གི་རླངས་འཁོར་དང་། གྲྭ་ཚང་གི་རླངས་འཁོར་བཅས་ཀྱི་ནང་ཁྲི་འཛིན་སྐུ་འཁོར་རྣམས་ཁྲི་བརྟན་ནོར་བུ་རྩེའི་མགྲོན་གཉེར་ཆེན་མོ་དགེ་བཤེས་ཀུན་སྐྱོང་རྒྱལ་པོ་དང་། བླ་བྲང་གི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་བློ་གྲོས་དང་། བསོད་ནམས་དཔལ་འབྱོར་བཅས་ཀྱིས་རྒྱ་བལ་གྱི་ས་མཚམས་བར་ཕེབས་སྐྱེལ་ཞུས་པ་དང་དེ་ནས་བྷིར་གྷ་ཇི་བརྒྱུད་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གདན་ས་སྨན་རི་ལ་ཕེབས་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་སུ་ཁྱུང་ཁྲི་ལྡེས་ ༢༠༢༢  ༠༤ ༡༧  ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,104 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྒྱུན་སྲོལ…
error: རྩོམ་འདི་བདག་དབང་ཅན་ཡིན།