ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དུས་ཚོད་ཀྱི་ཆུ་མོའི་རླབས་རིས།

རྩོམ་པ་པོ། ཞུ་ཚང་བ།  རླུང་བུ།  ཞོགས་སྤྲིན།    རྟོག་རླུང་།

 ཕྱིར་མིག་ཀློང་གི་ནམ་ཟླ།

མི་ཚེའི་གྲུ་ཁ་དམར་པོའི་ཡང་སྟེང་ནས།།

ལོ་ཟླས་རྨི་ལམ་བརྩེགས་པའི་འདས་སོང་ལ།།

མངོན་འགྱུར་གསང་བ་བཅོལ་བའི་གཏམ་རྒྱུད་དེ།

སྙན་ངག་ལྷ་མོའི་རུམ་ཁར་བསྙལ་ནས་ཡོད།།

ཁ་སང་རྨི་ལམ་ཞིག་གི་འོད་ཐིག་འཇུས།།

ལས་དབང་གཉན་པོའི་གྲོག་མོར་དལ་གྱིས་བཞུད།།

རྔུལ་ཆུ་ཁྲི་མ་འབུམ་གྱི་བརླན་པས་ན།།

འདས་སོང་བུས་པ་དམར་རྗེན་ཨ་ཙ་མ།།

རེ་བ་ཁྲ་ཁྲའི་མིག་ཟུང་མ་བགྲད་ཅིང་།།

ཤེས་རིག་བུ་མོར་དུངས་སེམས་ཆད་མེད་ཀྱང་།།

གཡེང་བའི་བྲན་ཚུད་སེམས་པ་སྙི་མོ་མས།།

འདི་ལོའི་གྲུབ་འབྲས་སྒོ་ང་བཞག་སོང་ཐལ།།

ལོ་ཟླ་འབབ་ཆུ་འདྲ་བའི་སྣེ་མོ་དེར།།

ཚོར་བ་མག་མུག་ཅིག་གིས་རེ་བ་བྱས།།

ཡུན་དུ་བརྣགས་པའི་ལྟེ་ཁ་མ་མཐོར་བར།།

མི་ཚེ་ཆུ་རྦ་འདྲ་དེ་རླུང་གིས་འཁྱེར།།

དུས་ཚོད་ཐིགས་པ་བསགས་པའི་ཉེར་འབྲས་སུ།།

ལོ་ཟླའི་ཆུ་བོ་ཆེན་པོ་བཞུར་ཟིན་ཏེ།།

ཕྱིར་མིག་སྐྱུར་མོ་མ་ཞིག་བཞག་རན་དུས།།

ཁེར་རྐྱང་སེམས་པའི་གྲང་ཤུམ་སྙིང་ལ་གཟན།།

འདུལ་ཁྲིམས་གཤོག་ཟུང་གྱེན་དུ་བརྐྱང་བྱས་ཏེ།།

མཚམས་སྤྲིན་གླིང་ཁར་ནམ་འཕང་སྐྱོད་འདོད་ཀྱང་།།

ཆགས་འཁོར་རྙི་རྒྱའི་ནང་དུ་ཚུད་དྲགས་པས།།

གང་བསམ་མྱུར་འགྲུབ་ཡོང་བར་དཀའ་ཚོད་རེད།།

གངས་ཀྱི་མདངས་ལས་འཚེར་བའི་རླབས་ཞགས་དེས།།

སྐབས་རེར་རྡོག་ལམ་སྣེ་མོ་བསྟན་བྱས་ཀྱང་།།

ཉེར་དགུའི་མུན་ཁྲོད་གསལ་བར་མ་ནུས་པས།།

ལན་རེར་ལག་རྙབ་ཙམ་ལས་འགྲོ་ཐབས་དཀའ།།

སེམས་ཀྱི་ཉི་མས་ཁྱོད་ལ་དྲོད་སྦྱིན་ཏེ།།

སྙིང་གི་གུར་ཁུང་མགོ་ཐོག་དབུབ་པ་ལ།།

ཐོག་དང་སེར་བའི་བར་ཆད་བཙན་པོ་མས།།

མི་འདོད་བཙན་གྱིས་ཕྲལ་དེ་སེམས་ཀྱི་ནད།།

ཤར་རིའི་ཉི་མའི་འཛུམ་མདངས་དྲོ་མོ་དེ།།

པད་མོའི་འདབ་ལོ་བཞད་ལ་འཕྲོས་ན་ཡང་།།

ཁེར་རྐྱང་ཀུ་ད་གཞོན་ནུའི་སེམས་སྦུག་ནས།།

དཀར་གསལ་ཟླ་བ་དྲན་པ་འགོག་མ་ཐུབ།།

གངས་རི་དཀར་རྐྱང་ཞིག་གི་མདུན་ཞོལ་ནས།།

སེང་གེའི་ནུ་ཞོ་འཐུང་ལ་མ་མོས་པར།།

མངར་སྐྱུར་གཉིས་ཀ་འཛོམས་པའི་ནགས་ཁྲོད་དུ།།

སྡོང་ལོའི་འབྲས་བུར་རོལ་འདོད་འགོག་མེད་ཅིག །

ཁུ་སིམ་རི་གྲོང་སེར་པོའི་པང་ཁུག་ཏུ།།

ཁེར་རྐྱང་འཚོ་བའི་དབུ་ཁྱུང་བྲིས་ན་ཡང་།།

མཛའ་མོའི་སྣང་བརྙན་གསོན་གཟུགས་དོད་གྱུར་པས།།

བརྩེ་དུང་རྒྱ་གྲོང་དཀྱིལ་དུ་འཚོས་ནས་ཡོད།།

ལྷབ་ལྷུབ་ལི་ཁྲིའི་ན་བཟའ་གཡོ་བའི་དབུས།།

ནམ་ཡང་གནས་ཚང་གཡར་འདོད་སེམས་པ་དེ།།

ཁྲ་ཁྲ་ཆོ་འཕྲུལ་ཆེ་བའི་གྲོང་ཁྱེར་ནས།།

གློ་བུར་སུ་ཡིས་བརྐུས་སམ་བོར་སོང་ཐལ།།

བཅོ་ལྔའི་ལོ་ཡི་ཕྲེང་བ་གཞལ་བའི་ཚེ།།

འདས་སོང་ཀྱག་ཀྱོག་འཚོ་བའི་གོམ་འགྲོས་དེར།།

ཡིད་བརྙན་ལམ་ནས་ཝལ་གྱིས་འཆར་བའི་ཚེ།།

སྐྱོ་གདུང་ཐིགས་པའི་རྒྱ་མཚོ་ཡང་ནས་མེར།།

སེམས་ཚེགས་དུབ་པའི་མིག་ཟུང་གདང་མྱངས་ཤིང་།།

ཤགས་ཀྱིས་དགོད་སྒྲས་གནམ་ས་བལྡེགས་ཀྱང་མྱངས།།

རེས་མོས་སྐྱིད་སྡུག་འགྲིལ་བའི་ལོ་ཟླ་ན།།

དོ་ནུབ་ཕྱིར་མིག་དམར་པོ་ཨེན་ཙམ་ཟུག།

མཁའ་མཐའི་ཉི་མ་སེར་རིལ།

      རེ་སྨོན་ཞིང་གི་འོད་རླབས།

དྲི་ཟའི་འཕྲེད་གླིང་གྲག་པའི་འཇིག་རྟེན་འདིར།།

བདག་མེད་བརྟན་པའི་གཟུགས་རིས་བྲིས་པས་སུ།།

ལོ་ཟླའི་འཇའ་ཚོན་འཆར་བའི་དུས་ཚིགས་ཤིག།

དོ་ནུབ་སྙན་དངགས་ལྷ་མོའི་འབབ་སྟེགས་ཡིན།།

འོད་ཀྱི་ཁུར་པོ་རི་བོའི་གཏོས་ལ་འདེགས།།

རེ་བོའི་རྒྱ་མཚོ་འཁྱོལ་བས་བསགས་ནས་སུ།།

སྙིང་གི་མེ་ལོང་དེ་ཡིས་བྱི་དོར་བྱས།།

སེམས་པ་ཁེན་སའི་སྟ་གོན་དུས་གཅིག་གྲུབ།།

རེ་བའི་ཕྲེང་ཐག་བརྒྱུས་པའི་ཉམས་སྣང་ལ།།

ཁྱོད་དང་ཉེ་བའི་མིག་ཆུ་ཐོལ་བྱུང་བ།།

མངོན་འགྱུར་ཞིང་ཁམས་ཤིག་ཏུ་དབུ་ཁྱུང་བྱས།།

སྙན་ངག་ལྷ་མོས་གཟུ་སེམས་བྱམས་ཀྱིས་བསྐྱངས།།

ལོ་རྒྱུས་རྡོ་རིང་བཙུགས་པའི་རྨི་ལམ་རྒྱུད།།

ལས་ལ་བརྩོན་པའི་སེམས་པ་རྔུལ་གྱིས་བཀྲུས།།

ཡི་ཆད་ཁྲེམས་པའི་གཉེར་མ་མ་བཙས་ཤིང་།།

དོ་ནུབ་འཁྲེན་པའི་འཚོ་བ་རེབ་ཀྱིས་འཆར།།

ཁ་མདོག་སྣ་མང་གཡོ་བའི་ལྡིང་ཁང་དེར།།

སྲེད་ལྡན་པད་མ་དཀར་པོས་ཟློས་གར་སྒྱུར།།

ཁྲིམས་ཅན་བང་བ་སེར་པོའི་ཞེ་དམ་དེས།།

འཛེམ་བྱ་གདོན་འདྲེའི་མིང་དེ་ཁུར་དགོས་མེད།།

ཕྱི་རོལ་ཁྲ་ཟིང་འདུ་ལྷང་ཆོ་འཕྲུལ་དང་།།

གསོན་ཁྲག་དམར་པོའི་འགུལ་ཤུཊ་རྒོད་ན་ཡང་།།

འདས་སོང་གོང་ནས་བླངས་པའི་ཞགས་པ་དེས།།

འཇིག་རྟེན་སྲེད་པའི་གྲོང་དུ་བགྲོད་མ་བཅུག།

ཚོར་བ་དམར་པོའི་འགྱུ་ཁ་རེ་རེ་ཡི།།

དུང་ཞེན་སེམས་ཀྱིས་འབོད་སྒྲ་གསོང་པོ་འདི།།

ལ་ལུང་ཤི་གསོན་གཉིས་པོའི་འབྲེལ་མཚམས་ལས།།

མཚན་ལྡན་གསོན་ལ་རྩེན་པའི་དན་རྟགས་ཡིན།།

གངས་ལས་བཞུར་བའི་འོ་མ་དཀར་པོ་དང་།།

ཚོར་འདུའི་ཟུངས་ཁྲག་དམར་པོ་འདྲེས་གྱུར་ན།།

གསོན་པོའི་རླབས་ཀྱི་ཟེགས་མ་འཕྱུར་ཡོང་བས།།

ཤི་བོའི་མིང་བྱང་སྐྱ་བོ་ཁུར་དགོས་མེད།།

རྒྱང་མིག་ཁྲ་མོའི་གཤོག་ཟུང་མཁའ་རུ་རྐྱོང་།།

འཇིག་རྟེན་མི་ཁའི་སྤྲིན་ཕུང་རབ་གཤགས་ཏེ།།

མུ་མེད་ཤེས་བྱ་རིག་པའི་རྒྱལ་ཁམས་སུ།།

འགྱུར་མེད་གྱ་གྱུའི་གོམ་ཁ་མཉམ་དུ་སྤོ།།

ཁེར་རྐྱང་མི་ཚེའི་རྒྱུད་ལམ་ཀྱག་ཀྱོག་ལ།།

བློ་རྩེ་གཉིས་ཀྱིས་བསྒྲོད་པར་མི་ནུས་པས།།

རེ་བའི་ཁ་ཕོ་ལྷོད་དུ་མི་འཇུག་པར།།

བདེ་སྐྱིད་ཐང་ཆེན་དེ་རུ་སྤོབས་པས་འགྲོ།

མ་འོངས་མི་ཚེའི་འཚོ་བ་རིང་མོ་ལ།།

བྱིས་པ་ཞིག་གིས་རྩེད་མོ་མི་རྩེ་བར།།

རོགས་བཟང་ཤེས་རིག་བུ་མོར་རྩེན་བཞིན་དུ།།

མདུན་བསྐྱོད་གོམ་པ་ནམ་ཡང་མཚམས་མི་འཇོག།

རེ་སྨོན་རྔུལ་ཆུ་བཙིར་བའི་ཐིགས་པ་རེས།།

བཅུ་དྲུག་ལོ་ཟླའི་སྟོང་ཆ་སྐོང་བྱས་ཏེ།།

འབད་པ་སྟོང་གིས་བསྐྲུན་པའི་རྡོ་རིང་ངོས།།

ཇི་སྲིད་གསོན་ཁྲག་དམར་པོའི་རི་མོ་འཐེན།།

གསལ་བཤད།

      འདི་ནི་གཞོན་སྐྱེས་འགའ་ཡིས་ལོ་ཟླའི་བརྩེགས་པ་མཐོན་པོའི་བར་གསེང་ནས་རྙེད་པའི་ལྷད་མེད་ཀྱི་ཟིན་ཐོ་དམར་པོ་དེ་ཡིན་ལ། རེ་སྨོན་རྨི་ལམ་ཞིང་གི་འབྱུང་འགྱུར་ལ་འཚོ་བའི་ཁ་དོག་སྐྲུན་པའི་འཆར་སྣང་རབ་རིམ་ཙམ་ཞིག་ཡིན་པས་ན་ལོ་རབས་སྔ་མའི་གསང་བ་བཏོན་ཞིང་ལོ་རབས་ཕྱི་མའི་གོམ་འགྲོས་ལ་གདེང་འཇོག་བྱས་པ་ཞིག་ཀྱང་ཡིན་པར་འདོད།

             ༢༠༡༥/ལོའི་ལོ་མཇུག་གི་མཚན་མོའི་དུས་ཚོད་༡༡ཐོག་འགོ་བརྩམས་ཏེ། ༢༠༡༦ལོའི་མཚན་མོའི་དུས་ཚོད་༡༢་པར་མཇུག་གྲུབ་བོ། །

ཁྱུང་ཐོག་རྒོད་ནས་མཐུན་སྦྱོར་ཞུས།

(སྤྱིའི་གཟིགས་གྲངས། 76 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།