ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༸གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་མཇུག་བསྡོམས་འཚོགས་འདུ།

མདོ་སྔགས་བཤད་སྒྲུབ་བསྟན་པའི་འབྱུང་གནས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེ་སྐབས་ ༢༣ པ་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ། གཞི་རིམ་སྔོན་འགྲོའི་སློབ་གྲྭ་བཅས་དགོན་འདིའི་ལོ་གཅིག་གི་སློབ་གཉེར་ལས་རིམ་ཡོངས་སུ་གྲུབ་མཚམས་ཀྱི་མཇུག་བསྡོམས་འཚོགས་ཆེན་ཉིན་གཉིས་རིང་གི་གནས་ཚུལ།

ཕྱི་ལོ་ ༢༠༡༨ ཟླ་བ་ ༠༢ པའི་ཚེས་ ༠༤ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་བཞི་པར་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་གཙོས། རྩ་འཛིན་སློབ་དཔོན་དང་དགེ་བའི་བཤེས་གཉེན་རྣམ་པ། གྲྭ་ཚང་གི་ལས་བྱེད་རྣམ་པ། སྐབས་ཉེར་གསུམ་པ་དང་ཉེར་བཞི་པའི་བཤད་སྒྲུབ་འདུས་སྡེའི་འགན་འཛིན་གསར་རྙིང་རྣམ་པ་དང་གྲྭ་མང་བཅས་གཙུག་ལག་ཁང་དུ་ཡོངས་སུ་འཛོམས་རྗེས་སྐབས་ཉེར་གསུམ་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ཚུལ་ཁྲིམས་བློ་ལྡན་ལགས་ནས་ཚོགས་འདུ་དབུ་འཛུགས་ཀྱི་མཚམས་འདྲི་དང་བཅས་མཛད་རིམ་ངོ་སྤྲོད་གནང་། དེ་ནས་སྐབས་ཉེར་གསུམ་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ཚུལ་ཁྲིམས་བློ་ལྡན་ལགས་ཀྱིས་འཚོགས་འདུ་སྟངས་འཛིན་འོག་མཛད་རིམ་ལྟར་སྐབས་ཉེར་གསུམ་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་གཙུག་ཕུད་གོང་འཕེལ་ལགས་དང་། སྐབས་ཉེར་གསུམ་པའི་སྒྲུབ་གྲྭའི་དགེ་སྐོས་ཚུལ་ཁྲིམས་རྒྱལ་མཚན་རྣམ་པ་གཉིས་ནས་རིམ་པ་བཞིན་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་རྣམ་པའི་ལོ་གཅིག་རིང་འཚོགས་དང་འཆད་ར། དམ་བཅའ། བགྲོ་གླེང་། དཔེ་ཁྲིད། རིག་གནས་དཔེར་བརྗོད་བཅས་དང་། དེ་བཞིན་སྒྲུབ་གྲྭ་བ་རྣམ་པའི་ལོ་གཅིག་རིང་གི་ཐུན་དང་བསགས་སྦྱོང་། དཔེ་ཁྲིད་བཅས་ལ་སྒེར་ཆད་བྱུང་བ་རྣམས་སྒྲོག་སྦྱངས་གནང་། དེ་རྗེས་གྲྭ་ཚང་སྤྱི་གཉེར་ཆེན་མོ་དགེ་བཤེས་ཤེས་རབ་རིན་ཆེན་ལགས་དང་གྲྭ་ཚང་དགེ་བསྐོས་ཆེན་མོ་ཚུལ་ཁྲིམས་རྒྱ་མཚོ། དེ་བཞིན་སྐབས་ཉེར་གསུམ་པ་དང་ཉེར་བཞི་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་གསར་རྙིང་བཅས་ནས་གྲྭ་ཚང་གི་སྒྲིག་ལམ་དང་འབྲེལ་བའི་གསུང་བཤད་རིམ་པར་གནང་།

དེ་རྗེས་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག་ནས་ང་ཚོ་འདུལ་བ་པ་ལ་མཚོན་ན་འདུལ་བའི་གཞུང་ལུགས་ལ་བལྟ་ནས་འདུལ་བའི་སྤྱོད་ལམ་དང་བསླབ་བྱ་ལ་གོམས་པ་ཡོང་བར་བྱ་དགོས་རྒྱུ་གལ་ཆེ་ཚུལ་སོགས་བཀའ་སློབ་ཟབ་རྒྱས་གནང་། དེ་རྗེས་༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་སྒྲིག་ལམ་ནི་སློབ་སྦྱོང་ལ་བསྐུལ་མ་གཏོང་བྱེད་ཀྱི་ལྕགས་ཚན་ལྟ་བུ་ཞིག་ཡིན་པས་སྒྲིག་ལམ་ལ་བརྩི་སྲུང་གནང་རྒྱུ་ནི་ཧ་ཅང་གལ་ཆེ་ཚུལ་སོགས་བཀའ་སློབ་ཟབ་རྒྱས་གནང་། དེ་རྗེས་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་དགོན་གྱི་ལས་བྱེད་པ་དང་སློབ་གཉེར་བ་སོགས་གོང་འོག་བར་མགོ་འོག་ལུས་ཚུད་ཀྱི་ཚུལ་དུ་གནས་དགོས་པ་དང་། དེ་བཞིན་བཤེས་གཉེན་བསྟེན་ཚུལ་ལ་བསླབ་དགོས་པ་གལ་ཆེ་ཚུལ། ཤེས་ཡོན་དང་། ཉམས་ལེན། སྤྱི་ཚོགས། ཁོར་ཡུག་བཅས་གང་གི་ཐད་ནས་བཤད་ན་ཡང་གཙོ་བོ་གང་ཟག་རང་གི་དངོས་ཀྱི་ལག་ལེན་དེ་གལ་ཆེ་ཚུལ་བཅས་བཀའ་སློབ་ཟབ་རྒྱས་གནང་། མཐར་དགོང་མོའི་ཕྱག་ཚོད་བརྒྱད་པ་མ་ཟིན་ཙམ་ནས་ཚོགས་འདུ་སྟངས་འཛིན་པ་བཤད་སྒྲུབ་འདུས་སྡེའི་དགེ་བསྐོས་ཚུལ་ཁྲིམས་བློ་ལྡན་གྱིས་མཇུག་བསྡུའི་གཏམ་བཤད་གནང་སྟེ་ཉིན་འདི་ཡི་ཚོགས་འདུའི་མཛད་རིམ་གྲུབ།

འཚོགས་འདུ་ཉིན་གཉིས་པར་གཙོ་བོ་ལོ་འཁོར་རྒྱུགས་སྤྲོད་ནང་བརྒྱ་ཆ་མཐོ་ཤོས་ལེན་མཁན་རྣམས་ལ་གཟེངས་རྟགས་འབུལ་རྒྱུ་དང་། ལོ་ལྟར་བཞིན་བཤད་སྒྲུབ་འདུས་སྡེའི་ལས་བྱེད་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་ལས་བྱེད་གསར་རྙིང་བརྗེ་རྒྱུའི་མཛད་སྒོ་བཅས་ཡིན། དེ་ཡང་། ཕྱི་ལོ་ ༢༠༡༨ ཟླ་བ་ ༠༢ པའི་ཚེས་ ༠༥ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨ པའི་ཐོག་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག་གིས་གཙོས། ༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་འདུས་མང་དང་། གསོ་རིག་འབུམ་བཞིའི་དགེ་སློབ་རྣམ་པ་དང་། གཞི་རིམ་སྔོན་འགྲོའི་སློབ་གྲྭའི་དགེ་སློབ་ལྷན་རྒྱས་བཅས་ཚོགས་ཁང་དུ་ཡོངས་སུ་འདུ་འཛོམས་གནང་རྗེས།

སྐབས་ཉེར་གསུམ་པའི་བཤད་སྒྲུབ་འདུས་སྡེའི་དགེ་བསྐོས་ཚུལ་ཁྲིམས་བློ་ལྡན་ལགས་ཀྱིས་དབུ་འཛུགས་ཀྱི་འཚམས་འདྲི་དང་བཅས་ཏེ་མཛད་རིམ་གསལ་བསྒྲགས་གནང་། དེ་རྗེས་མཛད་རིམ་ལྟར་ཐོག་མར་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་སྐབས་ཉེར་གསུམ་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་རྣམ་པ་ལས་ཡུན་རྫོགས་མཚམས་ཀྱི་ཐུགས་རྗེ་ཆེ་ཞུ་དང་། སྐབས་ཉེར་བཞི་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་གསར་དུ་བསྐོ་བཞག་གནང་བ་རྣམས་ལ་མཚམས་འདྲིའི་ཁ་བཏགས་སྒྲོན་གནང་མཛད།

དེའི་རྗེས་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་སྤྱི་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ཀྱིས་མཚམས་འདྲི་དང་བཅས་ངོ་སྤྲོད་གནང་རིམ་བཞིན་སློབ་གྲྭའི་ལས་བྱེད་གསར་རྙིང་བརྗེ་ལེན་གྱི་ཁ་བཏགས་སྒྲོན། དེའི་རྗེས་སུ་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བའི་ཁྲོད་ནས་ལོ་གཅིག་ནས་ལོ་བཅུ་གཅིག་བར་བཤད་སྒྲུབ་འདུས་སྡེའི་འཚོགས་དང་འཆད་ར་དཔེ་ཁྲིད་རིག་གནས་དཔེར་བརྗོད་སོགས་གང་ཡང་མ་ཆད་པ་བྱུང་བ་རྣམས་དང་། དེའི་རྗེས་བཤད་སྒྲུབ་འདུས་སྡེ་སྐབས་ཉེར་གསུམ་པའི་རིང་རྒྱུད་བུ་ཆུང་བཅུ་གཉིས། མེ་སྟོན་དབུ་མའི་རང་འགྲེལ། རྗེ་རིན་པོ་ཆེས་མཛད་པའི་དབུ་མ་བདེན་གཉིས་ཀྱི་འགྲེལ་བ། མངོན་རྟོགས་རྒྱན། ཐེག་འགྲེལ་མེ་ལོང་དགུ་སྐོར། སུམ་ལྡན་བསྡུས་གྲྭའི་རྣམ་བཤད། རིག་ལམ་བསྡུས་གྲྭའི་རྣམ་བཤད་ངོས་འཛིན་བློ་གསལ་འཇུག་སྒོ་ཆ་ཚང་བཅས་དམིགས་བསལ་གཞུང་ཆེན་ཁག་ངག་རྒྱུགས་འཕར་མ་འབུལ་མཁན་རྣམས་དང་། དེ་རྗེས་འདི་ལོའི་ངག་རྒྱུགས། རིག་གནས་རྒྱུགས་སྤྲོད། རྩོད་རྒྱུགས། བྲིས་རྒྱུགས། དམིགས་བསལ་གཞུང་ཆེན་ཆེད་སྦྱོང་གི་རྒྱུགས་སྤྲོད་སོགས་རྒྱུགས་སྤྲོད་ཁག་གི་བརྒྱ་ཆ་མཐོ་ཤོས་ལེན་མཁན་རྣམས་ལ་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་དམིགས་བསལ་གཟེངས་རྟགས་བསྩལ་གནང་མཛད།

དེ་རྗེས་གཞི་རིམ་སྔོན་འགྲོའི་སློབ་གྲྭའི་འགན་འཛིན་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་ལགས་ནས་གཞི་རིམ་སྔོན་འགྲོའི་རྒྱུགས་སྤྲོད་སྐོར་ངོ་སྤྲོད་གནང་སྟེ་པར་རིས་བཤམ་སྟོན་གྱི་འགྲན་བསྡུར་དང་། བོད་ཡིག་ཡིག་གཟུགས་འགྲན་བསྡུར། དེ་བཞིན་དབྱིན་སྐད། སྤྱི་ཚོགས་ཚན་རིག བོད་ཀྱི་སྐད་ཡིག བལ་པོའི་སྐད་ཡིག བོད་ཡིག་དག་ཀློག རི་མོའི་འགྲན་བསྡུར་སོགས་རྒྱུགས་སྤྲོད་དང་འགྲན་བསྡུར་ཁག་ནས་ཨང་རིམ་དང་པོ་དང་གཉིས་པ་གསུམ་པ་ཐོབ་མཁན་དང་། བཟང་སྤྱོད་ལེགས་འདེམས་བྱུང་བའི་སློབ་མ་རྣམས་ལ་གཟེངས་རྟགས་བསྩལ་གནང་མཛད། དེའི་རྗེའི་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་འགན་འཛིན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ཀྱིས་གསལ་བཤད་གནང་སྟེ་རྒྱུན་ཤེས་དང་རྒྱལ་རབས། བལ་པོའི་སྐད་ཡིག དབྱིན་ཇིའི་སྐད་ཡིག བོད་ཀྱི་རིག་གནས། གསོ་བ་རིག་པའི་བྲིས་རྒྱུགས་དང་ངག་རྒྱུགས་བཅས་ཀྱི་ཨང་རིམ་དང་པོ་དང་གཉིས་པ་གསུམ་པ་ཐོབ་མཁན་དང་། བཟང་སྤྱོད་ལེགས་འདེམས་ཀྱི་སློབ་མ་རྣམས་ལ་དམིགས་བསལ་གྱི་གཟེངས་རྟགས་བསྩལ་གནང་མཛད།

དེའི་རྗེས་༸སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་ལས་བྱེད་རྙིང་པ་རྣམས་ལ་ཐུགས་རྗེ་ཆེ་དང་གསར་པ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཀྱི་མཚམས་འདྲི་དང་། དེ་ནས་སློབ་གཉེར་གྱི་སྡེ་ཚན་ཁག་ནས་ཨང་རིམ་གྱི་གཟེངས་རྟགས་ཐོབ་མཁན་རྣམས་ལ་ལེགས་གསོལ་དང་ལམ་སྟོན་གྱི་བཤད་སྒྲུབ་འདུས་སྡེ་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ། གཞི་རིམ་སྔོན་འགྲོའི་སློབ་གྲྭ། དེ་བཞིན་དགེ་རྒན་དང་ལས་བྱེད་སོགས་སྤྱི་ཡོངས་ལ་བཀའ་སློབ་དང་ལམ་སྟོན་གྱི་བཀའ་དྲིན་བསྩལ་གནང་མཛད།

དེའི་རྗེས་སྐབས་ཉེར་གསུམ་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་གཙུག་ཕུད་གོང་འཕེལ་ལགས་ཀྱིས་མཇུག་བསྡུའི་གཏམ་བཤད་གནང་གྲུབ་རྗེས་འདི་ལོའི་ལས་བྱེད་གསར་རྙིང་དང་སློབ་གཉེར་བའི་ཁྲོད་ནས་དམིགས་བསལ་གཟེང་རྟགས་ཐོབ་མཁན་བཅས་སྐྱབས་རྗེ་མཁན་སློབ་རྣམ་པའི་མདུན་དུ་མཉམ་འཛོམས་ཀྱི་བརྙན་པར་བསྒྲོན་ནས་འདི་ལོའི་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་གསུམ་པའི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་འཇུག་བསྡོམས་ཀྱི་འཚོགས་འདུ་ཆེན་མོ་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ་སློབ་གཉེར་བ་ཚུལ་ཁྲིམས་དྲི་མེད་ཀྱིས་སྤྱི་ལོ་ ༢༠༡༨ ཟླ་བ་ ༢ པའི་ཚེས་ ༥ ཉིན་བྲིས།། །།

 

 

(སྤྱིའི་གཟིགས་གྲངས། 65 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སློབ་སྦྱོང…
error: རྩོམ་འདི་བདག་དབང་ཅན་ཡིན།