ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་ཡུ་རོབ་གླིང་དུ་བསྟན་དོན་མཛད་འཕྲིན་བསྐྱངས་པའི་གནས་བསྡུས་ཁག་གཉིས་པ།

ཧྥིན་ལན་དྲུའི་བོན་ཚོགས་བདེ་ཆེན་རི་ཁྲོད་དུ་བསྟན་དོན་མཛད་འཕྲིན་བསྐྱངས་པ།༼༢༠༡༨༽

ཕྱི་ལོ་ ༢༠༡༨ ཟླ་ ༠༥ ཚེས་༠༥ ཉིན༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་Finland བདེ་ཆེན་རི་ཁྲོད་དུ་ཞབས་བཅག་ནས་ཉིན་འགྱངས་གཉིས་རིང་དད་ལྡན་རྣམས་ལ་སློབ་ཁྲིད་བཀའ་དྲིན་བསྐྱངས། བདེ་ཆེན་རི་ཁྲོད་ནི་ཧྥིན་ལན་དྲུའི་དད་ལྡན་བོན་འབངས་རྣམས་ཀྱི་དགོས་འདུན་བཞིན་གཤེན་བསྟན་དར་རྒྱས་གླིང་དང་འབྲེལ་ཡོད་བོན་གྱི་ཚོགས་སྡེ་ཞིག་ཡིན། ད་བར་ལོ་བསྟར་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་རིན་པོ་ཆེས་སློབ་མ་རྣམས་ལ་ཁྲིད་ལུང་བཀའ་དྲིན་བསྐྱངས་དང་སྐྱོང་མུས་ཡིན་ལ། སྐབས་འདིར་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ཧྥིན་ལན་དྲུ་རུ་ཞབས་སོར་ཐོག་མར་བཀོད་དེ་སློབ་མ་མི་ཉུང་བ་ཞིག་ལ་ཁྲིད་གདམས་བཀའ་དྲིན་བསྐྱངས།
ཁོང་གིས་འདི་རུ་སློབ་གཞི་གཙོ་བོ་ཤར་རྫ་རིན་པོ་ཆེས་མཛད་པའི་གསུང་གདམས་ཀུན་བཟང་སྙིང་ཐིག་ལ་མཛད་གནང་ཡོད། ཀུན་བཟང་སྙིང་ཐིག་ནི་གཙོ་བོ་དབང་པོ་རབ་འབྲིང་ཐ་གསུམ་ལ་ལྟོས་པའི་ཉམས་ལེན་གྱི་ཐབས་ལམ་རྣམས་བྱེ་བྲག་སོ་སོར་ཕྱེས་ཏེ་ཞིབ་པར་གསུངས་པའི་རྫོགས་ཆེན་གྱི་ཟབ་གདམས་བླ་ན་མེད་པ་ཞིག་ཡིན། ཐོག་མར་༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་ལས་དང་སྐལ་པ་དང་ལྡན་པ་རྣམས་མངོན་པར་རྫོགས་པའི་སངས་རྒྱས་པའི་ཐབས་འོད་གསལ་རྫོགས་པ་ཆེན་པོའི་མྱུར་ལམ་སྔོན་འགྲོའི་སྦྱོང་ཐབས་རྣམས་བཀའ་དྲིན་བསྐྱངས་པ་དང་། དེ་ཡང་ཉིན་དང་པོར་སེམས་དང་སེམས་འབྱུང་གི་བྱེད་ལས་དང་འབྲེལ་བའི་དགེ་སྡིག་གི་ལས་ཇི་ལྟར་གསོག་ཚུལ་སྐོར་དང་། འཁོར་འདས་རུ་ཤན་གྱི་གོ་དོན་དང་སྦྱོང་ཐབས། རིག་དྲུག་རང་སྦྱོང་གི་གདམས་པ་བཅས་ཁ་གསལ་གོ་བདེའི་ངོ་སྤྲོད་སྙིང་བསྡུས་མཛད་དེ་བླང་དོར་ཉམས་ལེན་གྱི་བཀའ་སློབ་ལམ་སྟོན་གནང་།

ཉིན་གཉིས་པར་སྣང་ལུས་སེམས་གསུམ་གྱི་ཞེན་པ་བཟློག་པའི་ཐབས་སུ་སྒོ་གསུམ་སྦྱོང་བའི་ཐབས་ལམ་སྟེ་ལུས་སྦྱོང་དང་། ངག་སྦྱོང་། རྒྱས་གདབ་པ་དང་རྩལ་སྦྱོང་བ། མཉེན་བཙལ་བ་དང་ལམ་དུ་གཞུག་པའི་བར་གྱི་སྔོན་འགྲོ་ཧཱུཾ་སྦྱོང་གི་རིམ་པའི་གདམས་ངག་རྣམས་བཀའ་དྲིན་བསྐྱངས། དེ་ལྟར་སྒོ་གསུམ་སྦྱོང་བའི་ཕན་ཡོན་ནི། ཕྱི་ནང་རྣམ་རྟོག་གི་འགྲོ་ལྡོག་ལམ་དུ་ལོངས་ནས་སེམས་ལ་ཤིན་ཏུ་སྦྱངས་པའི་ཡོན་ཏན་ཐོབ་སྟེ་དམིགས་པ་གང་དུའང་བསྒྱུར་ཐུབ་པའི་དགོས་པ་དང་། ཡུལ་སྣང་རང་བཞིན་མེད་པར་གྲོལ་ཞིང་ནད་གདོན་བར་ཆོད་ཞི་ནས་ལུས་འོད་གསལ་དུ་ཡལ་བར་བྱེད་པ་སོགས་དབང་པོ་རབ་འབྲིང་ཐ་གསུམ་ལ་ལྟོས་པའི་འབྲས་བུ་མི་ལྡོག་པར་བྱེད་པ་ཡིན་ཏེ། གསེར་གྱི་ཞུན་མ་ལས། མཉེན་བཙལ་བ་དང་ལམ་དུ་ཞུགས་པ་ལ་སོགས་ལ་སྦྱངས་པས། ཤེས་པ་གཏོང་ན་འགྲོ་ཞིང་གཏད་ན་ལམ་ལམ་སྡོད་པ་འབྱུང་། གཟུང་འཛིན་འཕྲོ་རྟོག་གི་དབང་དུ་སོང་ན་མཉེན་བཙལ་ལམ་ཞུགས་མ་འབྱོངས་པའི་རྟགས་སོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་སློབ་ཁྲིད་གནང་བའི་དུས་མཚམས་ནང་སློབ་མ་རྣམས་ལ་བློ་སྟོབས་འཕར་མ་ཞིག་ཡོང་བཞིན་འདུག་པ་ནི། ཉམས་ལེན་ལ་འཇུག་པར་བྲོད་པ་སྐྱེས་པ་དང་། གོ་དོན་འཛིན་ཤེས་པ། སྤྲོ་སྣང་འཕེལ་བ། དགེ་རྒན་དང་གདམས་ངག་གི་རིན་ཐང་མཇལ་བའི་སྒུལ་ཤུགས་བཅས་ནི་ཚོར་སྣང་གསོན་པོ་དེའོ། །ཕྱི་ལོ་ ༢༠༡༨ ཟླ་ ༠༥ ཚེས་ ༠༧ ཉིན།

འཇའ་མེན་ཧོ་ཕན་དུ་བསྟན་དོན་མཛད་འཕྲིན་བསྐྱངས་པའི་གནས་བསྡུས། ༼༢༠༡༨༽

༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་ལོ་བསྟར་འཇའ་མེན་ནུ་ཡམ་བྷག་ལ་ཕེབས་ནས་དད་ལྡན་ཧན་སི་ཞེས་པའི་སར་འཇའ་མེན་སློབ་མ་རྣམས་ལ་གསུང་ཁྲིད་བཀའ་དྲིན་གནང་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༠༥ ཚེས་ ༠༩ ཉིན་མཁན་རིན་པོ་ཆེ་སྟོན་འཁོར་དང་བཅས་ནུ་ཡམ་བྷག་ལ་ཞབས་སོར་བཀོད། ཕྱི་ཚེས་ ༡༠ ནས་ ༡༣ བར་ཉིན་འགྱངས་བཞིའི་རིང་སྐུ་ལྔ་རང་ཁྲིད་ཀྱི་ཁྲིད་ལུང་བཀའ་དྲིན་བསྩལ་བ་དང་། སེམས་ཀྱི་སྐྱོང་ཐབས་རྣམས་དམིགས་རིམ་དང་སྦྲེལ་ཏེ་ཐུགས་དམ་ཉམས་བཞེས་མཛད་དེ་མིག་ལྟོས་ཀྱི་རྒྱན་དུ་ཉི་ཟླ་བཞིན་བླ་ན་འབར་བའི་འཕྲིན་ལས་བསྐྱངས་གནང་བའི་གནས་བསྡུས་དང་སྦྲགས་སྐུ་ལྔའི་ཁྲིད་ཀྱི་ནང་དོན་གནད་བསྡུས་བྱས་ན། ཁྲིད་ཡིག་འདི་ནི་ཞང་ཞུང་སྙན་རྒྱུད་རིགས་དྲུག་རང་སྦྱོང་གི་གདམས་པ་ལས་བར་དོའི་གདམས་པ་རྒྱས་འགྲེལ་བྱས་པའི་ཁྲིད་ཅིག་ཡིན་པ་དང་། དེ་ལ་ཡང་རྒྱས་ཁྲིད་དང་བསྡུས་ཁྲིད་གཉིས་ཡོད། རྒྱས་བསྡུས་ཇི་ལྟར་རུང་རྫོགས་སྐུ་རྒྱལ་བ་རིགས་ལྔ་སྒོམ་པའི་ཁྲིད་ཏེ། ལུས་ངག་གི་རྩ་གནད་ལ་དབབ་ནས་བློ་སྦྱང་དགོས་པ་དང་། ལྷ་དང་ཡིག་འབྲུའི་བསྐྱེད་སྒོམ་ལ་བརྟེན་ནས་འབྱུང་ལྔའི་ཕུང་ཁམས་སྐྱེ་མཆེད་དང་། དུག་ལྔའི་བག་སྒྲིབ་ཐམས་ཅད་ཡེ་ལྔའི་ཀློང་དུ་རྣམ་པར་གྲོལ་བར་བྱེད་པའི་ཐར་པའི་ལམ་ཁྲིད་རྨད་དུ་བྱུང་བ་ཞིག་གོ།
དགོས་པ་ནི། སྡུག་བསྔལ་དང་ཉོན་མོངས་ཞི་བའི་ཐབས་ཚུལ་སྤྱི་ལྟར་བྱེ་བྲག་ཏུ་བློ་རབ་འབྲིང་ཐ་གསུམ་ལ་སྦྱར་ནས་རབ་ཀྱིས་སྣང་བ་ཐམས་ཅད་མི་རྟག་སྒྱུ་མར་མཐོང་ཞིང་རིགས་དྲུག་གི་སྡུག་བསྔལ་སངས་ཏེ། སྣང་བ་སྐུ་ལྔར་འཆར་བ་དང་། འབྲིང་གིས་རིགས་དྲུག་གི་སྡུག་བསྔལ་མཐོང་བ་ཙམ་གྱིས་འཇིགས་ཤིང་ཉམ་ང་བག་ཚ་འབྱུང་བ་དང་། སྐྱབས་འགྲོ་ལ་མོས་པ་འཇུག་ཅིང་རིགས་ལྔའི་ཐུགས་རྗེས་འདྲེན་པའི་སྣང་བ་འཆར། ཐ་མ་རྣམས་ལ་ཡང་རང་རིགས་དྲུག་གི་གནས་སྦྱང་བའི་སྡུག་བསྔལ་ཡོང་ཞིང་། དེ་བྱུང་བས་ངེས་ཤེས་སྐྱེས་ནས་འཁོར་བ་ལ་ཞེན་པ་ལོག་པས་ཕྱིར་མི་ལྡོག་པའི་སེམས་སྐྱེ་བར་འགྱུར་བ་གསུངས་པ་ལྟར་རོ། །
སྲིད་པའི་མིག་ནས་ཕྱི་ལོ་ ༢༠༡༨ ཟླ་ ༠༥ ཚེས་ ༡༣ ཉིན་།

(སྤྱིའི་གཟིགས་གྲངས། 70 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འདི་ག་གཡུང…
error: རྩོམ་འདི་བདག་དབང་ཅན་ཡིན།