༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་མཛད་རྣམ་སྙིང་བསྡུས།
༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་མཛད་རྣམ་སྙིང་བསྡུས།
གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནི། བོད་རབ་བྱུང་བཅོ་ལྔ་པའི་མེ་སྟག ཕྱི་ལོ་ ༡༩༢༦ ལོར་མདོ་ཁམས་ཁྱུང་པོའི་ཡུལ་དུ་སྐུ་འཁྲུངས།
དགུང་ན་ཆུང་ངུའི་དུས་ནས་རང་ཡུལ་གྱི་བླ་མ་སྐྱེས་ཆེན་དུ་མའི་ཞལ་སྔ་ནས་བོན་སྤྱོད་དགེ་བའི་ལམ་སྒོར་ཞུགས་གནང་བ་དང་། བཟོ་རིག་ལྷ་བྲིས་ཀྱི་སྒྱུ་རྩལ་ལ་ཕུལ་ཕྱིན་པ་གནང་།
དགུང་གྲངས་བཅོ་ལྔ་ཙམ་ལ་ཕེབས་པ་དང་གདན་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དུ་ལྷ་བྲིས་གནང་སྐབས་དགོན་དེའི་མཁན་སློབ་དགེ་བའི་བཤེས་གཉེན་མང་པོའི་དྲུང་ནས་རིགས་ལམ་གྱི་རྨང་གཞི་དང་། དབང་ལུང་མན་ངག་ཞུས་གནང་མཛད།
༡༩༤༢ ལོར་གཡུང་དྲུང་བོན་གྱི་གདན་ས་༸གོང་མ་བཀྲ་ཤིས་སྨན་རིའི་གླིང་དུ་ཕེབས་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་བཞེས།
དེ་རྗེས་བལ་ཡུལ་དང་གནས་ཆེན་གངས་དཀར་ཏི་སེ་སོགས་བོད་སྟོད་ཕྱོགས་ཀྱི་གནས་ཆེན་ཕལ་ཆེར་ལ་མཇལ་སྐོར་རྗེས་གདན་ས་གཡུང་དྲུང་གླིང་དུ་ཕེབས་གནང་མཛད།
༡༩༤༤ ནས་བཟུང་གྱེར་མཚོའི་དོ་རུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་སྒང་རུ་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་རིན་པོ་ཆེའི་ཞལ་སྔར་གཏུག་པ་དང་། ༡༩༤༨ ལོ་ནས་གདན་ས་བཀྲ་ཤིས་སྨན་རིར་ཡོངས་འཛིན་ཐུ་བོ་སངས་རྒྱས་བསྟན་འཛིན་མཆོག་གི་ཞལ་སྔར་གཏུག་སྟེ་ཡོངས་འཛིན་རྣམ་གཉིས་ལས་ཐུན་མོང་རིག་པའི་གནས་སྤྱི་དང་། ཐུན་མིན་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་ཁག་གི་ཁྲིད་ལུང་གདམས་དོན་རྣམས་ཞུས་ནས་ཚིག་དོན་གཉིས་ཆ་ལ་སྒྲོ་འདོགས་ཆོད་ངེས་སུ་མཛད།
ཆུ་འབྲུག་ ༡༩༥༢ ལོར་སྨན་རིའི་ཁྲི་འཛིན་ ༣༡ པ་ཉི་མ་དབང་རྒྱལ་རིན་པོ་ཆེའི་ཞལ་སྔ་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་བཞེས་གནང་བ་དང་། ལོ་དེར་བཀྲ་ཤིས་སྨན་རིའི་གླིང་དུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་གནང་མཛད།
དེ་རྗེས་སྨན་རིའི་དཔོན་སློབ་གྱི་ཐུགས་འགན་ཆེ་བཞེས་ཀྱིས་མདོ་སྔགས་སེམས་གསུམ་དང་བཅུ་ཕྲག་རིག་གནས་དང་བཅས་པའི་སློབ་ཁྲིད་གནང་སྟེ་སློབ་བུ་སྟོང་ཕྲག་མང་པོའི་ཤེས་རྒྱུད་བཀྲོལ་བར་མཛད། སྨན་རིའི་མཁན་ཆེན་བསྟན་པ་བློ་གྲོས་དང་། མཁན་ཆེན་ཉི་མ་དབང་རྒྱལ། དམུ་གཤེན་འཛམ་གླིང་དབང་འདུས། ཡོངས་འཛིན་སངས་རྒྱས་བསྟན་འཛིན་སོགས་ཀྱི་དྲུང་ནས་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་མ་ལུས་པ་ཞུས་གནང་མཛད།
༡༩༥༥ ཤིང་ལུག་ལོར་ཤེས་རབ་བློ་གྲོས་སྨན་རིའི་ཁྲི་འཛིན་ ༣༢ པར་མངའ་གསོལ་མཛད་པ་དང་། དེ་རྗེས་ཚུལ་ཁྲིམས་དབང་ལྡན་སྨན་རིའི་དཔོན་སློབ་ཏུ་མངའ་གསོལ་མཛད་རྗེས་བྱང་དྭང་རའི་ཕྱོགས་སུ་བསྟན་དོན་ལ་ཕེབས་ནས་གདུལ་བྱ་སྨིན་གྲོལ་མཛད།
༡༩༥༩ དུས་འགྱུར་སྐབས་རྒྱལ་བ་མཉམ་མེད་ཆེན་པོའི་སྐུ་གདུང་སོགས་སྨན་རི་དགོན་གྱི་རྩ་ཆེའི་རྟེན་གསུམ་རྣམས་གཏེར་ལ་སྦས་གནང་མཛད་པ་དང་། སྐུ་ལ་རྨས་སྐྱོན་ཚབས་ཆེན་ཐེབས་ནའང་གལ་ཆེའི་གསུང་རབ་ཁག་ཅིག་གདན་ཞུ་དང་བཅས། ༡༩༦༠ ལོར་བལ་ཡུལ་དུ་ཕེབས་ཐུབ་པ་བྱུང་།
༡༩༦༡ ལོར་ཕྱི་རྒྱལ་གྱི་མཁས་དབང་བདེ་གསལ་དགེ་རབ་གྱིས་གདན་དྲངས་ཏེ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཕེབས་གནང་བ་དང་། དབྱིན་སྐད་སྦྱོང་གནང་མཛད་ཞོར་བོན་ཐེག་པ་རིམ་དགུའི་སྐོར་སོགས་དབྱིན་སྐད་དུ་བསྒྱུར་ནས་ཁྱབ་སྤེལ་གནང་བས་གོ་ལ་ཧྲིལ་པོའི་ཁྱོན་དུ་གཡུང་དྲུང་བོན་གྱི་སྒོ་མོ་འབྱེད་པའི་ལྡེའུ་མིག་ཏུ་གྱུར།
༡༩༦༤ ལོར་རྒྱ་གར་དུ་ཚུར་ཕེབས་རྗེས་བོན་གྱི་གལ་ཆེའི་ཕྱག་དཔེ་མང་པོ་པར་སྐྲུན་གནང་བ་དང་། ༡༩༦༦ ལོར་བོད་ཀྱི་བོན་པོ་ཚོགས་པ་གསར་དུ་དེབ་སྐྱེལ་གནང་ནས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁོངས་སུ་སྐུ་ངལ་ཚད་མེད་བསྐྱངས་མཐར་ས་ཆ་སྤུས་གཟིགས་ཀྱིས་བོན་གཞིས་ཐོབ་རྒྱལ་གསར་པ་འཛུགས་གནང་མཛད།
༡༩༦༨ ལོར་གཡུང་དྲུང་གླིང་གི་མཁན་ཆེན་རིན་པོ་ཆེ་མཆོག་དང་། ཡོངས་འཛིན་སངས་རྒྱས་བསྟན་འཛིན་དབུས་པའི་བོན་གྱི་བླ་སྤྲུལ་དགེ་བཤེས་རྣམས་དང་བཀའ་བསྡུར་གྱིས་ ༡༩༦༩ ལོར་སྨན་རིའི་ཁྲི་འཛིན་ ༣༣ པའི་མངའ་གསོལ་ཁྲི་འདོན་གནང་ཐུབ་པའི་མཛད་རྗེས་རླབས་པོ་ཆེ་བསྐྱངས་གནང་མཛད།
༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་དང་ལྷན་མཛད་བཟང་མཉམ་ཁུར་གྱིས་བོན་གཞིས་ཐོབ་རྒྱལ་གསར་པ་རུ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་རྟེན་དང་བརྟེན་པ་གསར་བཞེངས་དང་། རིམ་བཞིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་འཛུགས་ཀྱིས་ཐུན་མོང་རིག་པའི་གནས་ཆེན་ཁག་དང་། ཐུན་མིན་མདོ་སྔགས་སེམས་གསུམ་གཞུང་ཆེན་ཁག་ཡོངས་རྫོགས་ཀྱི་ཁྲིད་ལུང་མན་ངག་གདམས་དོན་རྣམས་རིན་པོ་ཆེ་མཆོག་ནས་བསྩལ་གནང་མཛད་དེ་ ༡༩༨༦ ལོར་ཁོང་གི་བུ་སློབ་ཁོངས་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་བཞེས་འགོ་བཙུགས་པ་ནས་བོན་བསྟན་སླར་གསོའི་སྐྱེས་ཆེན་དུ་མ་གསོ་སྐྱོང་གནང་ཐུབ་ཡོད་པ་དང་། ད་ལྟའི་ཆར་འཛམ་གླིང་ས་ཁྱོན་འདིའི་སྟེང་རིན་པོ་ཆེ་མཆོག་གི་སློབ་རྒྱུད་རྣམས་ཀྱིས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་ཡོད།
༡༩༨༦ ལོར་བོད་དུ་ཕེབས་ཐེངས་དང་པོ་གནང་བ་ནས་ཁྱོན་བོད་གངས་ཅན་ཞིང་དུ་ཐེངས་ལྔ་ཕེབས་ཏེ་བོད་ཕྱི་ནང་གཉིས་དབར་གཡུང་དྲུང་བོན་གྱི་བསྟན་པའི་རྒྱུན་སྲོག་མཐུད་གནང་མཛད་ཏེ་དབང་ལུང་མན་ངག་གདམས་དོན་ཡོངས་རྫོགས་རྒྱུད་སྤེལ་གནང་ཡོད་པ་དང་། གཞང་ཡང་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་པར་བསྐྲུན་དང་། གསོ་བ་རིག་པ་དང་། བཟོ་རིག་ལྷ་བྲིས་སོགས་ཀྱི་རྒྱུན་འཛིན་སྐྱེད་སྲིང་སོགས་ལ་མཐུན་འགྱུར་རྒྱ་ཆེ་སྦྱར་གནང་མཛད་ཡོད།
༡༩༨༧ ལོར་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུར་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་གསར་དུ་ཕྱག་བཏབ་སྟེ་རིམ་བཞིན་རྟེན་དང་བརྟེན་པ་འཐུས་སྒོ་ཚང་ཞིང་སྐལ་ལྡན་དྭངས་བ་འདྲེན་པའི་ཞིང་ས་འདི་ཉིད་བསྐྲུན་གནང་མཛད་པ་ཙམ་མ་ཟད། ལྷག་པར་དུ་དགོན་འདིར་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་ཚང་ལ་མ་ནོར་བའི་གཞུང་ལུགས་ཁག་དང་། ཐུན་མོང་རིག་གནས་བཅས་ལ་འཆད་ཉན་ཚུལ་བཞིན་གནང་ཡུལ། བཤད་གྲྭ་དང་སྒོམ་གྲྭ། གཞི་རིམ་སློབ་གྲྭ། གསོ་རིག་འབུམ་བཞིའི་སློབ་གྲྭ། ཕ་རན་སིར་གཤེན་བསྟན་དར་རྒྱས་གླིང་སོགས་ཕྱི་གླིང་ཁག་དུ་བོན་སྡེ་མང་པོ་གསར་འཛུགས་གནང་བ་ཙམ་མ་ཟད། ཐོག་མར་རིན་པོ་ཆེ་མཆོག་ཉིད་ནས་འཆད་ཁྲིད་དང་དབང་ལུང་མན་ངག་གི་གདམས་དོན་རྣམས་ཡོངས་སུ་བསྩལ་གནང་མཛད་ཅིང་། རྗེས་འཇུག་མཁན་སློབ་ལས་སྣེ་ཡོངས་ལ་བཀའ་སློབ་ལམ་སྟོན་དང་། མཐུན་འགྱུར་སོགས་བསྩལ་གནང་མཛད་ཏེ་རབ་འབྱམས་དགེ་བའི་བཤེས་གཉེན་དང་། གཤེན་གྱི་རྣལ་འབྱོར་བ་སོགས་བསྟན་དང་འགྲོ་བའི་དོན་མཛད་གྱི་སློབ་ཚོགས་བརྒྱ་ཕྲག་མང་པོ་འཕེལ་བ་མཛད། གཞན་ཡང་རྒྱ་གར་བྱང་ཤར་དུ་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭ་ཡང་གསར་འཛུགས་གནང་།
འཛམ་གླིང་ས་ཁྱོན་ཡོངས་སུ་གནས་པའི་གཡུང་དྲུང་བོན་གྱི་བླ་སྤྲུལ་དགེ་བཤེས་དང་། བསྟན་འཛིན་བུ་སློབ་སོགས་ལ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་དང་། འདི་ཕྱིའི་དགེ་སྦྱོར་གནང་ཚུལ་བཅས་ཀྱི་ལམ་སྟོན་དང་། ལྷག་པར་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༤ པ་གསར་བསྐོ་གནང་སྐབས་བོན་འབངས་ཡོངས་ལ་བླང་དོར་རྣམ་འབྱེད་ཀྱི་གདམས་ངག་བྱིན་ཅན་གནང་བ་སོགས་ཀྱི་བཀའ་དྲིན་བསྐྱངས་གནང་མཛད་ཡོད།
༡༩༦༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞལ་མཇལ་གྱིས་བླང་དོར་ལམ་སྟོན་ཞུས་པ་ནས་བཟུང་༸གོང་ས་མཆོག་གི་ཞལ་གསུང་རྣམས་གཙིགས་ཆེར་བཟུང་སྟེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཕྱི་ནང་གི་འདུས་ཚོགས་རྒྱ་ཆེའི་ཁྲོད་དུ་རིན་པོ་ཆེ་མཆོག་ལ་བོན་ཁྲིད་གནང་དགོས་པའི་བཀའ་གསུང་ཐེངས་མང་ཕེབས་པ་དང་། མཇལ་ཞུ་བ་དུ་མར་སློབ་དཔོན་བསྟན་འཛིན་རྣམ་དག་གིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཚུལ་ལ་བསྔགས་བརྗོད་གནང་བ་བྱུང་ཡོད་པ་མ་ཟད། ལོ་ཤས་གོང་རིན་པོ་ཆེ་སྐུ་ཁམས་བདེ་མིན་བྱུང་སྐབས་སྐུ་ཚེའི་༸ཞབས་བརྟན་བསྒྲུབ་དགོས་པའི་སྐོར་༸གོང་ས་མཆོག་རང་ནས་བཀའ་ནན་བསྩལ་གནང་མཛད་པ་སོགས་ཐུགས་དགོངས་ནང་གཤིན་དམ་ཚིག་གོང་བུ་གཅིག་དུ་སྦྲེལ་གནང་ཡོད།
གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། འབྲེལ་ཡོད་བོད་གཞུང་གི་འགན་ཁུར་བ་རྣམས་ཀྱི་བརྒྱུད་གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་གྱི་མཚན་གནས་དང་། གཡུང་དྲུང་བོན་གྱི་སྤྱི་འཐུས་སྐོར། ཝཱ་ཎར་གཡུང་དྲུང་བོན་གྱི་སྡེ་ཚན་གསར་འཛུགས་སོགས་ཀྱི་སྐོར་ལ་སྙན་འབུལ་ཞུ་སྐུལ་རིམ་ཞུས་ཀྱིས་དོན་འབྲས་སོན་པ་བྱུང་ཡོད།
ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བོན་ཚོགས་གསར་འཛུགས་དང་། སློབ་ཚོགས་སྟོང་ཕྲག་མང་པོའི་ཤེས་རྒྱུད་བཀྲོལ་གནང་མཛད་པ་དང་། བོད་རིག་པའི་མཁས་དབང་མང་པོའི་ལྷན་བཀའ་དང་བཀའ་བརྟེན་སྐོར་དང་། བཟོ་རིག་གི་རྣམ་གྲངས་མང་པོའི་སྐོར་ལ་མཉམ་ལས། གཡུང་དྲུང་བོན་གྱི་གཞུང་ལུགས་ཁག་མང་པོའི་དཀའ་གནད་དབྱིན་བསྒྱུར་དང་གསར་རྩོམ་སོགས་གནང་བའི་དེབ་གྲངས་བཅུ་ཕྲག་ལྷག་རྗེས་བཞག་མཛད་ཡོད་པའི་ཁོངས་མང་པོ་ཞིག་སྐད་རིགས་འདྲ་མིན་སྣ་ཚོགས་ནང་བསྒྱུར་སྐབས་ལམ་སྟོན་གནང་མཛད་ཡོད།
གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པའི་ཆ་ལག་ཆ་རྐྱེན་བཀའ་འགྲེལ་སོགས་གསུང་རྩོམ་པོད་གྲངས་ཉེར་གཉིས་བརྩམས་གནང་མཛད་ཡོད།
རིན་པོ་ཆེ་མཆོག་ནས་ཉིན་རེ་བཞིན་རྒྱུན་སྤྱོད་ཞལ་འདོན་ཆག་མེད་ཐོག དུས་ཁོམ་ཡོད་ཚད་ལ་དཔེ་གཟིགས། བླ་མེད་རྫོགས་པ་ཆེན་པོའི་ཐུན་བཞིའི་རྣལ་འབྱོར་ལས་གཡེལ་བ་མི་མངའ་བ་བཞུགས་གནང་མཛད་པ་དང་། རིས་སུ་མ་ཆད་པའི་ཆོས་ལུགས་གྲུབ་མཐའ་ཡོངས་ལ་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད་ཡོད།
མདོར་ན། ༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནི། དུས་གསུམ་རྒྱལ་བ་ཀུན་གྱི་རྒྱལ་ཚབ། དུས་རབས་གཅིག་ཏུ་འཚོ་བའི་མི་གཡང་། སྨན་རིའི་ཁྲི་རབས་ལྔ་ཡི་རྒྱུན་འཛིན། སྙིགས་དུས་བོན་བསྟན་འཛིན་པའི་སྲོག་ཤིང་། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་ཡོངས་རྫོགས་ཀྱི་འདུས་སོ་ཉག་གཅིག་ཏུ་གྱུར་ཡོད།
མཐར་བསྟན་དང་འགྲོ་བའི་དོན་ཆེན་ཡོངས་རྫོགས་རེ་ཞིག་གྲུབ་ནས་བོད་རང་བྱུང་བཅུ་བདུན་པའི་ཤིང་སྦྲུལ། ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༢ སྔ་དྲོ་ཆུ་ཚོད་ ༧།༤༥ ཐོག་ཐུགས་དམ་གཡོ་བ་མེད་པའི་ཐོག་དགོངས་པ་བོན་དབྱིངས་སུ་བསྡུས་ཡོད་པ་བཅས།