ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

«ཁྲོ་བོ་རྒྱུད་དྲུག་གི་ས་བཅད»ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

སྔོན་གླེང་གཡུ་འབྲང་བདུད་རྩི། 

རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།

གཅིག གླེང་གཞི།

དེ་ཡང་ཕྱི་ཚིག་གི་ལོ་འདབ་ཕང་ཕུང་རྒྱས་ཤིང་ནང་དོན་གྱི་འབྲས་བུ་གཡུར་དུ་ཟ་བའི་གཞུང་ཆེན་ལྷ་ཡི་ལྗོན་དབང་ལ་ཅི་དགར་ལོངས་སུ་སྤྱོད་པའི་སྐལ་ལྡན་དགེ་བའི་རྣམ་དཔྱོད་ཅན་གང་ཞིག་ཡིན་རུང་། གཞུང་དེའི་སྤྱི་དོན་ས་བཅད་ཆེ་ཕྲ་གང་ཡང་མ་ནོར་མ་འདྲེས་ཀུ་ཤའི་རྩེ་ལྟར་འབྱེད་དགོས་པ་གལ་ཇི་ལྟར་ཆེ་བའི་ཚུལ་ནི། ཇི་སྐད་དུ། བླ་ཆེན་དྲན་པའི་ཞལ་སྔ་ནས། “ཐོས་པ་དང་། བསམ་པ་དང་། སྒོམ་པ་དང་གསུམ་གྱི་རྩལ་རྫོགས་པའི་སྐྱེས་བུས་ཀྱང་། མདོ་དོན་དང་སྒོས་གསེས་ཡང་གསེས་དང་། བསྡུས་དོན་ཉམ་ང་བ་མེད་པར་ས་བཅད་པ་ཡིན་ཏེ། གཞུང་འདི་ཉིད་དང་སྦྱར་ན་གོང་ལྟར་མདོ་རྩ་དང་རྣམ་གྲངས། སྒོ་གསེས་དང་ཡང་གསེས་རྣམས་སྤྱད་ཀྱིན་ཤེས་པར་བྱའོ། །”ཞེས་གདམས་པ་ལྟར། སྤྱིར་རྒྱུད་དམ་གཞུང་ཆེན་མོ་གང་ཞིག་ཡིན་རུང་དེའི་དོན་ཕྱོགས་རེ་བ་དང་། ཆ་ཤས་འགའ་ཞིག་ཙམ་མ་ཡིན་པར་ཀླད་གཞུང་མཇུག་གསུམ་ཚང་མར་གོ་བ་ལེགས་པོ་ཞིག་ཆགས་དགོས་པ་ལ་མཚོན་ན་ཐོག་མར་གཞུང་དེའི་གཞི་རྩའི་ལེའུ་གྲངས་དང་། དེ་ནས་ལེའུ་སོ་སོར་ས་བཅད་ཆེ་བ་གང་ཞིག་ཡོད་པ་ནས། རིམ་པས་ས་བཅད་སོ་སོའི་ནང་དོན་ལ་ཞིབ་ཏུ་བསླབ་རྒྱུ་ནི། གཞུང་དེའི་སྤྱི་ཁོག་ནས་བྱེ་བྲག་ཞིབ་མོའི་བར་ཚང་ལ་མ་ནོར་བའི་གོ་བ་སྐྱེ་བའི་ཐབས་ཐུན་མོང་མ་ཡིན་པ་ཡིན་པར་དོན་གྱིས་གྲུབ། ཁྱད་པར་གཞུང་ཆེན་གང་ཞིག་ལའང་འགྲེལ་བ་མེད་པའམ་ཡོད་ཀྱང་ཆ་ཚང་བ་མ་ཡིན་པའི་རིགས་ལ་བསམ་ན་ས་བཅད་ནི་གཞུང་དེར་འཇུག་པའི་སྒོ་འབྱེད་ཀྱི་ལྡེ་མིག་ཅིག་དང་། བསྟན་དོན་ཕན་ཚུན་མ་འདྲེས་སོ་སོར་འབྱེད་པའི་ཚངས་ཐིག་དང་ཚུལ་མཚུངས་པར་མ་ཟད། སྐྱབས་ཀྱི་སྟོན་པས་ས་བཅད་ནི་གཞུང་དེའི་དོན་འགྲེལ་དུ་བཞེད་པའང་གནད་འདི་ལྟ་བུ་ལ་གསུངས་པ་ཡིན། དེ་ལ་དཔེར་མཚོན་ཞིག་ནི་ད་ལྟ་གཤེན་གཏེར་གྱི་ཁྲོ་གཞུང་ལ་སྐྱབས་སྟོན་གྱི་འགྲེལ་པ་དང་ས་བཅད་གཉིས་ཀ་བཞུགས་མོད། འོན་ཏེ་དེའི་སྐབས་ཕྲིན་རྨ་གཏེར་ཅན་ལ་འགྲེལ་པ་སྔོན་ནས་མེད་པའམ་ཡོད་ཀྱང་ནུབ་པ་ཡིན། གང་ལྟར་ད་སྐབས་ཐུན་མོང་གིས་མཇལ་དུ་མེད་སྟབས། སྐྱབས་སྟོན་གྱིས་མཛད་པའི་ས་བཅད་ཅིག་བཞུགས་པ་དེ་ནི་སྐབས་ཕྲིན་གྱི་གཞུང་དོན་ཆ་ཚང་འགྲེལ་བ་ལ་རིན་བྲལ་གྱི་ལྡེ་མིག་ཅིག་ཏུ་གྱུར་པ་ལྟ་བུ་ཡིན། དེ་དང་དེ་མཚུངས་ཀྱི་ས་བཅད་དཔེ་དཀོན་རིགས་འཚོལ་བསྡུ་དང་། ལེགས་སྒྲིག འཆད་ཉན། ཁྱབ་སྤེལ་བཅས་བྱེད་རྒྱུ་ནི་རྒྱལ་བའི་ལུང་རྟོགས་བསྟན་ལ་སྲི་ཞུ་དང་། སྐལ་ལྡན་ཐར་པའི་གྲོང་དུ་བཀྲི་བའི་བགྱི་བ་བླ་མེད་ཅིག་ཡིན་པ་ཡང་ཀུན་ལ་མཐུན་སྣང་དུ་གྲུབ་པ་འདི་བཞིན་ལགས་སོ། །

གཉིས། དཔེ་ཆ་འདིའི་ནང་དོན་མཚམས་སྦྱོར།

དེ་ཡང་སྤ་གཏེར«ཁྲོ་བོ་རྒྱུད་དྲུག་གི་ས་བཅད»དུ་གྲགས་པའི་དཔེ་ཆ་འདི་ཉིད་ད་ཡོད་དཔྱད་གཞིའི་ཡིག་ཆ་ཁག་ཏུ་གསལ་བ་ལྟར་སྤྱིར་ཁྲོ་བོའི་རྒྱུད་དྲུག་དངོས་ཀྱི་འགྲེལ་བའམ། ཡང་ན་དེའི་དགོངས་དོན་འགའ་ཞིག་བཀྲལ་བའི་དཔེ་ཆ་མཇལ་དུ་ཡོད་པ་རྣམས་ལས་བྱུང་བའི་དུས་ཀྱི་དབང་དུ་བྱས་ན་སྔ་ཤོས་དང་། རྒྱུད་དོན་འགྲེལ་ཚུལ་གྱི་དབང་དུ་བྱས་ནའང་དབུ་ནས་མཇུག་བར་ཆ་ཚང་ཚིག་དོན་གཉིས་ཆ་ནས་བསེད་དཀྲོལ་བྱེད་པ་ལ་འདི་བས་ཟབ་ཅིང་རྒྱས་པ་ཞིག་མེད་པའི་ཚོད་དུ་གྲུབ། དེ་ཡང་འདིར་གཞི་རྩའི་ས་བཅད་སྡེ་ཚན་ཆེ་བ་གཉིས་སུ་དགར་ཡོད་པ་ནི། «ཁྲོ་བོ་རྒྱུད་དྲུག་གི་ས་བཅད»དེ་ཉིད་ལས། “སྤྱི་དོན་ཁོག་དབུབ་བོན་གྱི་འདུག་ཚུལ་གྱི་ས་བཅད་དང་། སྒོས་མིག་ལེའུ་མིག་ཚག་གི་དོན་བསིལ་བའོ། །”ཞེས་དང་། “དེ་ཡན་ཆོད་སྤྱི་དོན་ཁོག་དབུབ་པའི་ས་བཅད་ཡིན། འདི་མན་ཆོད་ནི་གཞུང་དོན་འབྲུ་གཏིག་པའི་ས་བཅད་དུ་ཤེས་པར་གྱིས།” ཞེས་གསལ་བ་ལྟར་དང་པོ་རྒྱུད་དྲུག་སྤྱི་ཡི་ནང་དོན་ཆེ་བ་ཁག་གང་ཞིག་བསྟན་པའི་སྐོར་ཏེ། དཔེར་ན་ལྟ་བའི་རྒྱུད་ཀྱི་ས་བཅད་སྐབས། དེ་ཉིད་ལས། “ལྟ་བ་ཁྱུང་ཆེན་གྱི་སྤྱི་དོན་རྣམ་པར་དབྱེ་བ་ལ་གསུམ་སྟེ། སྤྱི་དོན་རྣམ་པར་བཞག་པ་ཀླད་ཀྱི་དོན་དང་། གཞུང་དོན་བྱེ་བྲག་ཏུ་ཕྱེ་བ་དང་། རྗེས་སུ་རྒྱུད་གཏད་པའོ། །”ཞེས་དང་། “དང་པོ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པ་སྔགས་ཀྱི་གླེང་གཞི་དང་། གླེང་གཞིའི་དོན་གླེང་བསླངས་པའོ། །”ཞེས་དང་པོ་སྤྱིའི་ས་བཅད་ཆེ་བ་གསུམ་དང་། དེ་ནས་དེའི་ནང་གསེས་དོན་གང་ཞིག་ཡོད་པ་རིམ་པར་བསྟན། གཉིས་པ་རྒྱུད་སོ་སོའི་ལེའུ་དང་པོ་ནས་བཟུང་སྟེ་མཇུག་ཡན་གྱི་བསྟན་དོན་སོ་སོར་ཕྱེས་པ་མ་ཟད། དེ་དག་རྒྱུད་ཚིག་གང་ཞིག་གིས་བསྟན་པ་ཚིག་དངོས་དྲངས་ཤིང་བཀོད་པ་དཔེར་ན་ལྟ་བའི་རྒྱུད་ཀྱི་སྐབས། དེ་ཉིད་ལས། “དང་པོ་གོང་གི་ལྟ་བའི་རྒྱུད་ལ་ལེའུ་ཉི་ཤུ་རྩ་བཞི་ཡོད་པའི་དང་པོ་གླེང་གཞིའི་ལེའུ་ལ་བཞི་སྟེ། གང་གིས་གསུངས་པའི་སྟོན་པ་གཉིས་སུ་མེད་ཕུན་སུམ་ཚོགས་པ་ཕྱག་རྒྱ་ཉི་ཤུ་རྩ་ལྔའི་ངོ་བོ་དང་། དཔེའ་དོན་རྟགས་དང་ལྡན་པའི་སྟོན་པ་དེ་ལ་ཡང་གནས་གང་དུ་གང་། དྲི་མ་མེད་པའི་གདན་དེ་ལྟར་ཕྱི་ནང་དང་། འཁོར་གང་ལ་གསུངས་པའོ། །དེ་ལ་བཞི་སྟེ། ཉིད་སྟོན་པའི་སྐུ་དང་དབྱེར་མེད་པའི་འཁོར་དང་།” ཞེས་གསུངས་པ་ལྟར་ཤེས་སླ་ཞིང་། ཡང་ས་བཅད་རྟོགས་དཀའ་སླའི་སྒོ་ནས་འདོར་ལེན་ཇི་ལྟར་མཛད་ཡོད་པ་ཡང་། དེ་ཉིད་ལས། “དེ་ལ་རྐ་དོན་ཀུན་ཞིབ་པར་ཕྱེས། ཕྱེ་སླ་བའི་ས་ཞིབ་འགའ་ཞིག་ཡིག་ཚོགས་མང་དོགས་ནས་མ་ཕྱེས་ནས་ཡོད་པས་རིགས་པས་ཕྱེ་མཛོད།” ཅེས་གསུངས་པ་ལྟར་ཡིན་འདུག་ཅིང་དེ་དག་ཞིབ་ཕྲ་མཁྱེན་འདོད་ཅན་ཚོས་དཀྱུས་སུ་འཇུག་པར་འོས། ཡང་ད་བཞུགས་རྒྱུད་དྲུག་དངོས་སམ་དེ་འབྲེལ་ཡིག་ཆ་ཁག་ཏུ་རྒྱུད་དྲུག་པོ་གོ་རིམ་འཇོག་ཚུལ་ཐད་འདྲ་མིན་འགའ་ཞིག་ཡོད་པ་ལས། ས་བཅད་འདིར་ཇི་ལྟར་བསྟན་པ་ཡང་། “དམིགས་ཡུལ་གྱི་ལྟ་བས་ཐག་བཅད་པའི་རྒྱུད་དང་། ལྟ་བ་བཞིན་དུ་ལ་སྤྱོད་པས་དོར་བའི་རྒྱུད་དང་། སྤྱོད་པ་བཞིན་དུ་བསྒྲུབས་པའི་འཕྲིན་ལས་ཀྱི་རྒྱུད་དང་། འཕྲིན་ལས་མི་འཁྱར་བར་བྱ་བ་དམ་ཚིག་གི་རྒྱུད་དང་། དམ་ཚིག་ལས་མི་འདའ་ཞིང་བསྒོམ་པའི་ཏིང་ངེ་འཛིན་གྱི་རྒྱུད་དང་། དེའི་དོན་དངོས་གྲུབ་ལ་བསྡུ་བ་ཐབས་ཀྱི་ཞགས་པའི་རྒྱུད་དྲུག་གོ །”ཞེས་སྔགས་ཀྱི་ལྟ་བ་དང་། སྤྱོད་པ། འཕྲིན་ལས། དམ་ཚིག བསྒོམ་པ། དངོས་གྲུབ་བཅས་རིམ་པས་བསྟན་ཅིང་ས་བཅད་འདི་དང་མཉམ་དུ་བཞུགས་པའི་རྒྱུད་དྲུག་དངོས་ལའང་ཀ་ཁའི་རྟགས་དང་བཅས་གོ་རིམ་ཡང་དེ་བཞིན་མཛད་འདུག་པ་འདི་ཡང་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། དེ་བཞིན་རྒྱུད་དྲུག་འདི་ལ་དཔེ་རྒྱུན་གཞན་དང་མི་འདྲ་བ་ས་བཅད་དང་འབྲེལ་བའི་ཚིག་གི་ཟིན་མཚམས་སོ་སོར་རྟགས་བཀོད་པ་ནི། «དབལ་མོ་ལས་ཐིག་རྒྱུད་ལེའུ་བཅུ་བདུན་པ»ལས། “དེ་ལ་སྟོན་པའི་སྒྲོན་མས་བཀའ་སྩལ་པ། ཁ །དང་པོ་བྱིན་དབབ་རིམ་པ་ནི། །རྫས་དང་ཏིང་འཛིན་སྙིང་པོ་དང་། །ཕྱག་རྒྱ་ཚིག་བཤད་ལྔའི་དབབ། །དང་པོ་རྫས་ཀྱིས་བྱིན་དབབ་པ། །དབལ་དར་ལྷབ་ལྷབ་བསིལ་སྙན། །མཆོད་རྫས་ལོངས་སྤྱོད་མ་ལུས་འདེགས། །རྔ་བརྡུང་གཤང་བཀྲོལ་དུང་རྣམས་འབུད། ༝ །ཏིང་ངེ་འཛིན་གྱིས་དབབ་པ་ནི། །ཕྱོགས་བཅུའི་བདེར་གཤེགས་ཐམས་ཅད་ཀྱིས། །རྒྱན་དང་དཀྱིལ་འཁོར་མཆོད་རྫས་ལ། །དབང་བསྐུར་བྱིན་ཆེན་དབབ་པར་བསྒོམ། ༝ །སྔགས་ཀྱིས་བྱིན་ཆེན་དབབ་པ་ནི། །བསྭོ་ཨཱོྃ་མུ་ཡེ་ཧ་ར་ད་དོད་པྲ་ཕུད་ནི། ཨ་ལ་ལ་ཧོ། ཛད་མིན་སྤུངས་སོ་རམ་སྭཧཱ། ཕྱག་རྒྱ་བྱིན་ཆེན་དབབ་པ་ནི། །ལོངས་སྤྱོད་ཁ་གདེང་ཕྱག་རྒྱ་བསྒྱུར། ༝ །ཚིག་བཤད་གཞུང་དང་མཐུན་པར་གྱེར། ག །དེ་ནས་མཆོད་པ་འབུལ་བ་ནི། །”ཞེས་པ་ལྟ་བུ་རྟགས་ལ་ཀ་ཕྲེང་གི་རྟགས་དང་སྐོར་རུ་ཁ་ཡི་རྟགས་སོགས་འདྲ་མིན་འདུག དེ་འདྲའི་རྟགས་ལ་བསམ་ནའང་མ་དཔེ་གཞན་དང་མི་འདྲ་བའི་ཁྱད་པར་འབུར་དུ་ཐོན་ལ་རྟགས་དེ་དག་ཀྱང་ས་བཅད་དངོས་དང་བསྡུར་ཚེ་ཕལ་མོ་ཆེ་རྣམས་སྒྲིག་ཆོག་ཏུ་ཡོད་པ་དང་འགའ་ཞིག་ལ་རྟགས་མི་གསལ་བ་དང་། འགའ་ཞིག་བསྟན་དོན་དབང་གིས་ཚིག་གོང་འོག་རིམ་པ་ལྟར་ངེས་པ་མི་འདུག་རུང་། གཞི་རྩའི་ལེའུ་གང་ཡིན་དེའི་ནང་ཚན་ཡིན་སྟབས་འཚོལ་ཚེ་ཐོག་མར་ཅུང་དཀའ་ཙམ་དང་རིམ་པས་ཞིབ་ཏུ་རྒྱུས་ལོན་བྱས་ན་ངོས་འཛིན་ཐུབ་པ་འདུག་པ་བཅས་ཀྱིས་ནང་དོན་མཚམས་སྦྱོར་མདོ་ཙམ་བསྟན་པའོ། །

གསུམ། འདི་ཉིད་མཛད་པ་པོ་གང་ཡིན་སྐོར།

དཔེ་ཆ་འདི་མཛད་པ་པོ་གང་ཡིན་དང་ས་གནས་གང་ཞིག་ཏུ་མཛད་པ་ནི་དེ་ཉིད་ཀྱི་མཇུག་བྱང་ལས། “ཡུལ་སུམ་པ་གླང་གི་གྱིམ་ཤོད། བྲག་ཤེ་ལེ་རྒྱ་སྐར་གོང་མའི་གསང་ཕུག་ཏུ། མཁས་པ་ཆེན་པོ་ལི་རྒྱུང་ཛོ་མིན་གྱིས་མཛད་པ། ཕྱི་རབས་གཤེན་པོ་རྣམས་ཀྱི་གསལ་འདེབ་མཛོད། དགེ་བས་གསང་སེམས་འབྲས་བུ་ཐོབ་པར་ཤོག ཁྲོ་བོ་དབང་ཆེན་རྒྱུད་དྲུག་གི་ས་བཅད། མཐའ་༤་རང་གྲོལ་ཡེ་ཤེས་རྒྱལ་མཚན་བདག་གིས་མཛད། ཉེས་འགལ་བྱུང་ཚད་ཡི་དམ་ཚོགས་ལ་བཤགས།” ཞེས་གསལ་བ་ལྟར་མཛད་པའི་གནས་ནི་ཁྱུང་ཡུལ་རི་བོ་རྩེ་དྲུག་ཏུ་ཡིན་པ་དང་། མཛད་མཁན་ནི་ལི་རྒྱུང་ཛོ་མིན་དང་། མཐའ་བཞི་རང་གྲོལ་ཡེ་ཤེས་རྒྱལ་མཚན་གཉིས་སུ་གསལ་བ་ལས། ལི་རྒྱུང་ཛོ་མིན་ཞེས་པའི་མཛད་རྣམ་ཟུར་གསལ་མ་མཇལ་མོད། བདུད་འདུལ་སྤྲུལ་སྐུའི«བཀའ་བརྟེན་འགྱུར་གྱི་དཀར་ཆག»ལས། “སྔགས་སྡེ་ཉིས་བརྒྱ་དང་ཞེ་གཅིག་པ། གྱེར་ཁྲི་པ་ལི་རྒྱུང་ཙོ་མིན་གྱིས་མཛད་པའི་དབལ་གསས་བསྐོར་ལ། གསང་མཆོག་ཡོངས་རྫོགས་ཀྱི་བསྒྲུབ་པ། མ་མོ་ལས་ཐིག་སྲོག་གི་ཐིག་ལེ།” ཞེས་སོགས་གསལ་བའི་ལི་རྒྱུང་ཙོ་མིན་ཞུ་བ་དེ་ཉིད་ཡིན་པར་སྙམ། གཞན་འཛམ་གླིང་མཁས་པའི་རྒྱན་དྲུག་གི་ནང་ཚན། “ཞང་ཞུང་གི་མཁས་པ་ཙོ་མིན་གྱེར་རྒྱུང་ནི་སྒྲ་རིག་པ་ལ་མཁས།” ཞེས་པ་དང་། ཁྲི་སྲོང་གི་བོན་སྣུབ་སྐབས། “གྲུབ་ཐོབ་ཙོ་མིན་གྱེར་ཆེན་བཞུགས་པའི་དུས།” ཞེས་པ་དེ་དག་དང་འབྲེལ་བ་ཡོད་མེད་དཔྱད་རྒྱུ་དང་། མཐའ་བཞི་རང་གྲོལ་ཡེ་ཤེས་རྒྱལ་མཚན་ནི། «དཔལ་ཚུལ་བསྟན་འབྱུང»ལས། “ཡང་གཅིག་ཏྲེ་སྟོན་རྒྱལ་མཚན་དཔལ་བཟང་ལ། །མཐའ་བཞི་ཡེ་ཤེས་རྒྱལ་མཚན་གྱིས་ཞུས་ཏེ། །དེ་ལ་མངའ་རིས་ཚུལ་ཁྲིམས་རྒྱལ་མཚན་དང་། །སྨར་ཆུང་ཤེས་རབ་རྒྱལ་མཚན་གཉིས་ཀྱིས་ཞུས། །”ཞེས་ཞང་ཞུང་སྙན་བརྒྱུད་བཀའ་རྒྱུད་སྐོར་བཞིའི་བརྒྱུད་རིམ་སྐབས་སུ་གསལ་བ་དེ་བཞིན་ལོ་རྒྱུས་ཀྱི་ཡིག་ཆ་གཞན་དུའང་གཅིག་མཐུན་བྱུང་ཞིང་། ཁོང་གི་རྣམ་ཐར་ཟུར་གསལ་དེ་འདྲ་མ་མཇལ་རུང་། སྔར་ཁྱུང་ཡུལ་ནག་རུ་མཐའ་བཞི་བླ་མ་རྣམ་ཚང་གི་རྟེན་གསུམ་ཡིན་ཞིང་ད་ལྟ་རྩེ་དྲུག་དགོན་དུ་བཞུགས་པ་སྟེ། དབུ་གཡང་ཐོག་ཨ་ཡིག་རང་བྱོན་ཅན་ཞིག་ཡོད་པ་དེ་ཉིད་མཐའ་བཞི་ཡེ་ཤེས་རྒྱལ་མཚན་གྱི་དབུ་གཡང་ཡིན་པར་སྔོན་མཐའ་བཞི་བླ་མ་གྲགས་སྡིས་ཀྱིས་ལོ་རུ་མཁན་བསོད་ནམས་འགྱུར་མེད་ལ་གསུངས་པ་ལྟར་ངེས་སྙམ། དེ་ལྟར་ཁོང་གི་ཡབ་ཡུལ་ཁྱུང་པོ་ནས་ཡིན་ཞིང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཁྱད་པར་འཕགས་པ་ཞིག་ཡིན་པའང་རྗེས་སུ་དཔག་ཐུབ། ཁོང་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་པོ་མ་ཤེས་རུང་། ཏྲེ་སྟོན་རྒྱལ་མཚན་དཔལ་གྱི་དངོས་སློབ་ཡིན་པ་གོང་གསལ་ལྟར་ལ། ཏྲེ་སྟོན་གྱིས«བཀའ་ལུང་སྤྱི་ཡི་འགྲེལ་པ་བོན་སྒོ་གསལ་བྱེད»སྤྱི་ལོ༼༡༣༨༤༽ལོར་མཛད་པ་གསལ་བ་ལྟར། དུས་རབས་བཅུ་བཞི་པའི་ནང་དུ་བྱོན་པར་ཤེས་ཐུབ་པ་ཡིན། གསང་རྒྱུད་བོན་གྱི་བརྒྱུད་རིམ་སྐོར་བཀོད་པའི་དཔེ་ཆ། «གསང་རྒྱུད་ཉོན་མོངས་སྒྲིབ་གསལ་ཡེ་ཤེས་ནམ་མཁའི་ནོར་བུ»ཞེས་པ་ལས། “ཡང་ཏྲེ་སྟོན། མཐའ་བཞི་ཡེ་རྒྱལ། མངའ་རི་ཚུལ་རྒྱལ། དེ་ལ་ལྟ་བ་སྤྱི་གཅོད་ཚང་མར་བྱུང་།” ཞེས་དང་། “ཡང་ཏྲེ་སྟོན་པ། མཐའ་བཞི་རང་གྲོལ་ཡེ་རྒྱལ། འུ་བཟང་རྟོགས་ལྡན།”ཞེས་དང་། «བོན་བརྒྱ་རིན་པོ་ཆེའི་བསྟན་འབྱུང»ལས། “སྤ་སྟོན་མཆོག་གི་རྫོགས་ཆེན་གདམས་པའི་བརྒྱུད་འཛིན་གྱི་ཞལ་སློབ་གཙོ་བོ་ནི། མངའ་རིས་པ་ཚུལ་ཁྲིམས་རྒྱལ་མཚན་དང་། སློབ་དཔོན་ཁྲོ་བོ་རྒྱལ་མཚན་གཉིས་ཡིན། སྔ་མ་ནི། བླ་མ་མཐའ་བཞི་ཡེ་ཤེས་རྒྱལ་མཚན་དང་། ཁྱུང་པོ་རང་གྲོལ་བླ་མ་རྒྱལ་མཚན་དང་། སེ་སྒོམ་དབུ་རལ་བ་དང་། གར་ཚ་བསོད་ནམས་བློ་གྲོས་སོགས་སྐྱེས་མཆོག་དུ་མའི་ཞབས་པད་ཚུལ་བཞིན་བསྟེན་ཏེ།” ཞེས་གསལ་བ་འདིས་ཀྱང་དམ་པ་དེ་ཉིད་དུས་མཉམ་གྱི་བླ་མ་གང་འདྲ་བྱོན་ཡོད་པ་དང་། དེ་དག་ལ་བླ་སློབ་ཅི་རིགས་ཀྱི་འབྲེལ་བ་ཡོད་པའང་རགས་རིམ་ཙམ་ཤེས་ཐུབ། དེ་ལ་ཡང་སྙིང་ས་བཅད་འདི་ཉིད་མཛད་པ་པོ་གང་ཡིན་ཞེ་ན། ཐོག་མར་ལི་རྒྱུང་ཛོ་མིན་གྱིས་ས་བཅད་ཀྱི་རྩ་ཐོ་ལྟ་བུར་མཛད་པ་ལ་རྗེས་སུ་མཐའ་བཞི་ཡེ་ཤེས་རྒྱལ་མཚན་གྱིས་རྒྱས་པར་གཏན་ལ་ཕབ་པ་ཞིག་ཡིན་ཀྱང་སྲིད་ལ། ཡང་ན་ལི་རྒྱུང་ཛོ་མིན་ནས་བརྒྱུད་པའི་རྒྱུད་དྲུག་ལ་རྗེས་སུ་མཐའ་བཞི་བས་དེ་ལ་ས་བཅད་བཏབ་པའི་དོན་གོ་བའམ། གང་ལྟར་ད་ལྟ་འདིའི་མཛད་པ་པོ་ནི་མཐའ་བཞི་རང་གྲོལ་ཡེ་ཤེས་རྒྱལ་མཚན་དུ་ངེས་སམ་སྙམ་མོད། འོན་ཏེ་དེ་དག་སྐོར་དཔྱད་པ་རྫོགས་པའི་གཏམ་ནི་མ་ཡིན་པས་མ་འོངས་དཔྱོད་ལྡན་དག་གིས་དགོངས་དཔྱད་གནང་བར་རིགས་སོ། །

བཞི། དེ་ཉིད་སྒྲིག་ཞུས་ཀྱི་གོ་རིམ་སྐོར།

འདི་ལོར་རྒྱལ་ཁབ་རིམ་པའི་ལས་གཞི་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་སྒྲིག་ཞུའི་ལས་རིམ་ཁྲོད། དེ་དཔེ་བསྡུར་ཞུ་སའི་མ་ཕྱི་འཚོལ་བསྡུའི་ཆེད་ཁྱུང་ཡུལ་དཔལ་ལྡན་ཀོ་རྒྱལ་དགོན་ནས་སྤ་གཏེར་ཁྲོ་བོའི་རྒྱུད་དྲུག་དཔེ་རྙིང་ཞིག་བཀའ་གཡར་བསྩལ་གནང་བྱུང་བའི་དབུ་རུ་དཔེ་ཆ་འདི་ཉིད་བཞུགས་འདུག་པ་ལ། འདི་ཉིད་སྤྱིར་ན་དཔེ་དཀོན་ཙམ་དུ་མ་ཟད་གསང་ཆེན་བསྟན་པའི་གསལ་བྱེད་བླ་མེད་ཅིག་ཡིན་པའི་ངོས་འཛིན་དང་འབྲེལ། མ་ཕྱི་དེ་ཉིད་ཆེས་རྙིང་པའི་བྲིས་གཟུགས་ཡིན་པའི་ཁར། བརྡ་སྦྱོར་སྐོར་དེང་དུས་དང་མི་འདྲ་བ་མང་བ། སྐུང་ཡིག་མང་བའི་ཁར་སྐུང་སྲོལ་ཡང་སྣ་ཚོགས་ཡིན་པ། ཁྱད་པར་རྒྱུད་ཀྱི་དབུ་ཚིག་འགའ་ཞིག་གསལ་པོ་མེད་སྟབས་རྒྱུད་དངོས་དང་མཚུངས་བསྡུར་ཞུས་ཀྱང་ད་དུང་ངེས་གཏན་རྙེད་དཀའ་བ་སོགས་ལེགས་སྒྲིག་དཔེ་སྐྲུན་བྱ་བ་ལ་དཀའ་ཁག་ཅི་མང་ཡོད་པར་ངེས་ནའང་། དཔེ་ཆ་འདི་ཉིད་དེང་རབས་གློག་གཟུགས་སུ་བསྒྲིགས་ཏེ་འབྲེལ་ཡོད་དོན་གཉེར་ཅན་ཐུན་མོང་གི་སྤྱོད་སྐལ་དུ་འབུལ་ཐུབ་པ་བྱུང་ན་ཅི་མ་རུང་སྙམ་པས་ཀུན་ནས་བསླངས་ཏེ་གློག་གཟུགས་སུ་སྒྲིག་རྒྱུའི་དབུ་བཙུགས། སྒྲིག་སྟངས་ཀྱང་གཞི་རྩའི་བརྡ་ཆད་འབྲི་སྟངས་དམིགས་བསལ་བའི་རིགས་རྣམས་གནའ་ཉམས་མངོན་ཕྱིར་སོར་བཞག་དང་། བྱེད་འབྲེལ་སོགས་ཕྲད་རྣམ་དབྱེའི་རིགས་མང་ཆེ་བ་གོ་སྟབས་བདེ་ཕྱིར་དེང་དུས་ཀྱི་འགྲོས་དང་བསྟུན། ལྷག་ཆད་མངོན་གསལ་ཅན་རྣམས་སྣོན་འཕྲི་དང་དོགས་གཞི་ཅན་འགའ་ཤས་ཟུར་དུ་གུག་རྟགས་སུ་མཆན་བཀོད། འོན་ཏེ་གཙོ་བོ་ནང་དོན་གལ་གནད་དུ་བཟུང་བ་མ་གཏོགས་བྱ་ཚིག་དུས་གསུམ་ངེས་མེད་སོགས་མང་པོ་ཞིག་དཔྱད་ཞིབ་ཆེར་མ་བྱས་པར་མ་ཕྱི་ལྟར་ཐད་ཀར་བཀོད་ཡོད་པས་རིམ་བཞིན་དཔྱད་དགོས་རྒྱུ་དང་། ཁྱད་པར་དབུ་ཡི་ཞལ་བྱང་རྙིང་རུལ་དབང་གིས་མི་གསལ་སྟབས་གཞུང་ཚིག་དང་བསྟུན་ཏེ་གསར་དུ་སྦྱར་བ་ཡིན་པས་སླད་མ་ཕྱི་དཔེ་རྒྱུན་གཞན་པ་འདྲ་རྙེད་ན་དེ་ལུགས་མ་ཚང་ཁ་བསྐང་གནང་དགོས་ཡོད་དོ། །

ལྔ། བཀའ་དྲིན་ལེགས་གསོལ་ཞུ་བ།

དེ་ལྟར་དཀོན་ལ་རིན་ཐང་ཆེ་བའི་དཔེ་ཆ་འདི་བཞིན་རིས་མེད་བསྟན་འགྲོའི་སྤྱི་དཔལ་དུ་ཡོངས་ཁྱབ་འགྲེམས་སྤེལ་བྱེད་པའི་གོ་རིམ་ཁྲོད་མཐུན་སྦྱོར་མངོན་མཐོར་བསྩལ་བ་ལ་ཆེད་དུ་བཀའ་དྲིན་ཞུ་ཡུལ་སྤྱི་སྒེར་གྱི་མི་སྣ་སྐོར་ཞིག་ཡོད་པ་ནི། གཞི་རྩའི་མ་ཕྱི་དཔལ་ལྡན་ཀོ་རྒྱལ་དགོན་གྱི་ཁྲི་འཛིན་བླ་མ་དམ་པ་དབྲ་ཁྱུང་མཁྱེན་རབ་རྒྱ་མཚོ་མཆོག་གིས་བཀའ་གཡར་གནང་བའི་ཐོག མ་ཕྱི་ཞུ་དག་སྐབས་སྤུ་རྒྱལ་རིག་སློབ་ཁང་གི་སློབ་གཉེར་བ་སྡེ་དགེ་གྲྭ་གཡུང་དྲུང་མཐར་ཕྱིན་མཆོག་གིས་ལས་རོགས་གནང་བ། རིག་གྲོགས་ཁྲི་བསོད་བསྟན་མཆོག་གིས་པར་སྐྲུན་དེབ་གཟུགས་སྒྲིག་བཟོ་སོགས་ཀྱི་ཐུགས་འགན་བཞེས་པ། པར་སྐྲུན་དངོས་ཀྱི་སྦྱིན་བདག་རང་གི་སྐྱེས་ཡུལ་སྤ་ཟླ་གེ་བ་གྲོང་ཚོའི་ལྷ་སྡེ་ཐུན་མོང་གིས་བསྩལ་གནང་བ་བཅས་ལ། སྐབས་འདི་དང་བསྟུན་ནས་བསྟན་པ་འདི་ཉིད་ལ་འདུན་ཞིང་སྤྱོད་པའི་མི་སྣ་ཡོངས་ཀྱི་ཚབ་ཞུས་ཏེ་ཁྱེད་རྣམ་པ་ད་ལན་གྱི་བགྱི་བ་བཟང་པོ་འདི་ལ་བཀའ་དྲིན་མཆོག་ཏུ་ཆེ་སོང་ཞེས་ཞུ་རྒྱུ་དང་། དེ་འདྲའི་རྣམ་དཀར་དགེ་བའི་རྩ་ལག་འདི་དག་ལ་བརྟེན་འབྲེལ་ཐོགས་མ་རྣམས་གསང་ཆེན་ཐེག་པ་མཆོག་གི་སྐལ་བཟང་ལ་འགོད་པའི་མཐུན་འགྱུར་བསླུ་མེད་མཆོག་གསུམ་དམ་པ་དང་། བཀའ་སྐྱོང་སྲུང་མ་སྡེ་དྲུག་གིས་ནམ་ཡང་བསྲུང་དུ་གསོལ་ལོ། །

ཞེས་པ་འདི་ཡང་ཡི་དམ་བཀའ་ཆེན་སྡེ་དགུའི་ངོ་བོ་སྦྲུམ་པའི་སྦས་གནས་སྤུ་རྒྱལ་ལྷ་རིའི་ཉེ་ཞོལ་དུ་མི་ལུས་ཐོབ་ཅིང་། རྒྱལ་བ་སྨན་རི་བའི་དགེ་བའི་བཤེས་ཀྱི་མིང་ཙམ་འཆང་བ་བསྟན་འཛིན་རྣམ་རྒྱལ་གྱིས། རང་གནས་ཞུ་ཡི་གདན་ས་སྨིན་གྲོལ་གླིང་ནས་དཔེ་ཆ་དེ་ཉིད་སྒྲིག་ཞུས་ལེགས་གྲུབ་བྱུང་བའི་དགའ་སྟོན་མཚོན་བྱེད་ཙམ་དུ།

    ༢༠༡༨ལོའི་ཟླ་བ་༡༢པའི་ཚེས་༣དགེ་བའི་ཉིན།  (མ་རྩོམ་ཡོང་ཁུངས། ཧི་མ་ལ་ཡའི་བོན།)

(སྤྱིའི་གཟིགས་གྲངས། 341 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།