ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེ་སྐབས་ཉེར་དགུ་པའི་ལོ་འཁོར་མཇུག་བསྡོམས་ཚོགས་འདུ།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་ལོ་རེའི་མཚམས་སུ་ལོ་ལྟར་བཞིན་ལོ་འཁོར་མཇུག་བསྡོམས་གནང་གི་ཡོད་པ་ལྟར་ད་ལན་བཤད་སྒྲུབ་འདུས་སྡེ་སྐབས་ཉེར་དགུ་པའི་ལོ་འཁོར་མཇུག་བསྡོམས་ཚོགས་འདུ་དེ་འདི་ཟླའི་ཚེས་༢༩དང་༣༠ཉིན་གཉིས་རིང་འཚོགས་ཡོད།

དེ་ཡང་ཕྱི་ལོ་༢༠༢༤ཟླ་བ་༡པོའི་ཚེས་༢༩ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་༣་༣༠ཐོག་མཚན་ཉིད་པའི་ཚོགས་ཁང་དུ་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་གྲྭ་མང་ཡོངས་སུ་འཛོམས་ཏེ་ཐོག་མར་སྐབས་ཉེར་དགུ་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ཚུལ་ཁྲིམས་རྣམ་དག་ལགས་ནས་མཛད་རིམ་སྒྲོགས་སྦྱང་གནང་། དེ་རྗེས་མཛད་རིམ་ལྟར་ཐོག་མར་སྐབས་ཉེར་དགུ་པའི་ཚོགས་གཙོ་བདེ་ཆེན་དཔལ་ལྡན་ལགས་ནས་ཕྱི་ལོ་༢༠༢༣ལོར་བཤད་སྒྲུབ་འདུས་སྡེའི་སྐབས་ཉེར་དགུ་པའི་རིང་སློབ་གཉེར་བ་རྣམས་ནས་ལོ་གཅིག་གི་འཚོགས་དང་འཆད་ར། དཔེ་ཁྲིད་དང་དཔེར་བརྗོད་སོགས་ལ་སྒེར་དོན་དུ་ཆད་པ་བྱུང་བ་རྣམས་སྒྲོགས་སྦྱང་གནང་། དེ་རྗེས་སྒྲུབ་གྲྭ་བའི་དགེ་སྐོས་སྒྲུབ་ཐོན་པ་དྲང་སྲོང་ཚུལ་ཁྲིམས་ལགས་ནས་གོང་བཞིན་ཐུན་དང་བསགས་སྦྱོང་སོགས་ལ་སྒེར་དོན་དུ་ཆད་པ་བྱུང་བ་རྣམས་སྒྲོགས་སྦྱང་གནང་། དེ་རྗེས་གྲྭ་ཚང་སྤྱི་གཉེར་ཆེན་མོ་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་ལགས་ནས་དགོན་པ་གྲྭ་ཚང་སྤྱི་དང་འབྲེལ་བའི་གསུང་བཤད་གནད་བསྡུས་གནང་།

དེ་རྗེས་གྲྭ་ཚང་དགེ་སྐོས་དགེ་བཤེས་དགེ་ལེགས་དཔལ་འབྱོར་ལགས་ནས་གྲྭ་ཚང་གི་སྒྲིག་ལམ་སྤྱི་དང་འབྲེལ་བའི་བཀའ་སློབ་གནང་། དེ་རྗེས་ལས་ཐོག་གི་བཤད་སྡེའི་ཚོགས་གཙོ་དང་དགེ་སྐོས་རྣམ་པ་གཉིས་ནས་གྲྭ་ཚང་གི་སྒྲིག་ལམ་སྐོར་གྱི་གསུང་བཤད་གནང་། དེ་རྗེས་དུས་ཡུན་རྫོགས་ལ་ཉེ་བའི་སྐབས་ཉེར་དགུ་པའི་བཤད་སྒྲུབ་འདུས་སྡེ་ལས་བྱེད་རྙིང་པ་ཚོགས་གཙོ་བདེ་ཆེན་དཔལ་ལྡན། དགེ་སྐོས་ཚུལ་ཁྲིམས་རྣམ་དག རྩིས་པ་གཡུང་དྲུང་ཚུལ་ཁྲིམས།(ཀ) འཕྲོད་བསྟེན་འགན་འཛིན་རྒྱལ་སྲས་ཚུལ་ཁྲིམས། སྒྲུབ་གྲྭའི་དགེ་སྐོས་དྲང་སྲོང་ཚུལ་ཁྲིམས་བཅས་དང་། གསར་དུ་འདེམ་ཐོན་བྱུང་བའི་སྐབས་སུམ་ཅུ་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་ཚོགས་གཙོ་ཟླ་བ་བཀྲ་ཤིས། དགེ་སྐོས་ཟླ་བ་གྲགས་པ། རྩིས་པ་ལུང་རྟོགས་དཔལ་ལྡན།(ཁྱུང་) འཕྲོད་བསྟེན་འགན་འཛིན་བསོད་ནམས་ཚེ་དབང་། སྒྲུབ་གྲྭའི་དགེ་སྐོས་ཤེས་རབ་ཡེ་ཤེས་བཅས་ནས་རང་རང་གི་ལས་དོན་དང་འབྲེལ་བའི་གསུང་བཤད་རིམ་པར་གནང་། དེ་རྗེས་བཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད་མཆོག་དང་། བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་བཅས་ནས་རིམ་པར་གལ་ཆེའི་བཀའ་སློབ་གནང་གྲུབ་རྗེས་ཉིན་དེའི་ཚོགས་འདུའི་མཛད་རིམ་མཇུག་གྲུབ།

ཚེས་༣༠ཐམ་པ་ཉིན་ཐོག་མར་ཞོགས་པའི་ཆུ་ཚོད་༨པའི་ཐོག་མཚན་ཉིད་པའི་ཚོགས་ཁང་དུ་སྐྱབས་རྗེ་མཁན་སློབ་རྣམ་དབུ་བཞུགས་ཐོག་གྲྭ་མང་དང་། གཞི་རིམ་སྔོན་འགྲོའི་དགེ་སློབ། གསོ་རིག་འབུམ་བཞིའི་དགེ་སློབ་བཅས་འཛོམས་ཏེ་སྐབས་ཉེར་དགུ་པའི་བཤད་སྡེའི་དགེ་སྐོས་ཚུལ་ཁྲིམས་རྣམ་དག་ལགས་ནས་མཛད་རིམ་སྒྲོགས་སྦྱང་གནང་། དེ་ནས་མཛད་རིམ་ལྟར་ཐོག་མར་བཤད་སྡེ་སྐབས་ཉེར་དགུ་པ་དང་སུམ་ཅུ་པ་གཉིས་ཀྱི་ལས་བྱེད་གསར་རྙིང་། གཞི་རིམ་སྔོན་འགྲོ་སློབ་གྲྭའི་ལས་བྱེད་གསར་རྙིང་། གསོ་རིག་འབུམ་བཞིའི་སློབ་གྲྭའི་ལས་བྱེད་གསར་རྙིང་བཅས་བརྗེ་ལེན་གནང་སྟེ་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་ལས་བྱེད་གསར་རྙིང་རྣམས་ལ་རིམ་པར་མགུལ་དར་གནང་། དེ་ནས་བཤད་གྲྭའི་ཁོང་ནས་ལོ་གཅིག་རིང་དང་། དེ་བཞིན་ལོ་གཉིས་རིང་། ལོ་གསུམ་རིང་། ལོ་བཞིའི་རིང་། ལོ་ལྔ་རིང་། ལོ་དྲུག་རིང་དང་། དང་པོ་བཤད་གྲྭའི་ཁོང་ནས་དང་དེ་ནས་སྒྲུབ་གྲྭར་ཞུགས་ཏེ་ཐུན་དང་བསག་སྦྱོང་སོགས་གང་ཡང་ལོ་དུ་མའི་རིང་མ་ཆད་པར་བཤད་སྒྲུབ་གཉིས་ཀྱི་འཕྲོ་མཐུད་དེ་ཁྱོན་མི་ལོ་བཅུ་བཞིའི་རིང་སྒེར་དོན་དུ་གང་ཡང་མ་ཆད་པར་བྱུང་བ་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་གནང་།

དེ་ནས་ངག་རྒྱུགས་འཕར་མ་ལ་སྡེ་ཚན་ཆུང་བའི་གྲས་ཐེག་འགྲེལ་གྱི་རྫོགས་ཆེན་ཆ་ཚང་དང་། མཚོན་བྱེད་ཞེ་ལྔ། སུམ་ལྡན་བསྡུས་གྲྭའི་སྤྱི་བསྟན་ཆ་ཚང་། ཐེག་འགྲེལ་མདོ་ཆ་ཚང་བཅས་ངག་རྒྱུགས་སྤྲད་མཁན་དང་། ངག་རྒྱུགས་ཆེ་བ་ལ་མཛོད་ཀུན་བཏུས་ཀྱི་གཞུང་ཆ་ཚང་དང་། ས་ལམ་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ་ཆ་ཚང་། ཚད་མའི་རང་འགྲེལ་ཆ་ཚང་བཅས་དམིགས་བསལ་ངག་རྒྱུགས་འབུལ་མཁན་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་བསྩལ་གནང་མཛད།

དེ་ནས་ལོ་འཁོར་གྱི་རྒྱུགས་སྤྲོད་སྐབས་རྩོད་རྒྱུགས། བྲིས་རྒྱུགས། རིག་གནས་རྒྱུགས་སྤྲོད། རྩ་གཞུང་བློ་རྒྱུགས་བཅས་ལ་འཛིན་གྲྭ་སོ་སོ་ནས་བརྒྱ་ཆ་མཐོ་ཤོས་ལོན་མཁན་རྣམས་དང་། དམིགས་བསལ་འཛིན་རིམ་འོག་མ་ལ་གཏམ་བཤད་འགྲན་བསྡུར་དང་། ཡིག་གཟུགས་འགྲན་བསྡུར། གྱེར་དང་གཏོར་མའི་རྒྱུགས་སྤྲོད་བཅས་ནས་ཨང་རིམ་ལོན་མཁན་རྣམས་ལ་གཟེངས་བསྟོད་དང་ཕྱག་འཁྱེར་སོགས་བསྩལ་གནང་མཛད།

དེ་རྗེས་འཕྲོད་བསྟེན་འགན་འཛིན་དང་སློབ་གྲྭའི་འགན་འཛིན་སྒྲུབ་ཐོབ་པ་བཀྲ་ཤིས་འོད་ཟེར་ལགས་ནས་ངོ་སྤྲོད་དང་བཅས་གཞི་རིམ་སྔོན་འགྲོའི་སློབ་གྲྭ་ནས་བོད་ཀྱི་སྐད་ཡིག་དང་། དེ་བཞིན་བལ་སྐད། དབྱིན་སྐད། སྤྱི་ཚོགས་ཚན་རིག ཨང་རྩིས། བགྲོ་གླེང་དང་གཏམ་བཤད། ཡིག་གཟུགས། རི་མོ། བོད་ཡིག་ཀློག་འདོན་བཅས་ལ་འཛིན་གྲྭ་སོ་སོ་ནས་ཨང་རིམ་ཐོབ་མཁན་རྣམ་པ་དང་། སློབ་མ་ཡོངས་ནས་སྤྱོད་ལམ་ལེགས་ཤོས་གདམ་ཐོན་བྱུང་བ་རྣམས་ལ་གཟེངས་བསྟོད་བྱ་དགའ་བསྩལ་གནང་མཛད་པ་དང་དེ་འབྲེལ་གྱི་བཀའ་སློབ་ཀྱང་གནང་།

དེ་རྗེས་གསོ་རིག་འབུམ་བཞིའི་སློབ་སྤྱི་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ནས་ངོ་སྤྲོད་གནང་སྟེ་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་ནས་ལོ་འཁོར་རྒྱུགས་སྤྲོད་སྐབས། གསོ་བ་རིག་པའི་བྲིས་རྒྱུགས་དང་། གསོ་བ་རིག་པའི་ངག་རྒྱུགས་གཉིས་ལ་ཨང་རིམ་དང་པོ་དང་གཉིས་པ་གསུམ་པ་ལོན་མཁན་དང་། དེ་བཞིན་སྨན་རྩ་ངོས་འཛིན། རིག་གནས་བྲིས་རྒྱུགས། རྒྱལ་རབས། བལ་སྐད། དབྱིན་སྐད་བཅས་ཀྱི་རྒྱུགས་སྤྲོད་སྐབས་བརྒྱ་ཆ་མཐོ་ཤོས་ལོན་མཁན་རྣམ་པ་དང་། དེ་བཞིན་སྔོན་འགྲོ་སློབ་མའི་ངག་རྒྱུགས་ཨང་རིམ་དང་པོ་དང་གཉིས་པ་གསུམ་པ། དེ་བཞིན་བྱ་བྱེད་སྨན་པའི་ལེའུའི་བྲིས་རྒྱུགས། སྨན་རྩ་ངོས་འཛིན།བལ་སྐད། དབྱིན་སྐད་བཅས་ལ་རྒྱུགས་སྤྲོད་ཀྱི་བརྒྱ་ཆ་མཐོ་ཤོས་ལེན་མཁན་རྣམ་པར་གཟེངས་བསྟོད་ཀྱི་བྱ་དགའ་བསྩལ་གནང་མཛད་ཅིང་དེ་འབྲེལ་གྱི་བཀའ་སློབ་གསུང་བཤད་གནང་།

དེ་རྗེས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་གྲྭ་མང་དང་གཞི་རིམ་སྔོན་འགྲོའི་སློབ་གྲྭ། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་དང་དགེ་སློབ་འདུས་མང་ཡོངས་ལ་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད། དེ་ནས་ཕྱག་ཚོད་༡༡མ་ཟིན་ཙམ་ལ་བཤད་སྒྲུབ་འདུས་སྡེ་ཚོགས་གཙོ་བདེ་ཆེན་དཔལ་ལྡན་ལགས་ནས་མཇུག་བསྡུའི་གཏམ་བཤད་དང་བཅས་སྐབས་ཉེར་དགུ་པའི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་མཇུག་བསྡོམ་གྱི་ཚོགས་འདུ་དེ་ཉིད་ཁ་དགེ་བཀྲ་ཤིས་ངང་མཇུག་གྲུབ་པའི་གནས་བསྡུས་སུ།

སྐྱ་ཀ་ཁྲ་བོས་ཕྱི་ལོ་༢༠༢༤ལོའི་ཟླ་བ་༡པོའི་ཚེས་༣༠ཉིན།

པར་ལེན་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 386 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བོད་ཤིང་འབ…
error: རྩོམ་འདི་བདག་དབང་ཅན་ཡིན།