ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཐེངས་གསུམ་པའི་«ཞང་བོད་ཡིག་གཟུགས་འགྲན་བསྡུར་»གནང་བ།

 

 

 

ཤེས་བྱ་རིག་པའི་གནས་དང་བསྟན་པའི་བོན་གང་གི་སྒོ་ལ་འཇུག་ཀྱང་ཐོག་མ་ཡི་གེ་འབྲི་ཀློག་གཉིས་ཧ་ཅང་གལ་ཆེ་བ་དང་། ཡི་གེ་ནི་ཡོན་ཏན་ཀུན་གྱི་གཞི་མ་དང་། རིག་པའི་བློ་སྒོ་འབྱེད་པའི་ལྡེ་མིག་དང་། མ་རིག་རྨོངས་པ་སེལ་བའི་སྒྲོན་མེ་ལྟ་བུ་ཡིན་ཏེ། མཛད་མདོ་རྒྱས་པ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས། ཤེས་བྱ་ཀུན་གྱི་ཐོག་མ་རུ། །ཤེས་པའི་གཞི་མ་ཡི་གེ་བསླབ། །མི་ཤེས་ལྐུགས་པ་ཡི་གེས་དཀྲོལ། །མི་ཤེས་རྨུགས་པ་ཡི་གེས་སེལ། །རིག་པའི་སྒྲོན་མེ་ཡི་གེས་འདེགས། །དེ་ཕྱིར་ཡི་གེའི་རྒྱུད་བསྟན་ནས། །ཤེས་བྱ་ཀུན་གྱི་གཞི་མ་ཡིན། །ཞེས་གསུངས་སོ།། དེ་མིན། དེང་རབས་སྤྱི་ཚོགས་ལ་ཡང་ཡི་གེ་ནི་མི་རྣམས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། དཔེར་ན། དྲ་བ་དང་། ལག་འཁྱེར་ཁ་པར་གྱི་བརྡ་འཕྲིན། སྦྲག་རྫས་སོགས་ལྟ་བུ། དེ་བས་ཡི་གེའི་མཚོན་ཐབས་ལ་སློབ་སྦྱོང་དང་མཐོར་འདེགས་གཏོང་རྒྱུ་ནི་མི་སྒེར་གྱི་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ལ་མཚོན་ན་ཧ་ཅང་གལ་ཆེན་ཞིག་ཡིན། དེས་ན་འདི་ག་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མ་ཚོའི་བྲིས་གཟུགས་ཡར་རྒྱས་མཐོར་འདེགས་གཏོང་རྒྱུའི་ཆེད་ཕྱི་ལོ་༢༠༢༡ལོར་དགེ་རྒན་ལྷན་ཚོགས་ཀྱིས་ཞང་བོད་ཡིག་གཟུགས་འགྲན་བསྡུར་དང་འགྲེམ་སྟོན་གནང་ན་ཕན་ཐོགས་ཆེན་པོ་ཡོད་ཚུལ་གསུངས་ནས་གྲོས་ཆོད་བཞག་པ་ལྟར་འདས་པའི་ལོ་གཉིས་ཀྱི་རིང་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་ཡིག་གཟུགས་འགྲན་བསྡུར་དང་འགྲེམས་སྟོན་ཐེངས་མང་གནང་ཟིན་པ་དང། འདི་ལོ་༢༠༢༣་ལོ་ལ་ཡང་དེ་ལྟ་བྱ་རྒྱུའི་རིག་གནས་དགེ་རྒན་རྣམས་པས་སྔ་ཙམ་ནས་གོ་སྒྲིག་ཞུས་གནང༌བ་རེད། འགྲན་ཞུགས་ཀྱི་ཁོངས་མི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་འཛིན་རིམ་འོག་མ་རྣམས་ངེས་པར་དུ་ཞུགས་དགོས་ལ། གཞན་སྒྲུབ་གྲྭ་བ་དང་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་མ་བཅས་རང་མོས་ཀྱིས་ཞུགས་ན་གོ་སྐབས་ཡོད། འགྲན་སྡུར་བྱ་རྒྱུའི་ཡིག་གཟུགས་ནི་འཁྱུག་ཡིག་དང་།  ཡིག་དཀར་རམ་དབུ་ཅན། འབྲུ་མ། འབྲུ་ཚ། ལྗིབ་དང་ཚུགས་ཐུང་སྨར་ཆེ་ཆུང་བཅས་ཡིན། འབྲི་སའི་ཤོག་བུའི་ཚད་ནི་A4གྱི་ཤོག་ཚད་དགོས་ལ། འབྲི་བྱེད་ནི་སྲོལ་རྒྱུན་ལྟར་སྣག་སྨྱུག་གཉིས་བེད་སྤྱོད་བྱས་ཏེ། འབྲི་རྒྱུའི་རྩོམ་ནི་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་བརྩམས་གནང་བའི་བགྲེས་གཏམ་འདོན་ཐེངས་བཞི་པའི་ནང་འཁོད་པའི་དབྱངས་གསལ་ཚང་བའི་ཤོ་ལོ་ཀ་འདི་ཡིན།

ཨ་ཁ་བསམ་པར་དཀའ་བཞིན་ཟ་ཆུ་དང་།། 

ཞྭ་གོས་ཚ་གྲང་མ་འཛེམས་ཤེས་རབ་ལ།། 

ཉེ་བར་བརྩོན་ན་ཡུན་རིང་ཅི་ཐོགས་ཏེ།། 

ཧ་ལམ་ཇི་འདོད་ཝ་ལེར་མདུན་དུ་འཕུང༌།།

ཞེས་པ་འདི་ཡིན། དེ་ཡང༢༠༢༣ལོའི་ཟླ་བ་༠༤ཚེས་༢༦ཉིན་དོ་བདག་སོ་སོས་རིག་གནས་འགན་འཛིན་གྱི་ཕྱག་ཏུ་ཕུལ་རྗེས་ཡིག་གཟུགས་དགེ་རྒན་ལྔ་གདན་འདྲེན་ཞུས་ནས་ཡིག་གཟུགས་དགེ་རྒན་རྣམ་པས་དཔྱད་བདམ་བྱས་ཏེ་ཡིག་གཟུགས་སྣ་ཁ་རེ་ནས་རྩེ་ཕུད་རེ་དང་། གཞན་ཨང་རིམ་དང་པོའི་གྲས་དང༌། ཨང་གཉིས་པའི་སྡེ་ཚན་དང། ཨང་གསུམ་པའི་སྡེ་ཚན་བཅས་གསུམ་དུ་ཕྱེས་ནས་གནང་། རྩེ་ཕུད་ཐོབ་མཁན་ཚོ་ལ་བྱ་དགའ་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་མཇུག་བསྡོམས་སྐབས་སུ་འཕུལ་འཆར་རེད་འདུག། ཕྱི་ལོ་༢༠༢༣ལོའི་ཟླ་བ༌༠༤པའི་ཚེས་༣༠བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་སྔ་དྲོ་དངོས་སུ་འཆད་རའི་ཐོག་ཏུ་འགྲེམ་སྟོན་གནང་སྟེ། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང༌། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་གཉིས། རྩ་འཛིན་སློབ་དཔོན་རྣམ་པ། དགེ་བའི་བཤེས་གཉེན་རྣམ་པ། ཡིག་གཟུགས་དགེ་རྒན་རྣམ་པ། དགོན་གྱི་ལས་འཛིན་རྣམ་པ། གྲྭ་མང་འདུས་པ་རྒྱ་མཚོ། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་ཕྲུག གཞི་རིམ་སྔོན་འགྲོ་སློབ་གྲྭའི་སློབ་ཕྲུག་བཅས་ཀྱིས་གཟིགས་ཞིབ་ལེགས་པར་གནང་སྟེ་ཞང་བོད་ཡིག་གཟུགས་འགྲན་བསྡུར་དང་འགྲེམ་སྟོན་ལེགས་གྲུབ་བྱུང་བ་བཅས་ཀྱི་གནས་བསྡུས་སུ་ལི་བློ་གསལ་གྱིས ༢༠༢༣ ༠༤ ༣༠ བྲིས།། །། 

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 442 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།