ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་གྱི་གདན་ས་དང་ཕོ་བྲང་དགོན་གནས་སོགས་ཆགས་འཇིག་གི་སྐོར་ལ་དཔྱད་པ།

                  རྩོམ་པ་པོ། གཤེན་བཙུན་ཉི་མ་འོད་ཟེར།

སྤངས་རྟོགས་མཐར་ཕྱིན་སྐྱོན་མེད་ཡོན་ཏན་མངའ་བ་དུས་གསུམ་བདེ་བར་གཤེགས།།
ཕྱག་རྒྱ་བཞི་ལྡན་བསླབ་གསུམ་རྣམ་དག་རྒྱལ་བའི་བཀའ་ལུང་དྲི་མེད་བོན།།
བསྡུ་དངོས་བཞི་དང་ཕར་ཕྱིན་བཅུར་སྤྱོད་འཕཊ་མཆོག་གཡུང་དྲུང་སེམས་དཔའི་སྡེ།།
བསླུ་མེད་དཀོན་མཆོག་གསུམ་ལ་གུས་པས་འདུད་དེ་རྗེས་སུ་འཛིན་པར་གསོལ།།

རབ་དཀར་སྒེག་མོའི་ས་ཡི་ཐིག་ལེ་ཁྲི་བརྟན་ནོར་རྩེའི་འདབས་ཀྱི་ཟུར།།
རབ་བརྗིད་གྱེར་བསྟན་མཚན་སྙན་གཟི་འབར་དམུ་རིགས་གཤེན་གྱི་གདན་ས་རུ།།
གཤེན་རྒྱལ་ཕན་བདེའི་ཟླ་བ་དཀར་པོ་དགའ་བའི་ལང་ཚོ་རབ་རྒྱས་པའི།།
གཤེན་རྒྱལ་བསྟན་པའི་མངའ་བདག་དམུ་གཤེན་ཡབ་སྲས་རྣམ་གསུམ་མཆོད་ཅིང་བསྟོད།།

རྒྱལ་བའི་སྐུ་གསུང་ཐུགས་རྟེན་ཀུ་མུད་གཉེན་གྱི་བགྲང་ཡས་རྒྱུ་སྐར་ལ།།
བདག་བློའི་མ་རིག་རྨོངས་མུན་སྒྲིབ་སྦྱང་འོད་སྣང་འབར་བའི་དཔལ་སྦྱིན་ཏེ།།
བསྟི་གནས་དཔལ་ལྡན་དར་སྡིངས་གནས་བཞུཊ་གདན་སའི་རྟེན་ཆེན་སྐྱེད་ཚལ་འདིར།།
རྒྱལ་བསྟན་གང་ཤེས་ངོ་སྤྲོད་ཚུལ་ཞིག་གླེང་བའི་བསིལ་ཟེར་འགྱེད་ལ་སྤྲོ།།

དེ་ཡང་བསྟན་པ་སྔ་ཕྱིའི་དུས་འདིར་བོན་གནས་ཀྱི་གདན་ས་བཤད་པ་ལ། སྤྱིར་གྲུབ་མཐའ་ཆོས་ལུགས་གསར་རྙིང་མི་གཅིག་པ་མང་པོ་དར་ཏེ། དེ་དག་རང་རང་གི་རྩལ་མངོན་པར་བཏོན་པ་ཆེ་ཕྱིར་ལ་ལ་དར་ཞིང་ལ་ལ་རིམ་པར་བག་ལ་ཞ་བར་གྱུར་མོད། རྒྱལ་བའི་ཐུགས་རྗེ་དང་འཕྲིན་ལས་ཀྱིས་གཤེན་བསྟན་འཛིན་པའི་གནས་སྡེ་ཡང་དེ་དང་མཚུངས་པར་སྔ་ཕྱིར་ཆགས་པ་དང་། གནས་པ། དར་བ། ཉམས་ཏེ་སྟོངས་པ་བཅས་གྲངས་མང་བ་ཞིག་སྟོད་སྨད་བར་གསུམ་ཚང་མར་མ་ཁྱབ་པ་མེད་པ་ལྟ་བུ་ཞིག་མངོན་པས་ཐམས་ཅད་བརྗོད་དུ་མི་ཤེས་ཀྱང་། གཤེན་བསྟན་འདི་ནི་ཆེས་ལོ་རྒྱུས་ཀྱི་ཁུངས་རིང་ཤོས་ཡིན་པ་ནི་སྨྲོས་མ་དགོས། དེར་བརྟེན་སྔ་ཙམ་ནས་དར་བའི་དམུ་གཤེན་གྱི་གདན་ས་མཐོང་ཐོས་ཀྱི་ལམ་དུ་གྱུར་པ་འགའ་ཞིག་སྨོས་ཏེ། ཕྱིས་ཀྱི་དམུ་རིགས་གཤེན་གྱི་གདན་སའི་གནས་ཀྱི་ཆགས་དབྱིབས་དང་། གནས་དེར་ཡོད་པའི་བཀའ་རྟགས་རང་བྱོན་རྣམས་བཤད་པ་ལ། འདི་ཡང་རང་སྒེར་གྱི་ཤེས་ཚོད་ཙམ་ལས་མཐའ་གཅིག་ཏུ་ཡིན་པའི་ངེས་པ་མེད་གང་ཡིན་ཟེར་ན་ཤེས་པ་ལས་མ་ཤེས་པ་མང་ཐོས་པ་ལས་མ་ཐོས་པ་མང་མཐོང་བ་ལས་མ་མཐོང་བ་མང་ཞེས་པའི་དཔེ་ལྟར་སྐྱོན་ཅི་རིགས་ཡོང་ངེས་པས་བཟོད་གསོལ་སྔོན་དུ་ཞུ།

དང་པོ། སྔ་དར་གཤེན་གྱི་གདན་སའི་སྐོར།

དེ་ཡང་སྔ་དར་གྱི་གདན་སའི་སྐོར་བཤད་པ་ལ། ཐོག་མ་ནས་མུན་སྒྲོན་གྱི་བསྐལ་པ་ཇི་སྙེད་ཅིག་བྱུང་སྟེ། དེ་རྣམས་འདས་པའི་རྗེས་ད་ལྟའི་སྒྲོན་བསྐལ་ཁུག་ཆེན་དོན་བཟང་ལ། སངས་རྒྱས་ཆིག་ཁྲི་བདུན་སྟོང་གིས་འགྲོ་དོན་མཛད་པའི་ནང་ཚན་བསྐལ་ཕྲན་བདུན་པ་མུ་རྒྱུང་མཐའ་ཡས་ཀྱི་བསྐལ་པ་འདིར་བསྐལ་བཟང་སངས་རྒྱས་སྟོང་གིས་འགྲོ་དོན་རིམ་པར་མཛད་པའི་ཐོག་མར། སྟོན་པ་རབས་དགུ་བྱོན་པའི་ནང་ནས་རྣམ་འདྲེན་བརྒྱད་པ་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་པ་དེ་ཉིད་ཀྱི་མཚན་དཔེའི་དཀྱིལ་འཁོར་བཞད་པའི་གནས་ཆེན། རྒྱལ་རིགས་གཤེན་གྱི་གདན་ས་ཐོག་མ་ཞང་ཞུང་ཕུག་པ་རྟག་གཟིགས་འོལ་མོ་གླིང་ཆེན་གྱི་ཡུལ་དབུས་དམུ་རིགས་འཕྲུལ་གྱི་རྒྱལ་པོའི་ཕོ་བྲང་མཁར་བར་པོ་སོ་བརྒྱད་དང་། གཤེན་སྲས་རྐོང་ཚ་དབང་ལྡན་ནས་རིམ་པར་བོད་ཡུལ་རྒྱལ་སར་ཕེབས་པ་སོགས་རྒྱས་པ་གདུང་རབས་སྐབས་གསལ་བར་བཤད་པ་དང་། གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱི་སྨན་གཞུང་ནང་གསལ་བ་ལྟར་ན་སྟོན་པ་གཤེན་རབ་འཁྲུངས་ནས་གཉའ་ཁྲི་བར་ལ་འབྱུང་ལྡན་ཉེར་ལྔ་འདས་ཟིན་ཞེས་གསལ། རྗེ་གཉའ་ཁྲི་བཙན་པོ་དང་སྲས་དམུ་ཁྲི་བཙན་པོའི་སྐུ་རིང་ལ་གཤེན་ནམ་མཁའ་སྣང་བ་མདོག་ཅན་དང་། དམུ་ཁ་སྤོ་དམུ་སྤོ་དང་དམུ་རྗེ་ཡོངས་རྒྱལ་སོགས་སྤྱན་དྲངས་ནས་ཕེབས་པ་སྔར་གྱི་གདུང་རབས་བྱུང་ཚུལ་བཞད་དེ། གླིང་བཞི་བསྟན་པའི་བྱུང་ཁུངས་སོགས་ལས། དེ་ནས་ཆབ་སྲིད་འཛིན་པའི་རྒྱལ་པོ་རེ་རེའི་རིང་ལ། སྐུ་བསྲུང་གི་གཤེན་རེ་དང་། འདྲེན་པའི་བོན་རེ། བཀའ་ཡི་དཔོན་གསས་(ལོ་པཎྜ་)རེ་བཅས་ཡོད་པར་གསལ་བ་ལྟར། ཞང་ཞུང་གི་དཔོན་གསས་རིག་འཛིན་ནམ་མཁའ་སྣང་བ་མདོག་ཅན་སྔོན་སྟོན་པ་སངས་རྒྱས་གཤེན་རབ་ཀོང་ཡུལ་སོགས་སུ་བདུད་འདུལ་བར་བྱོན་སྐབས་མ་འོངས་ཁོང་གི་གསུང་གི་བསྟན་པའི་སྐབས་བོད་ཡུལ་དབུས་སུ་རྒྱུ་འབྲས་གཉིས་ཀྱི་བོན་དར་བའི་ཐུགས་སྨོན་མཛད་པ་བཞིན། གཤེན་སྣང་བ་མདོག་ཅན་གྱིས་བོད་དབུས་སུ་གཤེན་བསྟན་སྤེལ་བའི་དུས་ལ་སླེབས་པར་གཟིགས་ཏེ། འབྲུག་ཁྱུང་སེང་གེས་མཐའ་བརྟེན་ནས་སྨན་བཙུན་བཞིས་བཏེགས་ཏེ་རྫུ་འཕྲུལ་རྩལ་གྱིས་བྱོན་པའི་ཚུལ་མཛད། བོད་རྗེ་གཉའ་ཁྲི་བཙན་པོའི་མཆོད་གནས་སུ་བཀུར་ཞེས་དང་། ཁྲོ་འགྲེལ་ལས། ཡབ་དམུ་རྒྱལ་གསལ་བ་རྗེ་ཡི་སྲས། དམུ་གཤེན་ནམ་མཁའ་སྣང་བ་མདོག་ཅན། ཁྲི་བཙན་པོས་མཆོད་གནས་སུ་བཀུར། གསས་མཁར་ཁོ་མ་ནེ་ཆེན་བཞེངས། ཞེས་དང་། དེ་རྣམས་དང་མཐུན་པར་བོན་རིའི་དཀར་ཆགས་སོགས་ལས་ཀྱང་། དེ་ཡི་དུས་སུ་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ། ཡུལ་ལ་སྔ་བ་ཡར་ལུང་སོག་ཀ་བཏགས། སྐུ་བོན་ལ་སྔ་བ་ཕ་བ་མཚེ་གཙོ། གཤེན་ལ་སྔ་བ་ནམ་མཁའ་སྣང་བ་མདོག་ཅན། གསས་མཁར་ལ་སྔ་བ་ཁོ་མ་ནེ་ཆེན། བོན་ལ་སྔ་བ་སྤྱི་སྤུངས་གསང་སྔགས་སོགས་དར་ཚུལ་རྒྱུད་སོ་སོར་གསལ་བ་མ་ཟད་བོད་སྔ་བའི་ཁ་རྒྱུན་ལ་ཡང་གྲགས་པར་བཞད་དོ། ལོ་རྒྱུས་འགའ་རེར་བོད་རྒྱལ་གྲི་གུམ་དུས་སུ་བོན་བསྟན་ནུབ་རིར་ཕྱོགས་པའི་དབང་གི་དམུ་གཤེན་གྱི་གདུང་དེ་ཡང་ཧ་ཅང་ཉག་ཕྲ་བར་གྱུར་ཞེས་གསུངས་ཀྱང་། དམུ་གཤེན་ལྷ་ཡི་གདུང་རབས་ལས། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བར། རྒྱལ་རབས་བཅུ་ཕྲག་གསུམ་དང་བདུན་ཕྲག་གཅིག་གི་བར་དུ་རྒྱལ་པོའི་བླའི་མཆོད་གནས་ཁོ་ནར་བཞུགས་ཞེས་གསུངས་པ་ལས་དུས་གང་ཞིག་དང་རྒྱལ་པོ་གང་ཞིག་གི་སྐུ་རིང་ལ་གནས་གང་ཞིག་ཏུ་གཤེན་གྱི་བླ་བྲང་བྱུང་ཡོད་པ་དངོས་སུ་མ་བསྟན་ཀྱང་། མཁས་དབང་བོན་རྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བོན་ལུགས་དང་འབྲེལ་ནས་བོད་ཀྱི་རིག་གནས་ཀྱི་ཐོག་མའི་འབྱུང་ཁུངས་ལ་དཔྱད་པ་ཞེས་པའི་ནང་གི་བཟོ་རིག་པའི་གནས་ཀྱི་སྐབས་དེ་ལྟར་གསུངས་ཏེ། དེ་རྗེས་བོད་ཀྱི་རྒྱལ་པོ་རྣམས་ཀྱིས་ཀྱང་། མཁར་ཕྱིང་བ་སྟག་རྩེ། སྐུ་མཁར་ཡུམ་བུ་བླ་སྒང་། གསས་ཁང་ཁོ་མ་ནེའུ་ཆུང་། གསས་མཁར་ཁོ་མ་ཡང་རྩེ། གསས་ཁང་དམུ་ར་དགུ་ཁྱུད། གསས་ཁང་གཡུང་དྲུང་ལྷ་རྩེ། གསས་ཁང་ཁོ་མ་རུ་རིང་དང་། ས་ལེ་བྱེ་ཚངས། ས་ལེ་ལྗོན་ཕྱུག ས་ལེ་བིང་བིང་། རིན་ཆེན་ཟུར་མང་སོགས་རྒྱལ་པོའི་ཕོ་བྲང་དང་ལྷ་ཁང་བཞེངས་པ་རྣམས་ཀྱང་བོད་ཡུལ་ལ་བཟོ་རིག་དར་ནས་བཞེངས་པ་མ་གཏོགས་ཡུལ་ཁམས་གཞན་དང་མི་རིགས་གཞན་གྱི་ཡོན་ཏན་ཁོ་ནར་བརྟེན་པ་མ་ཡིན་ནོ། ཞེས་དང་། ཡོངས་འཛིན་སློབ་དཔོན་བསྟན་རྣམ་གྱིས་འབུམ་དོན་ལོ་རྒྱུས་ལས། རྒྱལ་གཤེན་གྱི་གདུང་རྒྱུད་འཛིན་པའི་སྐྱེས་མཆོག་ནམ་མཁའ་སྣང་བ་མདོག་ཅན་གྱིས་གཞུང་དོན་འདི་དག་སྒྲོ་འདོགས་ཆོད་པར་མཛད། བླ་མ་འདི་བོད་རྒྱལ་གཉའ་ཁྲི་བཙད་པོ་དང་། མུ་ཁྲི་བཙད་པོ་ཡབ་སྲས་གཉིས་ཀྱི་མཆོད་གནས་སུ་བཞུགས། ཞེས་གསུངས་པར་བལྟས་ན་གནས་དེ་རྣམས་སུ་ཡང་བླ་མ་གཤེན་གྱི་བཞུགས་ཡུལ་དང་མཆོད་གནས་ཡིན་དགོས་པ་ནི་གསེར་ས་འོག་དང་འོད་ནམ་མཁའ་ཞེས་པའི་དཔེ་ལྟར་འབྱུང་འགྱུར་ལོ་རྒྱུས་ཁྲོད་ཉིན་རེ་བཞིན་མ་འདས་པར་ཇེ་གསལ་དུ་འགྲོ་བཞིན་མཆིས་པ་ནི། རྣམ་འབྱེད་འཕྲུལ་སྡེ་ལས། དེ་ལྟར་བརྒྱུད་པའི་རྒྱལ་རབས་སུམ་ཅུ་སོ་གཉིས་ཀྱི་རིང་རྒྱལ་སྲིད་ནི་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཏེ། རྒྱལ་པོའི་ཆབ་སྲིད་དང་བོན་གྱི་བསྟན་པ་མཉམ་གནས་བྱུང་བ་ལ་རྒྱལ་གཤེན་བསྟན་པ་མཉམ་དར་ཞེས་གསུངས་པས་སོ། ཡང་བརྒྱ་བའི་མགོན་པོ་སངས་རྒྱས་གཤེན་རབ་མི་བོའི་བསྟན་པ་བོད་དུ་འཕེལ་བའི་ཆུ་འགོ་ལྟ་བུའི་གནས། ཞང་ཞུང་ཁྱུང་ཆེན་སྤུངས་པའི་རི་ཞོལ། གནས་ཆེན་གངས་ཏི་སེ་དང་བྱ་རི་གཙུག་ལྡན་གྱི་རི་རྒྱུད། ཆུ་བོ་གླང་ཆེན་ཁ་འབབ་ཀྱི་འགྲམ། ཉམས་རྟོགས་ཡོན་ཏན་འཕེལ་བའི་བསྒྲུབ་གནས་དཔག་མེད་འགྲོ་དོན་ནུས་པའི་དགེ་མཚན་དང་ལྡན་པ། ཞང་ཞུང་གི་རྒྱལ་ས་གྲགས་ཆེ་བ། མཁར་ལྔ་རྫོང་བཞི་སོགས་ཀྱི་ནང་ཚན་དབུས་ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཡུལ་ཞེས་བོད་ཀྱི་འདུ་གནས་སུམ་ཅུ་རྩ་བདུན་གྱི་ཐོག་མ། དམུ་རྒྱལ་འབྲིང་རྒྱུད་ལས་འཁྲུངས་པའི་གྱེར་ཆེན་དྲན་པ་ནམ་མཁའ་དང་ཚེ་དབང་རིག་འཛིན། པད་མ་མཐོང་གྲོལ་སོགས་ཡབ་སྲས་རྣམས་ཀྱི་འཁྲུངས་ཡུལ་ཡིན་ཞེས་རིག་པའི་སེང་གེ་དགེ་སློང་བསྟན་འཛིན་དབང་གྲགས་ཀྱིས་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་སྐབས་གསུངས་འདུག་པ་དང་། དཔལ་ཚུལ་དང་སྤ་སྟོན་སོགས་ཀྱིས་ཀྱང་བཞད་ཅིང་། འོན་ཀྱང་བསམ་དགོས་པ་ཞིག་སྟེ། དྲན་པ་ལ་ཡང་ཞང་བོད་ཟུང་ལས་དྲན་པ་གཉིས་དང་། དྭགས་པོའི་དྲན་པ་ལ་སོགས་མང་དུ་བྱུང་བས་ཚེ་དབང་དང་པད་མ་ལ་སོགས་ཡབ་སྲས་རྣམས་མཐའ་གཅིག་ཏུ་དམུ་གཤེན་གདུང་སྲས་ཡིན་མིན་གྱི་ཁ་ཚོན་ད་རས་ཆོད་པར་དཀའ་སྙམ་ཡང་དཔྱད་པར་བྱ། ཁྱད་པར་ལྷོ་འཛམ་བུ་གླིང་གི་དབུས། གངས་རི་ཆེན་པོའི་མདུན་ཞོལ་དུ། གསས་ཁང་ནོར་བུ་སྤུངས་རྩིགས་བཞེངས་པ་ལ་སོགས་བྱིན་གྱི་བརླབས་ཚུལ་ཏི་སེའི་དཀར་ཆག་སོགས་ལས་གསུངས། ཡིན་ན་ཡང་བར་དེར་སྔོན་གྱི་སྨོན་ལམ་དོས་དྲག་པོའི་དབང་གིས། རྒྱལ་བློན་གདུག་པའི་བསམ་སྦྱོར་གྱིས་བོན་གྱི་བསྟན་པ་རིན་པོ་ཆེ་བསྣུབས་པར་བརྩམས་པས། དམུ་གཤེན་དེ་ཉིད་ཀྱང་ཤར་ཙོང་ཁའི་ཡུལ་དུ་གཤེགས་པ་དང་དེར་གདུང་ཆགས་ནས་བླ་རབས་མང་པོའི་བར་ཕྱོགས་དེར་བོན་བསྟན་སྤེལ་ཅིང་འགྲོ་དོན་མཛད་པའི་ཕོ་བྲང་ཡང་བྱུང་བ། དམུ་རིགས་གཙང་གཤེན་བཞེད་པའི་བཤེས་གཉེན་གྱིས་བྱམས་མའི་རྒྱུད་ཀྱི་རྒྱལ་རབས་ནས་གསུངས་པའི་དགོངས་དོན་གཞིར་བཟུང་ནས་གསུངས། ཕྱིས་བསྟན་པའི་དུས་ལ་བབས་ནས། དེའི་རྒྱུད་འཛིན་དམུ་བཀྲ་གསལ་ཀླུ་ཡི་རྒྱལ་པོ་དང་བཅས་ཁམས་ནས་ཡར་བྱོན་འདམ་གྱི་ཅོག་རོ་རྒྱུད་ནས། ལྷོ་གནས་འབྲིག་མཚམས་གཉན་རྩེ་གད་དམར་དུ་བཞུགས་ཞེས་གཤེན་གྱི་གདུང་རབས་ཡིག་རྙིང་དང་བསྟན་འབྱུང་སྐལ་བཟང་མགྲོན་རྒྱན་སོགས་ལས་གསུངས་པར་བལྟས་ན་དེང་གི་འདམ་གཞུང་རྫོང་ཁོངས་ཡིན་པའི་ཅོག་རོ་གྲོང་ཚོ་ཞེས་པ་དེར་ཡང་སྐབས་དེ་དུས་སྒར་རམ་ཕོ་བྲང་གང་རུང་ཞིག་བྱུང་པའི་ཤུལ་འདུག་གོ

    ཕྱི་དར་དུས་ཀྱི་དམུ་རིགས་གཤེན་གྱི་གདན་ས་ལ་སྔ་བ་སྦ་བ་གཡོན་རུའམ་རུ་ལག་ལྷོ་ཡི་གནས། འབྲིག་གཉན་རྩེ་གད་དམར་གྱི་ལྷ་ཁང་ནི། བསྟན་པ་ཕྱི་དར་ཐོག་གཤེན་དཔལ་དགོན་ཕྲིན་ལས་ཀྱི་སྐུ་དུས་བོད་རབ་བྱུང་ཡར་སྔོན་གྱི་དྲག་པོ་ཞེས་པ། ལྕགས་ཕོ་སྤྲེལ་ལོ་སྤྱི་ལོ་༩༦༠ཙམ་ལ་ཕྱག་བཏབ། འབྲིག་མཚམས་མང་ལ་རྩེའི་དགོན་པ་ནི་ཁྱབ་བདག་འཁོར་ལོའི་མགོན་པོ་སྤྲུལ་པའི་སྐུ་མཆོག་གཤེན་ཆེན་ཀླུ་དགའི་གཏེར་གནས་ཡིན་ཏེ། དེ་དུས་གཤེན་གྱི་བོན་སྡེ་ནི་གནས་དེར་ཆགས་ཤིང་སློབ་མ་བྲུ་ཞུ་སྤ་ཅོག་འཛི་རོང་མེ་ཉག་སོགས་འདུས་སྡེར་འཆད་ཉན་བཤད་སྒྲུབ་དར་རྒྱས་སུ་གྱུར་ཏེ་ད་ལྟ་ཡན་མི་ལོ་དགུ་བརྒྱ་བརྒྱད་ཅུ་སྐོར་འདས། གནས་དེར་དང་ཐོག་མ་ཡབ་མེས་བཀྲ་གསལ་ཀླུའི་རྒྱལ་པོ་ནས་བཟུང་གཤེན་སྲས་རྗེས་མ་བཟང་པོ་དཔལ་གྱི་བར་གདུང་རབས་བཅུ་བཞི་བར་གྱི་བསྟན་སྲིད་འཕེལ་རྒྱས་སུ་གྱུར་བ་དང་། ཕྱིས་རིམ་པར་བླ་བྲང་གཡས་རུའི་ཕྱོགས་སུ་འཕོས་ཤིང་ཕྱོགས་འདིར་ཇེ་དམས་སུ་གྱུར་ནའང་དེང་སྐབས་གདོང་ནག་ཏུ་རྟེན་གསུམ་དང་སྒྲུབ་ཁང་མཆོད་ཡོན་བཅས་མ་ཞིག་པར་ཡོད། དེའི་ཞལ་འཛིན་ནི་རི་ཞིང་ཞུ་ཚང་ནས་གནང་། མཚོ་རྔ་བྲག་གི་ཕུག་ཀེ་ཏུ་ཀར་བླ་མ་གཤེན་ཆེན་པོ་ཉིད་(རྐ་ཆེན་ལི་ཤོ་ཀ་ར་)བཞུགས་པའི་སྒྲུབ་གནས་ཏེ་གོང་བཞིན་བླ་རབས་ཁ་ཤས་སྒྲུབ་སྡེ་ཆགས་ཤིང་དར། གནས་དེ་ནི་བོན་གྱི་འདུ་གནས་སོ་བདུན་གྱི་ནང་གི་གནས་ཆེན་ཞིག་ཡིན་ཞིང་། ཕྱིས་སུ་རིམ་བཞིན་རྒུད། དེང་སྐབས་ཆོས་རྙིང་འཛིན་པའི་སྔགས་སྡེ་ཞིག་ཆགས་ཏེ་མ་སྟོང་ཙམ་སྣང་།།

གཤེན་སྲས་ཀླུ་དབང་རྣམ་དཀར་གངས་རི་ལས།།

འོངས་བའི་མཛད་འཕྲིན་གང་གའི་རྒྱུན་བཟང་མ།།

ལྷོ་ཡི་འབྲིག་ཡུལ་དབྱིག་འཛིན་མ་མ་ལས།།

འབབ་པའི་མཛད་བཟང་མཚོ་མོ་འདི་རུ་འཁྱིལ།།

གཤེན་གྱི་གདན་ས་གཙང་བོ་དོང་ཁ་ཡི་བོན་གནས་ནི་གཤེན་དམ་པ་རྒྱལ་ཚབ་༼༡༠༤༠-༡༡༣༩༽ལྕགས་སྟག་ལོར་འཁྲུངས། དམ་པ་རྒྱལ་ཚབ་ཀྱིས་ཞུ་སྒྲོལ་བ་གཤེན་རྒྱལ་དང་བྲུ་ཤ་ཁྱུང་གི་རྒྱལ་མཚན་གཉིས་ཀྱི་དྲུང་ནས་དོན་གྱི་གཞུང་ལུགས་མཐར་ཕྱིན་པར་སྦྱངས་པ་གནང་། རབ་བྱུང་དང་པོའི་ནང་བོ་དོང་ཁ་ཞེས་པ་རུ་བླ་བྲང་བྱུང་ཞིང་དགོན་པ་བཞེངས་ནས་བསྟན་པ་སྤེལ་བའི་ལོ་རྒྱུས་ཆགས་ཡོད། དེ་རྗེས་ལྷ་རྗེ་ཇོ་བཀྲ་དང་། སྲས་ནམ་མཁའ་རྒྱལ་མཚན་སོགས་ཀྱིས་རྟེན་བཞེངས་བཤད་སྒྲུབ་སྤེལ་ཏེ་དར་རྒྱས་སུ་གྱུར། དགོན་འདི་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་ནས་དུས་རབས་བཅུ་གསུམ་པའི་དུས་མགོ་ཙམ་ལ་བྱུང་བ་ཞིག་ཡིན། ཕྱིས་བཞུགས་མཁན་ཆེར་མ་བྱུང་བའི་རིམ་བཞིན་རྒུད་དུ་སོང་། དེང་གི་ཆར་གཡས་རུ་གཙང་སྟོད་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་བོ་དོང་ཚོན་སྐུ་འབུམ་གྲོང་ཚོའི་ཁོངས་སུ་གནའ་ཤུལ་དུ་ལུས་ཡོད། ཡིན་ན་ཡང་གནས་དེར་ད་ལྟ་ཡང་བོན་གྱི་ཆུ་མགོ་ཞེས་པ་དང་བོན་གྱི་ཞབས་རྗེས་ཞེས་པ་སོགས་མཇལ་རྒྱ་ཡོད་པ་ཡིན། གདན་ས་འཇེད་བཟུང་འོར་གྱི་ལྷ་ཁང་ནི་ལུང་ཟིན་གྱི་བླ་མ་དམ་པ། ཀ་དག་རྫོགས་པ་ཆེན་པོའི་གནས་ལུགས་ལ་རང་དབང་མངོན་དུ་གྱུར་པའི་གྲུབ་པའི་རྣལ་འབྱོར་ཆེན་པོ་གཤེན་སྟོན་ནམ་མཁས་བཞེངས་ཏེ་དུས་ཡུན་རིང་པོ་ཞིག་བཞུགས་མཁན་དང་སྒྲུབ་སྡེ་ཡོད་པར་གྲགས། (དགོན་དེ་གཉིས་ནི་བོད་རབ་བྱུང་དང་པོའི་སྨད་སྤྱི་ལོ་༡༠༨༦ནང་ཙམ་ལ་གཤེན་ཆེན་དེ་གཉིས་ཀྱིས་ཕྱག་བཏབས་ཞེས་བསྟན་རྩིས་ལས་གསུངས།)དེང་གི་ངམ་རིང་རྫོང་ཁོངས་ཆུ་འོག་ཤང་ཞེས་པ་ལྡོག་གཞུང་ལུང་པའི་ནང་མངའ་ཤུལ་དེ་ཡོད་པར་གྲགས། སྟོད་ཚ་མོ་ཁུད་ཀྱི་གདན་ས་ནི་དང་པོ་གཤེན་དམ་པ་རྒྱལ་ཚབ་བཞུགས། དེ་རྗེས་ལྷ་རྗེ་ཇོ་འབྲུག་བཞུགས་ཤིང་གདུང་རྒྱུད་རྒྱུན་ཆགས་ཀྱིས་རྟེན་གསུམ་དང་མཆོད་གནས་བཅས་ཕྱིས་ཀྱི་བར་དུ་ཡོད། གནས་དེ་ནི་ལྷ་རྩེ་རྫོང་ཁོངས་སུ་ཡོད་པར་གསུང་། ཕྱིས་རིམ་པར་གདན་ས་དར་སྡིངས་སུ་འཕོས་ཤིང་། གཞན་ཡང་དེ་དུས་བྱང་འབྲོག་ཏུ་རྩེ་ལྡིང་དགེ་རྒྱས་དང་། ས་དཀར་བོན་གནས། སྔ་ཚ་དགོན་པ། འདམ་སྙིང་དྲུང་དགོན་པ་ཡན། སྨད་ཀྱི་གནམ་མཚོ་སྐོར། བར་གྱི་རྟ་དྭང་སྐོར། སྟོད་ད་རོག་དབལ་རོང་ཕྱིན་བྱང་རྒྱུད་དང་། མདོ་སྨད་སྐོར་སོགས། ལྷོ་རྒྱུད་སྟོད་སྨད་བཅས་ལ་གཤེན་གྱི་དགོན་ལག་དྲུག་ཅུ་སྐོར་ཡོད་པར་གྲགས་སོ།།

གཤེན་སྟོན་ནམ་མཁའ་ལ་སོགས་ཉིན་མོར་བྱེད།།

ལོ་རྒྱུས་ཆུ་འཛིན་ལྟོ་རུ་རུམ་གྱུར་ཡང་།། 

རྗེས་མའི་རྣམ་དཀར་མཛད་བཟང་ཟླ་བ་ཡིས།། 

རང་རིགས་རྣམ་དཔྱོད་ཀུ་མུད་འབྱེད་དམ་སྙམ།།

དེའི་ནང་གི་གཙོ་བོའི་གདན་ས་ཆེན་མོ་ནི། གཤེན་གྱི་སྐྱེས་བུ་དམ་པ་ཁོང་རྣམས་ཀྱིས་བྱིན་གྱིས་རླབས་པའི་རྣམ་དཀར་འཕྲིན་ལས་ཀྱི་ཟློས་གར་ལས། རྗེས་མ་རྣམས་ཀྱི་ཐུགས་བསྐྱེད་ཀྱི་གོ་ཆ་བརྟན་པའི་འཁྲུངས་ཡུལ།  སྟོད་ཀྱི་གདན་ས་ཆེན་པོ་བྲུ་ཞུ་སྤ་རྨེའུ་སྤྱི་ཕུད་གཤེན་དང་ལྔའི་ཡ་གྱལ།  དཔལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་བརྒྱུད་འཛིན་དར་སྤེལ་བྱེད་སའི་ལྟེ་གནས། རིགས་རུས་ཕུན་སུམ་ཚོགས་པ་དམུ་རིགས་གཤེན་གྱི་གདན་ས་ཆེན་པོ་གཤེན་ཚང་བླ་བྲང་དང་། གསས་ཁང་གསེར་སྒོ་ཁྲ་མོ། རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེ་བཅས་གསུམ་ནི་ཞིང་མཆོག་དམ་པ་རྟག་གཟིགས་འོལ་མོ་ལུང་རིང་གསས་མཁར་བར་པོ་སོ་བརྒྱད་ནས་བྱིན་རླབས་འོད་ཟེར་དྲྭ་བ་འབྲེལ་བའི་གནས་མཆོག་ཞིག་ཡིན། །

གཉིས་པ། དམུ་རིགས་གཤེན་གྱི་གདན་སའི་གནས་ཀྱི་ཆགས་དབྱིབས།

  གདན་སའི་གནས་ཀྱི་ཆགས་དབྱིབས་ནི། འདྲེན་པ་མཉམ་མེད་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་གདུལ་ཞིང་འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེར་སོན་པའི་གངས་ལྗོངས་བོན་གྱི་ཞིང་ཁམས་ཞང་བོད་ས་ཡི་ཐིག་ལེ། ཁམས་གསུམ་འགྲོ་བའི་མ་མ་སྤྲུལ་བའི་སྐུ་མཆོག་དམུ་གཤེན་ཉི་མ་རྒྱལ་མཚན་གྱི་གདུལ་ཞིང་། སྤྱིར་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་བར་པ་གནས་ཆེན་རྟ་སྒོ་དང་དྭང་ར་ཁྱུང་རྫོང་གནས་ཀྱི་ལྷོ་རྒྱུད། བོད་ཡུལ་སྟོད་སྨད་བར་གསུམ་གྱི་ནང་ཚན། བར་དབུས་གཙང་རུ་བཞི་ཡི་ཡ་གྱལ་གཡས་རུ་འཇེད་གཞུང་ས་ཡི་ཐིག་ལེ། རྟ་ནག་དུང་ཕོར་ཞེས་གཏེར་སྟོན་གུ་རུ་རྣོན་རྩེའི་གཏེར་གནས་ཀྱི་ནུབ་རྒྱུད། འབྲིག་མཚམས་མཐའ་དཀར་ཞེས་སྤྲུལ་བའི་སྐུ་མཆོག་གཤེན་ཆེན་ཀླུ་དགའི་གཏེར་གནས་ཀྱི་བྱང་རྒྱུད། དེང་སྐབས་གཞིས་རྩེ་ས་གནས་ནས་ནུབ་བྱང་མཚམས་སུ་སྤྱི་ལེ་༨༡ཙམ་ཕྱིན་ན་དགེ་སྡིངས་སམ་བཞད་མཐོང་སྨོན་རྫོང་དུ་སླེབས། རྫོང་དེ་ནི་ཞིང་ཕྱུགས་ཚོང་གསུམ་གཉེར་མཁན་གྱི་ས་ཆ་ཞིག་ཡིན་ཞིང་ལྷག་པར་ལག་ཤེས་བཟོ་རིག་གི་ཐོན་ཁུངས་བཟང་བ། རྫོང་དེའི་མངའ་ཁོངས་སུ་ནང་པ་སངས་རྒྱས་པའི་ཆོས་ལུགས་གྲུབ་མཐའ་ཆེ་གྲས་ས་དགེ་བཀའ་རྙིང་གཡུང་དྲུང་བོན་སོགས་ཚང་མ་གནས་ཡོད། དགེ་སྡིངས་ཞེས་པའི་ས་དེར་གཤེན་སྲས་བདག་པོ་དཔལ་ལྡན་རྣམ་རྒྱལ་གྱིས་ཕྱག་བཏབ་མཛད་པའི་དགེ་སྡིངས་མངོན་དགའ་ཕོ་བྲང་ཞེས་པ་ཕྱིས་སློབ་དཔོན་ཆེན་པོ་བསྟན་པ་འོད་ཟེར་གྱི་སྐུ་དུས་ཀྱང་བསྒྲུབ་སྡེ་མ་ཉམས་པར་གནས་ཡོད་པ་དང་དེ་རྗེས་ནང་རྟེན་རྣམས་དར་སྡིངས་སུ་གདན་དྲངས་པར་གསུངས་རྒྱུན་འདུག གནས་དེ་ནི་ཨ་ཁྲིད་རྟོགས་ལྡན་ཉམས་བརྒྱུད་དང་རྫོགས་ཆེན་གདམས་རིགས་བརྒྱུད་པའི་སློབ་དཔོན་ཆེན་པོ་བོན་གྲོང་བསྟན་པ་འོད་ཟེར་དང་དགེ་སྡིངས་གནས་ནང་གི་བླ་ཆེན་བྱ་དུར་ཉི་མ་འོད་ཟེར་རྣམ་གཉིས་ཀྱི་འཁྲུངས་ཡུལ་ཡིན་ཞིང་། དེ་ནས་ལྷོ་ཤར་དུ་སྤྱི་ལེ་༦ཙམ་ཕྱིན་ན་དར་སྡིངས་སུ་སླེབས་ཀྱི་ཡོད་པ་དང་། དར་སྡིངས་ཞེས་མིང་གི་ཐོགས་ཚུལ་ཡང་བཤད་རྒྱུན་འདི་ལྟར་ཏེ། ད་ལྟ་གདན་ས་བོ་དོང་ཁའི་ལ་མགོར་ཞབས་རྗེས་ཞིག་ཡོད་པ་དེ་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱི་ཡིན་པ་དང་ཞབས་རྗེས་དེ་དར་སྡིངས་སུ་ཞལ་གཟིགས་ཏེ་འཇོག་གནང་ཡོད་ཁོང་གིས་ཞབས་གཡས་པ་རྡོ་ཕ་བོང་དེའི་སྟེང་བཞག་ཏེ་དར་ཁ་ནམ་མཁར་འཕངས་པས་དར་དེ་ཕུར་དེ་དགེ་སྡིངས་སུ་ལྡིང་སྐོར་ལན་གསུམ་བརྒྱབ་སྟེ་སླར་ཡང་དར་སྡིངས་སུ་ལྡིང་པས་དེ་ལྟར་“དར་ལྡིང་”ཞེས་མིང་ཆགས་ཚུལ་དུས་ལྟ་ཡང་ངག་རྒྱུན་དུ་བཤད་སྲོལ་འདུག་ཀྱང་གཞུང་འདིར་“དར་སྡིངས་”ཞེས་འབྲི་དགོས་དོན་ནི་གཤེན་གྱི་མཁས་གྲུབ་གོང་མ་རྣམས་ཀྱིས་གསུང་རྒྱུན་ལྟར་གཞུང་འདིར་ཆ་མཚོན་ན་གཤེན་གྱི་གདུང་རབས་གསལ་བའི་ཡིག་རྙིང་འདི་དང་བརྟེན་འགྱུར་ཆེན་མོ་ལས་དྲངས་པའི་གཤེན་ཉི་མའི་རྣམ་ཐར་སོགས་དང་། བརྡ་སྤྲོད་ཉེར་བདུན་ནང་གསལ་དང་། དེ་བཞིན་མཁས་གྲུབ་བསོད་བསྟན་གྱི་དག་བྱེད་དུང་དཀར་འཁྱིལ་དབྱངས་སོགས་སུ་“དར་སྡིངས་”ཞེས་པའི་ཚིག་སྒྲུབ་འདི་བྲིས་འདུག་པས་དེར་བདེན་དོན་གསལ་ཐག་ཆོད་ཞིག་ནི་ཡོད་ངེས་པས། འདིར་ཁོ་བོས་ཇི་བཞིན་དུ་འགྲེལ་པར་ཆ་འཇོག་མ་ཤེས་ཀྱང་། རང་ལུགས་དཔེ་རྙིང་འདི་དག་བཙན་པར་སྣང་བས་རང་སོར་བཞག་ཡོད། 

གཤེན་གྱི་གདན་ས་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེ་ནི། དང་ཐོག་མ་གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱིས་འབྱུང་ལྡན་ཉིས་བརྒྱ་དང་གྱ་བརྒྱད། སྤྱི་ལོའི་དུས་རབས་བཅུ་གསུམ་པའི་བོད་རབ་བྱུང་བཞི་པའི་ནང་ཕྱག་བཏབ་པ་ཞིག་ཡིན་ཞེས་སྐྱེས་ཆེན་དཔྱོད་ལྡན་རིམ་བྱོན་དང་རྒན་རབས་བླ་གྲྭ་རྣམས་ཀྱི་ཞལ་རྒྱུན་རྣ་བར་སོན་པ་དེ་ཡིད་ཡུལ་དུ་འཇགས་པ་ཅི་མཆིས་ཁོ་བོས་ཀྱང་ཕྱར་གྲུ་མཉམ་འདེགས་ཀྱིས་བསམ་སྦྱོར་དཀར་པོས་ཀུན་ནས་བསླངས་ཏེ་ཅུང་ཙམ་དཔྱད་པ་ན། དམ་པ་ཁོང་གི་རྣམ་ཐར་ནང་། དར་སྡིངས་གསེར་སྒོ་གཤེན་གྱི་གདན་ས་སོགས་དགོན་གནས་ཆེ་ཆུང་སུམ་ཅུ་སོ་གསུམ་བཏབ་ཅེས་པའི་ནང་གཤེན་གྱི་གདན་ས་རྩེ་རི་རྒྱལ་དགོན་འདི་ཉིད་ཚུད་འདུག་སྟེ། སྙན་རྒྱུད་ཀུན་བཟང་ཨ་སྐོར་ལས། རིལ་རྒྱལ་དགོན་རྩེའི་ཡང་དབེན་དུ། མཁན་ཆེན་བསོད་རྒྱལ་དཔལ་ལ་གསོལ་བ་འདེབས། ཞེས་གསུངས་པར་དཔྱད་ན་གཤེན་ཀུན་མཁྱེན་ཡེ་བློ་འདི་ཉིད་དགོན་འདིའི་ཕྱག་འདེབས་མཁན་དེ་ཡིན་པ་གསལ་པོར་མངོན། གཤེན་ཉི་མའི་རྣམ་ཐར་ནང་། དེ་ནས་གདན་སར་ཕེབས་ནས། རི་བོ་གླང་ཆེན་འགྱིང་འདྲའི་གནས་རི་རྒྱལ་དགོན་རྩེར་སྤྲུལ་པའི་གཙུག་ལག་ཁང་ཆེན་མོ་དང་བླ་བྲང་སྤེའུ་གཉིས་བཅས་ནོར་བུ་རྩེ་གསུམ་གྱི་ཚུལ་དུ་བཞེངས་ཞེས་པར་དཔྱད་ན་དམུ་གཤེན་ཉི་མ་རྒྱལ་མཚན་ཉིད་ཀྱི་གོང་དུ་རྟེན་གཞི་རི་རྒྱལ་དགོན་འདི་ཡོད་པ་ཤུགས་ལས་བསྟན། གཤེན་ཀུན་མཁྱེན་ཁོང་རང་གིས་མཛད་པའི་སྨན་གཞུང་ཞིག་ཡོད་པའི་མཇུག་གི་མཛད་བྱང་ནང་སྙན་ངག་ཚིག་རྐང་ཁ་ཤས་ཡོད་པ་ལས་ཤིང་བྱ་ལོར་རི་བོ་གླང་ཆེན་འགྱིང་འདྲའི་སྟེང་དབེན་གནས་སྐྲུན་སྐབས་སུ་སྦྱར་བ་དགེ་ཞེས་གསུང་པར་བརྟེན་དགོན་ཁྲི་བརྟན་ནོར་བུའི་རྩེ་འདི་ནི་གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཀྱིས་རབ་བྱུང་བཞི་པའི་ཤིང་བྱ་སྤྱི་ལོ་༡༢༢༥ལོར་ཕྱག་བཏབ་པར་ངོས་བཟུང་མཆོག་པ་ཞིག་ཆག་ཡོད། མཁན་ཆེན་བསོད་རྒྱལ་དཔལ་ཉིད་ནི་གཤེན་ཀུན་མཁྱེན་ཡེ་བློའི་རྗེས་མ་དེ་ཡིན་ཞིང་དེ་ནས་རིམ་བཞིན་མཁན་རབས་རིམ་བྱོན་རྣམས་ཀྱིས་བསྟན་པའི་བདག་པོ་ལྟར་འགྲོ་དོན་མཛད་དེ་མཁན་རབས་དྲུག་སོང་རྗེས་སུ། སྤྱི་ལོའི་དུས་རབས་བཅུ་བཞིའི་ནང་སྟེ། མཚན་བརྗོད་པར་དཀའ་བའི་སྐྱེས་བུ་ཆེན་པོ་དཔལ་གསང་མཆོག་མཐར་ཐུག་རྒྱལ་པོའི་ཐུགས་ཀྱི་སྤྲུལ་པ་དམུ་གཤེན་ཉི་མ་རྒྱལ་མཚན་མཆོག་བསྟན་དང་འགྲོ་བའི་དོན་དུ་བྱོན་ཏེ། བྱང་རྟ་སྒོའི་བརྒྱུད་ལ་འགྲོ་དོན་དུ་ཕེབས་སྐབས་དམུ་གཤེན་བསྟན་པའི་རྩ་བ་དགོན་འདི་གོང་འཕེལ་གཏོང་རྒྱུའི་དགོངས་པ་རྒྱ་ཆེར་བཞེས་པའི་སྐབས་ཤིག མ་མཆོག་སྲིད་པ་རྒྱལ་མོས་ཁོང་ལ་ལུང་བསྟན་འདི་ལྟར་གསུངས་ཏེ། བསྟན་པ་རྒྱས་པར་འདོད་གྱུར་ན། །སངས་རྒྱས་སྟོན་པའི་སྐུ་བརྙན་བཞེངས། །དེ་ཡི་འགལ་རྐྱེན་སེལ་ཕྱིར་དུ། །བར་ཆད་ལམ་སེལ་འབུམ་ཚར་སྒྲུབས། ཞེས་ལུང་བསྟན་པ་བཞིན་དམ་པ་ཁོང་གདན་སར་ཕྱིར་ཕེབས་ཏེ། དུས་རབས་བཅུ་བཞི་པའི་དུས་མཇུག་ཏུ་ཁོང་དགུང་ལོ་སུམ་ཅུའི་ནང་། བོད་རབ་བྱུང་བདུན་པའི་ལྕགས་ལུག་སྤྱི་ལོ་༡༣༩༡ཙམ་ནས་འགོ་བཟུང་སྟེ་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེ་ཕྱོགས་ཀུན་ནས་རྒྱ་ཆེར་གཏོང་གནང་བཞིན་སྤྲུལ་པའི་གཙུག་ལག་ཁང་ཆེན་དང་། བླ་བྲང་སྤེའུ་གཉིས་བཅས་ནོར་བུ་རྩེ་གསུམ་གྱི་ཚུལ་དུ་བཞེངས་པ་ནས་བཟུང། རིམ་བཞིན་འཕེལ་རྒྱས་སུ་ཕྱིན་པ་ཞིག་ཡིན། དེང་སྐབས་དགོན་འདིར་རླངས་འཁོར་ཤར་གཏོང་ཐུབ་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ལ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨྲིས་༤༢༧༥ཙམ་ཡོད་ཅིང་དེའི་རྒྱབ་རིའི་རི་བརྒྱུད་གཅིག་ལ་གཅིག་འབྲེལ་གྱི་ཇེ་མཐོ་ཇེ་མཐོར་སོང་སྟེ་རྩེ་མོ་གངས་དཀར་གྱི་ཀླུབས་ཅིང་བླ་མེད་རྫོགས་ཆེན་གྱི་རྩེ་རུ་ཆུབས་པར་དཔྱད།

གསུམ་པ། གནས་དེར་ཡོད་པའི་བཀའ་རྟགས་རང་བྱོན་རྣམས་བཤད་པ།

གནས་མཆོག་དེ་ཡི་ཉེ་འགྲམ་གྱི་རི་བྲག་ཆེ་ཆུང་མཐོ་དམའ་སྣ་ཚོགས་ལ་ཟབ་གཏེར་དང་བཀའ་རྟགས་རང་བྱུང་བསམ་འདས་ཞིག་ཡོད་པ་དང་། ཕྱོགས་བཞིར་དུར་ཁྲོད་བཞི་དང་། དམུ་གཤེན་ཉི་མ་རྒྱལ་མཚན་གྱི་མི་འགྱུར་བཀའ་རྟགས་ཞབས་རྗེས་བཞི་མཚམས་བཞིར་རི་ཁྲོད་ཆེན་པོ་བཞི་དང་། སྒྲུབ་གནས་བཞི་བཅས་ཡོད་པ་ལུང་ལས་གསུངས་ཏེ། དེ་ཡང་རྣམ་འདྲེན་རྒྱལ་བ་གཤེན་རབ་མི་བོ་མཆོག་བོད་ཡུལ་དུ་ཞབས་ཀྱི་བཅགས་སྐབས་སུ། གནས་འདིར་བྱིན་གྱིས་རླབས་པ་དང་ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་མདོ་སྔགས་སེམས་གསུམ། སྒོ་བཞི་མཛོད་ལྔ། ཐེག་པ་རིམ་དགུ། བོན་སྒོ་བརྒྱད་ཁྲི་བཞི་སྟོང་སོགས་དུས་དང་རྣམ་པ་ཀུན་ཏུ་དར་ཞིང་རྒྱས་པའི་ཐུགས་སྨོན་མཛད་སའི་གནས་མཆོག་ཁྱད་པར་ཅན་ཞིག་ཡིན། དེར་བརྟེན་འགྲོ་ཀུན་རྫོགས་བྱང་ཐོབ་ཆེད་དུ་ཚོགས་བསགས་སྒྲིབ་སྦྱངས་ཀྱི་རྟེན་སྐལ་དུ་བཞག་པའི་སྒྲུབ་གནས་ཁྱད་འཕགས་ཅན་མང་པོ་ཞིག་ཡོད་པ་ལས། ཤར་དུ་བྲག་རི་སྨུག་པོ་རྒྱལ་ཆེན་འགྱིང་བའི་སྲོལ་གྱིས་བརྗིད་ཆགས་པ་དབལ་དཀར་གཏེར་ལུང་མེ་ཤེལ་ཟེར་བ་ལ་ཟབ་གཏེར་སྣ་ཚོགས་ཡོད་པ་དང་། རལ་ཐུལ་སྒྲུབ་ཕུག་ཅེས་གཤེན་ཚང་གི་སྲས་མོ་རབ་བྱུང་མ་ཞིག་ཚེ་གཅིག་ལ་སྒྲུབ་ཕུག་དེའི་ནང་མུན་མཚམས་བསྒྲུབས་པ་བཞུགས་པ་ལ། དབུ་རལ་ལུས་ལ་ན་བཟའ་བཞིན་བཞེས་ཡོད་པར་བརྟེན། གཤེན་སྲས་རལ་ཐུལ་སྒྲུབ་ཕུག་ཅེས་པ་ཡོད། དེའི་མདུན་དུ་དམུ་གཤེན་ཉི་མ་རྒྱལ་མཚན་གྱི་ཞབས་རྗེས་ཡོད་པ། བྱང་དུ་རྟ་རི་ཟེར་བའི་རི་བོ་དར་དཀར་གྱི་ཡོལ་བ་ཤར་དུ་འཐེན་པ་འདྲ་བ་དེའི་སྟེང་དུ་གཤེན་ཉི་མའི་ཞབས་རྗེས་ཡོད་པ་དང་རི་རྒྱུད་བྱང་ཤར་རྟ་ནག་འཇི་ལ་དང་འབྲེལ་ཏེ་གངས་རི་མཐོ་ཞིང་བརྗིད་ཆགས་བཀོད་པ་མཛེས་པ། ནུབ་རི་ནི་རི་གཅིག་ཟེར་བ་དངུལ་དཀར་གྱི་མཎྚལ་བཀོད་པ་འདྲ་བ་གླིང་བཞི་གླིང་ཕྲན་ཕྱི་ནང་འདོད་ཡོན་དང་བཅས་པ་གཤེན་གྱི་གཙུག་ལག་ཁང་གནས་ཆེན་གསེར་སྒོ་ཁྲ་མོ་དང་། དགོན་ཁྲི་བརྟན་ནོར་གླིང་ལ་འབུལ་བའི་ཚུལ་དུ་ཡོད་ཅིང་རི་དེའི་སྟེང་གཤེན་ཉི་མའི་ཞབས་རྗེས་ཀྱང་ཡོད། ལྷོ་རི་ནི་དར་སྨུག་གི་ཡོལ་བ་ནུབ་ལ་འཐེན་པ་འདྲ་བ་ཁ་མདོག་ནི་ཤིན་ཏུ་སྣུམ་ཞིང་དྭངས་བ་ཞིག་ཡོད་པ་དེའི་སྟེང་གཤེན་ཉི་མའི་ཞབས་རྗེས་ཡོད་པ། དགོན་དེ་ཡི་ཤར་རྒྱབ་རིའི་ཚུལ་དུ་གནས་པ་རི་ཁྲོད་སྨིན་གྲོལ་བདེ་གླིང་ཞེས། གཤེན་ཚེ་དབང་བསོད་ནམས་བསྟན་རྒྱལ་གྱིས་འཁོར་འདས་ཀྱི་བསྡུས་པའི་བོན་ཐམས་ཅད་སྟོང་ཞིང་བདག་མེད་དུ་རྟོགས་ཤིང་སྲིད་བདེ་ཀུན་སྒྱུ་མར་མཁྱེན་ཅིང་། གསང་སྔགས་ཀྱི་ཡི་དམ་ཕལ་ཆེར་གྱི་བསྙེན་བསྒྲུབས་མཛད་ཅིང་ལྷ་ཞལ་འཁུམས་གནས་དང་། བླ་བརྒྱུད་གོང་མའི་ཞབས་རྗེས་ཡོད་པ་རྒན་རབས་རྣམས་པས་མཐོང་ཆོས་སུ་གྱུར་ཡང་དེང་དུས་མཇལ་བར་དཀའ། དེ་གཉིས་ཀྱི་བར་ན་འགྲོ་ཀུན་མཐོ་རིས་གོ་འཕང་བགྲོད་པའི་གླིང་བསྐོར་ལམ་གོང་ཉག་ལ་ཞེས་པ་ཡོད་པ་དང་། གཙང་ཁྲིམས་སྡོམ་གསུམ་བསྟན་པ་དར་བ་དང་། ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པའི་ཕྱིར། དེ་ཡི་ཉེ་སར་དམུ་གཤེན་ཉི་མ་མཆོག་གིས་བྱིན་རླབས་པའི་དུར་ཁྲོད་སྨིན་གྲོལ་བྱ་བ་ཡོད། རིག་འཛིན་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་རྒྱུན་དུ་ཚོགས། ཐོད་པ་བོར་ཚད་བྱང་ཆུབ་ལམ་ལ་འཁོད་ཅེས་དང་། གཏེར་ཆུ་རྩེའི་ཆུ་མིག་ཅེས་ཡན་ལག་བརྒྱད་ལྡན་གྱི་ཡོན་ཏན་དངོས་སུ་ལྡན་ཞིང་བདུད་རྩི་སྨན་གྱི་དགོས་འདོད་ཚང་བའི་ཆུ་མིག་དྭངས་ཁྲོལ་ཁྲོལ་དུ་འབབ་པ་ཀླུ་རྒྱལ་གཙུག་ན་སོགས་ཀྱི་བཞུགས་ཁང་ཁྲ་དཔུང་ངེར་གནས་པ། དགོན་དེའི་གཡས་རྒྱབ་ཕྱོགས་སུ་སྐྱིད་གཤོངས་ཞེས་པའི་ལྷ་སྡེ་ན་གཤེན་ཁག་གཉིས་སུ་སོང་བའི་གཤེན་ལྷུན་གྲུབ་དཔལ་བཟང་དང་། ལྷུན་གྲུབ་རྒྱ་མཚོ་སོགས་ཀྱི་བླ་བྲང་ནང་། མཛད་པ་བཅུ་གཉིས་ཀྱི་ཞིང་བཀོད་གཟི་འོད་འབར་བ་དང་། གཞན་ཡང་བྱམས་མ་རིགས་ལྔ། སྲིད་རྒྱལ་དྲེའུ་དམར་སོགས་ད་ལྟ་ཡང་མཇལ་རྒྱུ་ཡོད།།

ལྷུན་གྲུབ་ཕོ་བྲང་དུ་བཞུགས་སྟོན་པའི་མཛད་རྣམ་སོགས།།

ཀུན་དགའ་ཕུན་ཚོགས་དབང་གིས་བཀོད་པའི་རིན་ཆེན་ཕྲེང་།།

བློ་ལྡན་གཟུར་གནས་མཁས་རྣམས་དགྱེས་པའི་དགའ་སྟོན་དུ།།

ཟད་མེད་ནོར་བུའི་བང་མཛོད་ཡོངས་སུ་གཏམས་འདི་རྨད།།

ཅེས་དང་བྱང་ཤར་ན་གངས་དཀར་རི་ཁྲོད་ཅེས་པ་ཡིད་འོང་མཛེས་སྡུག་ས་འཛིན་དཀར་པོའི་མདངས་ཅན། དབེན་ཞིང་ཉམས་དགའ་ལ་ཡ་མཚན་རི་དྭགས་སྣ་ཚོགས་ཀྱིས་རྩེད་འཇོའི་རྣམ་དཔྱོད་འབུམ་ཕྲག་གཡོ་བ་དང་དཔྱིད་ཀྱི་ཕོ་ཉའི་མགྲིན་གླུ་སྙན་ཞིང་འཇེབས་པ་བཅས་ཀྱི་བསྒྲུབ་གནས་དེར། སྐྱེས་ཆེན་དམ་པ་ནམ་མཁའ་ཚུལ་ཁྲིམས་དང་། མཁས་གྲུབ་བསོད་ནམས་བསྟན་རྒྱལ་ཞེས་ཤ་རི་དབུ་ཆེན་གྱི་སྤྲུལ་པ་ཡིན་ཞེས་སྲིད་པའི་ཁ་བྱང་ལས་གསལ་བ་དང་། དམ་པ་ཁོང་གི་བསྒྲུབས་གནས་ཡོད་པ། བྱང་ནུབ་ཏུ་སྨན་སྐྱོང་ཞེས་པ་གཤེན་ཉི་མ་དང་གཤེན་སྟོན་མི་འགྱུར་གཙུག་དབང་། མཁས་གྲུབ་ཐོས་པ་རང་གྲོལ་ལ་སོགས་ཀྱིས་དུར་ཁྲོད་ལྷ་སྲིན་སྡེ་བརྒྱད་དང་འགོང་པོ་རྣམས་དམ་ལ་བཏགས་ནས་དབང་དུ་འདུས་གནས་ཀྱི་དུར་ཁྲོད་བྱིན་ཅན་ཞིག་ཡོད་པ། དེའི་ཟུར་དུ་སྒྲུབ་གནས་སྤེལ་ཕུག་པ་ཞེས་པ་ཞིག་ཡོད་པར་གྲགས་ཀྱང་དེང་དུས་རྩིག་རྨང་ཙམ་ལས་མི་འདུག དམུ་དབང་མཆོག་གི་གསུང་ཁག་ཅིག་གི་མཛད་བྱང་ནང་སྨན་སྐྱོང་གཉན་ཁྲོད་དུ་བསྒྲུབ་པའི་བར་སིང་དུ་སྦྱར་ཞེས་གསུངས་པར་བསམས་ན་ཕུག་པ་དེ་ཡང་བྱིན་བརླབས་ཅན་ཞིག་ཡིན་པ་ཡང་མངོན་ཐུབ། ལྷོ་ཤར་དུ་རི་ཁྲོད་ཉམས་དགའ་སྤང་ཁང་དགོན་གནས་ཞེས་པའི་སློབ་དཔོན་ཀུན་དགའ་རྒྱལ་མཚན་སོགས་ཀྱི་སྒྲུབ་གནས་རི་བྲག་ཤིན་ཏུ་མཐོ་ཞིང་བརྗིད་ཆགས་ཡིད་དུ་འོང་བ་རྩེ་མོ་ཨ་སྔོན་དབྱིངས་སུ་རེག་པ། དེའི་འཁྲིས་སུ་ཕུ་མོ་ཆེ་ཞེས་པའི་སྒྲུབ་ཕུག་ནང་ཡིག་འབྲུ་ཀ་ཁ་ཆ་ཨ་སོགས་རང་བྱུང་དུ་མཇལ་རྒྱུ་ཡོད་པ། དེ་ནི་བླ་ཆེན་པོ་དྲན་པ་ནམ་མཁའ་དང་ཚེ་དབང་རིག་འཛིན་ཆེན་པོས་བྱིན་གྱིས་བརླབས་པའི་སྒྲུབ་གནས་དང་གཤེན་སྟོན་གཡུང་དྲུང་བསྟན་དབང་ལ་སོགས། བླ་རབས་གོང་མ་རྣམས་ཀྱི་སྒྲུབ་གནས་བྱིན་ཅན་ཞིག་ཡིན་ཞིང་། གནས་དེར་རྣལ་སྦྱོར་གྱི་ཉམས་དང་རྟོགས་པ་ལྷག་གིས་འཕེལ་ས། མེ་ཏོག་སྣ་ཚོགས་རྒྱན་ཕྲེང་ཡོངས་འདུར་འགྲེམས་ཤིང་རྩི་བཅུད་ཀྱི་ཉིང་ཁུ་ཟླ་ཉིའི་སྒྲོན་མར་གསལ་བས་དཔྱིད་གསུམ་གྱི་མཛེས་སྡུག་ངོམ་ཞིང་ཁུ་སིམ་མེར་གནས་པ། །

སྔོན་བྱོན་མཁས་པའི་ཚོགས་གཉིས་རྒྱ་མཚོ་ལས།།

རྣམ་གྲོལ་ཀུན་ཏུ་གསལ་བའི་འཇིག་རྟེན་མིག།

སྲ་བརྟན་བྲག་ལ་རང་བརྡོལ་ཀ་ཕྲེང་གཟུགས།།

སྒྲུབ་པའི་ཕུག་ཏུ་དགེ་བའི་ས་བོན་བསྐྲུན།།

ཞེས་དང་གནས་མཆོག་དེ་རྣམས་ཀྱི་ལུང་མདོ་རུ་ཅོ་རོ་ཞེས་པའི་ལྷ་སྡེ་ཡོད་པ་དེའི་འཁྲིས་སུ། སྔགས་ཆེན་ཝ་མགོས་མཐུ་རྟགས་སུ་འབྲོང་ཤིན་ཏུ་ཆེ་བ་ཞིག་ཡོང་ནས། ལུང་མདོ་ནས་གསེར་སྒོ་ཁྲ་མོ་མཐོང་བ་དང་། རྡོ་དམར་གྱི་ཕ་བོང་ཟན་བཞིན་བརྫིས་པའི་རྗེས་ཡོད་པ་དང་། དེའི་རྩར་དམུ་གཤེན་ཉི་མ་མཆོག་གིས་ང་ལ་ཁོའི་མཐུས་ཚུགས་པར་མི་འགྱུར་ཀྱང་། བསྟན་པའི་དགྲ་བགེགས་མ་བསྒྲལ་ན། གཤེན་གྱི་རིགས་རྒྱུད་ལ་ཕུགས་ཆར་གནོད་པ་ཙམ་འོང་གསུངས་ནས་འབྲོང་དེ་བསྒྲལ་འདྲེན་དུས་གཅིག་ཏུ་མཛད་པ་དང་། དེའི་ཁ་གནོན་དུ་ས་དེར། རྡོ་དཀར་སྟེང་ཞབས་རྗེས་བཞག་གནང་ཡོད་པ་ད་ལྟ་ཡང་སེབ་བྲག་ཅེས་པའི་བྲག་དམར་གདོང་ཟུར་ཕྲག་པ་ལྟར་རྣོ་བའི་མདུན། བྱང་དུ་རྐང་ལམ་ཕྲ་མོ་དང་ལྷོ་རུ་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་གཉིས་ཀྱི་བར་ན་ལོ་ཟླའི་རླུང་འཚུབ་ཀྱིས་བསུབ་མི་ཐུབ་ཅིང་དུས་ཀྱི་ཆར་ཆུ་ཡིས་འཇིག་མི་ནུས་པར་དམུ་དབང་མཆོག་གི་བཀའ་རྟགས་ཞབས་རྗེས་གསལ་ལེར་མཇལ་རྒྱུ་འདུག གསེར་སྒོ་ཁྲ་མོའི་ཉེ་འགྲམ་བྱང་ངོས་སུ་གནོད་པའི་བགེགས་ལོག་པའི་བདུད་སྲིན་ལ་སོགས་ཁ་གནོན་ཆེད་གཤེན་ཉི་མ་རྒྱལ་མཚན་གྱིས་བཞེངས་བཀོད་མཛད་པའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་སྐུ་འབུམ་བཀྲ་ཤིས་མཐོང་གྲོལ་ལྷ་ཁང་ཞེས་པ་ཡོད། མཆོད་རྟེན་དེའི་གནོད་སྦྱིན་བང་མཛོད་ནང་ལྷ་ཁང་བཞི་དང་ཕྱོགས་བཞིར་སྒོ་བཞི། མཚམས་བཞིར་ཚ་ཁང་བཞི་རེ་ཡོད་ཅིང་ཚ་ཁང་ནང་སྭཙྪ་དང་མང་ཆེ་བ་ནི་ཀུན་བཟང་ཨ་སྐོར་གྱི་སྐུ་འདྲ་བཞུགས་འདུག སྤྱིར་ལྷ་ཁང་དེ་ཚོའི་རྟེན་མང་ཆེ་བ་ནི་སྨན་སྐུ་ཡིན་པ་དང་སྟེང་འོག་ཚང་མ་སྡོམ་པའི་སྐུ་འབུམ་གཅིག་ཡོད་པར་བརྟེན་སྐུ་འབུམ་མཐོང་གྲོལ་ལྷ་ཁང་ཞེས་སུ་གྲགས། སྐུ་འབུམ་མཆོད་རྟེན་འགྲམ་དུ་གཤེན་མཁས་གྲུབ་ཀྱི་གཟིམ་ཤག་ཁང་མིག་ཁ་ཤས་ཡང་ཡོད་འདུག།

མཐའ་བསྐོར་ཐུགས་བསྐྱེད་ཡངས་པའི་ས་བོན་དུ།།

དབུ་སྐྲ་གཏོར་བས་ལྗོན་དབང་ཁུར་དུད་ཅིང་།།

ཤིང་འབྲས་ཡལ་གའི་མེ་ཏོག་རྣམ་པར་བཀྲ།།

བསྟན་དང་འགྲོ་བའི་བསོད་ནམས་དཔལ་དུ་བཞད།།

       ཅེས་དང་ཁྲི་བརྟན་ནོར་བུ་རྩེའི་གཡོན་ཟུར་ན་དགོན་གསར་རི་ཁྲོད་ཅེས་པ་བཙུན་མའི་སྒྲུབ་གནས་ཤིག་དང་། ལྷོ་རུ་འབྲས་དཀར་སྤུངས་འདྲའི་སྒྲུབ་གནས་ཅེས་པ་བཙུན་མའི་དགོན་ཆུང་ཞིག་ཡོད་པ་དེ་གཉིས་ཀྱི་དགོན་བདག་ནི་གཤེན་ཚང་ནས་གནང་གི་ཡོད། ནུབ་ཏུ་རེས་ལྔ་ཞེས་པ་གྲུབ་ཐོབ་ཆེན་པོ་སྐལ་ལྡན་གཟུགས་སྟོན་སོགས་ཀྱི་སྒྲུབ་གནས་དང་། ལྷ་རྗེ་བ་ར་སྒོམ་པོའི་སྒྲུབ་གནས་གླང་ར་གད་ཁའི་གཞལ་ཡས་ཁང་། གུར་སྒོམ་སྒྲོལ་པོའི་སྒྲུབ་གནས་ཁ་མོ་ཝ་འབྲང་གི་དགོན་པ། གཤེན་སྟོན་གཙུག་ཕུད་འོད་ཟེར་གྱི་སྒྲུབ་གནས་མངོན་དགའ་གཤེན་གྱི་ཕོ་བྲང་སོགས་སྒྲུབ་གནས་འདི་རྣམས་ནི་ཅུང་སྔ་ཙམ་ལ་བྱུང་བ་ཞིག་ཡིན་པ་འདྲ། གང་ཡིན་ཟེར་ན་གཡས་རུའི་འདུ་གནས་ཆེན་པོ་སོ་བདུན་གྱི་ནང་ཚན་འཇེད་ཀྱི་རྐྱང་འཁོར་ཞེས་པ་ཡང་དར་སྡིངས་ཞེས་པའི་ཡུལ་ལུང་འདིའི་ནང་ཡིན་པ་སློབ་དཔོན་རིན་པོ་ཆེ་བསྟན་རྣམ་གྱིས་བོད་ཡུལ་གནས་ཀྱི་ལམ་ཡིག་གསལ་བའི་དམིགས་བུ་ལས་གསུངས་འདུག་པ་ནི་སྒྲུབ་གནས་འདི་རྣམས་གང་རུང་ཞིག་ཏུ་ཡིན་པ་སོགས་ངོ་མཚར་ཁྱད་དུ་འཕགས་པའི་ས་གནས་དམུ་རིགས་གཤེན་གྱི་གདན་ས་ཆེན་པོ་འདིར། སྤྱིར་རྟག་གཟིགས་འོལ་མོ་གླིང་དང་མཁའ་སྤྱོད་བདེ་བ་ཆེན་པོ་སོགས་ནས་འོད་ཟེར་གྱི་ཉག་ཐག་མ་ཆད་པར་དྲྭ་བ་ལྟ་བུ་འབྲེལ་ཡོད་པས་ཞིང་འདིར་མཆོག་གསུམ་ལྷ་ཚོགས་རྣམས་ཀྱི་ཐུགས་རྗེའི་ཆར་རྒྱུན་རྟག་པར་འབབ་ནས་གདུལ་བྱ་རྗེས་སུ་བཟུང་བའི་གནས་མཆོག་གི་སྒྲུབ་སྡེ་འདི་ལ་བསྒྲུབ་པ་བསྐྱལ་བ་ཅི་སྨོས། ཕྱི་དར་བསྟན་པའི་གཙོ་བོ་སྤྲུལ་བའི་སྐུ་མཆོག་གཤེན་ཆེན་ཀླུ་དགའ་ལ་སོགས་རྒྱལ་བ་གཤེན་གྱི་བླ་མ་སྐྱེས་ཆེན་གོང་མ་རྣམས་ཀྱིས་བྱིན་རླབས་འོད་ཟེར་འཕྲོ་བ་མ་ཟད། གཤེན་གྱེར་རྨ་དབྱིལ་ལ་སོགས་ལུང་གི་ཟིན་པའི་གཏེར་ཆེན་རྣམས་དང་། བྲུ་ཞུ་སྤ་རྨེའུ་ཁྱུང་དང་ཞིག་པོ་ལ་སོགས་གདུང་འཛིན་ཁག་དང་། རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོ་ལ་སོགས་མཁས་གྲུབ་དམ་པ་བརྒྱུད་འཛིན་དང་བཅས་པ་རྣམས་ཀྱི་སྒྲུབ་གནས་ཁྱད་པར་ཅན་འདི་རྣམས་ལ་ཚང་མས་འབྲེལ་བ་བཞག་སྟེ་བསྒྲུབ་པ་མཛད་པ་དང་། མངའ་གསོལ་བ། རབ་ཏུ་གནས་པ། བྱིན་གྱིས་བརླབས་པ་སོགས་མཛད་ནས་གནས་ཆེན་འདིར་མཁས་གྲུབ་གོང་མ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྟོད་བསྔགས་མེ་ཏོག་ཡང་ཡང་འཐོར་བར་མཛད་དོ། གནས་དེར་ད་ལྟའི་ཆར་ཡང་གཤེན་ཚང་གི་གདུང་རྒྱུད་གསེར་རིའི་ཕྲེང་བ་ལྟར་དུ་གྲོལ་བ་ལས། སྐུ་འཚོ་བཞུགས་གནང་བའི་བོན་གྱི་༧སྐྱབས་རྗེ་གཤེན་སྲས་ནོར་བུ་དབང་གི་རྒྱལ་པོ་རིན་པོ་ཆེ་ཡབ་སྲས་རྣམས་ཀྱི་བར་དུ་རྒྱུད་པའི་ཟམ་མ་ཆད་པར་རང་ཅག་ལྷ་མི་ཀུན་གྱི་བསོད་སྐལ་དུ་བཞུགས་ཡོད། དེས་ན་གདུད་རྒྱུད་ཀུན་གྱི་གཙོ་བོ་གཤེན་ཚང་ལ་བྱེད་དགོས་དོན་གཅིག་ནི་སྟོན་མཆོག་རྒྱལ་བ་གཤེན་རབ་ཀྱི་གདུང་ལས་གྲོལ་བ་དང་། གཉིས་སུ་བོན་བསྟན་ཕྱི་དར་གྱི་སྐབས་སུ་བྲུ་ཞུ་སྤ་རྨེའུ་ཁྱུང་སོགས་བོན་པོ་ཡོངས་རྫོགས་གིས་གདམས་རྒྱུད། བླ་མ་གཤེན་ཆེན་ཀླུ་དགའ་ལ་གཏུག་པ་མ་ཚད་གྲྭ་ས་ཡ་བཞི་གྱེས་སའི་གཞི་མ་ཡང་གཤེན་དར་སྡིངས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་གནས་དེ་གཙིགས་ཆེར་འཛིན་པ་ཡིན་ཞེས། མཁས་དབང་དུ་མས་མགྲིན་གཅིག་ཏུ་གསུངས་འདུག གཞན་ཡང་གནས་དེར་འདུས་སྡེ་རྒྱ་མཚོའི་དབུས་ན་ཨུ་དཔལ་གྱི་མེ་ཏོག་ལྟར་ཀུན་ལས་འཕགས་པ་འདུལ་རྒྱུད་འཛིན་པའི་མཁན་རབས་བརྒྱུད་པ་དང་། མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཀུན་ལ་རབ་འབྱམས་དགེ་བའི་བཤེས་གཉེན་མཚན་གྱི་ཅོད་པན་འཆང་བ་གཤེན་མཁས་རིམ་བྱོན་ལ་སོགས་ཀྱི་རྒྱུད་པའི་ཟམ་མ་ཆད་བྱིན་རླབས་ཀྱི་ན་བུན་མ་ཡལ་བའི་གནས་ཞིག་ཡིན་སྟབས། མོས་གུས་ཡིད་ཆེས་རབ་ལྡན་པས། གང་མཇལ་ཐར་པའི་ལམ་སྣེ་ཟིན། གང་བསྒྲུབ་རིག་འཛིན་གྲལ་དུ་འཁོད། གཡུང་དྲུང་བསྟན་པའི་རྒྱལ་མཚན་འཛུགས། བསྟན་འགྲོར་སྨན་པའི་ཕྲིན་ལས་འབྱུང་། ཞེས་སོགས་གསུངས་པ་ལྟར་དབུས་ཀྱི་ཞིང་ནོར་བུ་དགའ་བྱེད་ཀྱི་གླིང་ཆེན་དུ་བོན་བསྟན་ཉི་མ་འགྲོ་བའི་མཁར་ཤར་ནས་རྫོགས་ལྡན་སྣང་བའི་དྲོ་སྐྱིད་ཤར་བའོ། །

སྨྲས་པ།

ངོ་མཚར་རིན་ཆེན་གཟི་ཡི་ཕྲེང་བ་དམུ་ཡི་གདུང་རབས་རིམ་བྱོན་དང་།།

འཇིག་མེད་གདོང་ལྔའི་ཁྲི་ལ་འགྱིང་པའི་རྩེ་ཡི་མཁན་རབས་རིམ་བྱོན་དང་།།

རྣམ་དཔྱོད་རིག་པའི་རྩལ་ཆེན་རྫོགས་པའི་གཤེན་གྱི་མཁས་གྲུབ་རིམ་བྱོན་བཅས།།

བཀའ་ཐུབ་བརྩོན་པའི་གྲུབ་བརྙེས་མང་བྱོན་གཏམ་རྒྱུད་ཕྲེང་བ་བརྗོད་ལས་འདས།།

འབྱུང་བཞིར་དབང་བསྒྱུར་རྫུ་འཕྲུལ་ཐོཊ་མེད་གཤེན་སྲས་མཚན་དཔེ་གཞོན་ནུའི་སྐུ།།

བརྗོད་ཀྱིས་མི་ལངས་སྐུ་གསུང་ཐུཊ་རྟེན་གཟུར་གནས་དགྱེས་པའི་དགའ་སྟོན་བཤམས།།

དཔེ་ཡི་མི་མཚོན་སྲ་བརྟན་བྲག་ལ་ཞབས་རྗེས་བསྟན་པའི་ཆེ་བར་བཞག།

བསམ་གྱིས་མི་ཁྱབ་ལྷག་བསམ་ཟླ་གཞོན་གསར་བའི་རང་མདངས་འཕྲིན་ལས་རྫོཊ།།

བརྟ༵ན་ཞིང་བརླིང་བའི་ཁྲི་བརྟ༵ན་ནོར་གླིང་བརྟ༵ན་བཞུགས་ནོར་བུའི་ཚུལ་དུ་བཏེཊ།།

དར༵་སྡིངས་ཕུ་ཆུའི་བཞུར་རྒྱུན་དར༵་དཀར་ཚུལ་དུ་དར༵་སྡིངས་གཞུང་དུ་བསྣར།།

གཤེན་སྲས་འཁྲུངས་ཡུལ་གཤེན་གྱི་བླ་བྲང་གཤེན་བསྟན་གནས་སུ་ཡོན་ཏན་གཏེར།།

གཤེན་གྱི་གདུང་འཛིན་གཤེན་ཚང་ཡབ་སྲས་གཤེན་བསྟན་འཛིན་པའི་དཔལ་དུ་བཞད།།

ད་དུང་དེ་ཡི་བརྒྱུད་འཛིན་བསླབ་གསུམ་འདུས་སྡེ་ལྗོན་པའི་རྩ་བ་བརླན།།

བརྒྱུད་པ་དེ་ལྡན་ཐོས་བསམ་སྒོམ་པ་བསིལ་ལྡན་ཡངས་པའི་འདབ་མ་སྨིན།།

ངོ་མཚར་དཔལ་གྱི་ཆ་ཙམ་རྟོགས་པ་དར་སྡིངས་ཞེས་གྲགས་ཡིད་ལ་འབབ།།

དེ་ལྟར་གནས་ཀྱི་བྱུང་བ་མདོ་ཙམ་གཤེན་བཙུན་ཉི་འོད་མིང་གིས་སྤེལ།།

(སྤྱིའི་གཟིགས་གྲངས། 253 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༸གསང་གསུམ་…
error: རྩོམ་འདི་བདག་དབང་ཅན་ཡིན།