ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་བསྟན་དར་རྒྱས་གླིང་གི་སྒོམ་གྲྭ་ཐེངས་གཉིས་པའི་མཐར་ཕྱིན་མཛད་སྒོ་དང་འབྲེལ་བའི་གནས་ཚུལ།

༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་སྒོམ་གྲྭའི་བཅའ་གཞི་གཏན་འབེབ་གནང་སྟེ། བོད་ས་གླང་ལོའི་བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་(2009-09-04)ནུབ་གླིང་གི་ཁུལ་དུ་གཡུང་དྲུང་བོན་གྱི་སྒོམ་གྲྭ་ཐོག་མ་དབུ་ཚུགས། བཅའ་གཞི་སྒྲིག་བཀོད་ནི་བོན་གྱི་གཙོ་གནད་རྫོགས་ཆེན་སྡེ་བཞི་ལས་ཐོག་མར་བྲུ་ཡི་ཨ་ཁྲིད་རྫོགས་པ་ཆེན་པོའི་ཁྲིད་དང་ལུང་། ཉམས་ལེན་བཅས་གཙོ་གནད་དུ་བཟུང་ནས་ཨ་ཁྲིད་བླ་མ་རྒྱུད་པའི་རྣམ་ཐར་དང་མཛད་པ་ཕྱག་ལེན་རྣམས་ཁ་བཤད་ཙམ་མ་ཡིན་པར་ཉིན་ལྟར་བསྟར་ཆགས་སུ་སློབ་ཁྲིད་བསྐྱང་རྒྱུ་དང་། ཉམས་ལེན་གནང་རྒྱུ། བསགས་སྦྱང་ཞུ་རྒྱུ་བཅས་ཀྱི་སློབ་གཞིའི་དུས་བསྟུན་རེའུ་མིག་གཏན་འབེབ་གནང་ནས་སྔར་སྲོལ་རྒྱུན་སྐྱོང་གི་མཛད་བཟང་བཀའ་དྲིན་བསྐྱངས།

༡༽ ཐོག་མར་དད་ལྡན་སློབ་མ་སུམ་ཅུ་ཙམ་ལ་གོ་སྐབས་ཕུལ་ནས་དགེ་སློབ་རྣམས་ཉིན་ཞག་མ་བརྒྱ་ཡི་རིང་བཅར་རྒྱར་བཞུགས་པ་དང་། དེའི་རིང་མཁན་པོ་རིན་པོ་ཆེས་གཡས་རུའི་ཨ་ཁྲིད་འཆད་ཐབས་ལྟར་མན་ངག་ཁྲིད་ཀྱི་ལག་ལེན་ཐུན་མཚམས་དང་བཅས་པའི་ཁྲིད་ལུང་བཀའ་དྲིན་བསྐྱངས་ཤིང་སློབ་མ་རྣམས་ཀྱིས་སྔ་དགོང་དུས་བཞིའི་རིང་ཉམས་ལེན་ལ་བརྩོན།  ལོ་དེར་དམིགས་བསལ་སྔོན་འགྲོ་བསགས་སྦྱོང་རྣམས་རིམ་ཆགས་སུ་ཚུལ་མཐུན་ཞུས་པ་མ་ཟད། སྦྱིན་པ་རྣམ་བཞིའི་དགེ་སྤྱོད་ཆགས་མེད་གནང་།

༢༽ ཕྱི་ལོ་ ༢༠༡༠ ལོར་ཐེངས་དང་པོའི་སྒོམ་གྲྭ་ལོ་རིམ་གཉིས་པ་འཚོགས་ཏེ། ཐོག་མའི་སློབ་ཞུགས་གནང་མཁན་རྣམས་ལ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་དངོས་གཞི་ཉམས་ལེན་སྐོར་གྱི་སློབ་ཁྲིད་གཙོ་གནད་དུ་བཟུང་ནས་ངོ་སྤྲོད་ཤེས་གསལ་འདེབས་དང་། འཕོ་བ་ཡེ་ཤེས་ཟང་ཐལ་བཅས་ཀྱི་སློབ་ཁྲིད་བཀའ་དྲིན་བསྐྱངས། དགེ་སློབ་ཐུན་མོང་ཞག་བརྒྱའི་རིང་བཅར་རྒྱར་བཞུགས་ནས་ཐུན་བཞིའི་ཉམས་ལེན་དང་། སྦྱིན་བཞིའི་དགེ་སྦྱོར་ལ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་མཛད་དེ་མཚན་མེད་མཉམ་པར་བཞག་པའི་ལེའུ་བསྐྱངས།

༣༽ ཕྱི་ལོ་ ༢༠༡༡ ལོར་སྔར་རྒྱུན་བཞིན་སྒོམ་གྲྭ་བ་རྣམས་ཞག་གྲངས་བདུན་ཅུའི་རིང་ཉམས་ལེན་གྱི་བཅད་རྒྱ་དམ་པོ་གནང་ནས་བཞུགས་ཤིང་མཁན་པོ་རིན་པོ་ཆེ་དང་། དགེ་བཤེས་བསྟན་འཛིན་སྦྱིན་པ།གཤེན་གྱི་རྣལ་འབྱོར་བ་བླ་མ་སངས་རྒྱས་སྨོན་ལམ་བཅས་རྣམ་པ་གསུམ་གྱིས་གཙོ་སྐྱོང་མཛད་ནས་སྡེ་ཚན་གཉིས་སུ་ཕྱེས་ཏེ་སྔོན་འགྲོའི་སྐོར་དང་། རྩ་རླུང་། གཏུམ་མོའི་སྐོར་བཅས་ལ་གཙོ་གནད་འཆད་ཁྲིད་གནང་། སློབ་མ་རྣམས་ཀྱིས་དེ་དོན་ཉམས་ལེན་དང་ཕྱག་ལེན་ཟུང་དུ་སྦྲེལ་ནས་ཉིན་རེའི་རེའུ་མིག་ལྟར་སྒོ་གསུམ་གྱི་སྟངས་ར་རྣམས་ལད་ཤོར་དང་། བཟོ་ལྟ་ཙམ་མ་ཡིན་པར་རིག་པའི་རྩལ་འདོན་དང་། གེགས་སེལ་གྱི་དཀའ་གནད་རྣམས་ཁོང་དུ་ཆུད་པར་བྱས།

༤༽ ཕྱི་ལོ་ ༢༠༡༢ ལོར་ལོ་བཞིའི་རིང་གི་སྒོམ་གྲྭའི་བཅའ་གཞི་མཐར་ཕྱིན་པའི་ལོ་དེ་ཡིན་པས་སྒོམ་གྲྭ་བ་རྣམས་སླར་ཡང་ཞག་གྲངས་བདུན་ཅུའི་རིང་ཉམས་ལེན་གྱི་བཅད་རྒྱར་བཞུགས་པ་དང་། དེའི་རིང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དབུར་བཞུགས་ཐོག་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་མཆོག་གིས་གཙོ་སྐྱོང་གནང་བ་དང་། དགེ་བཤེས་དགེ་ལེགས་སྦྱིན་པ། དགེ་བཤེས་བསྟན་འཛིན་སྦྱིན་པ། སྒྲུབ་ཐོན་རྣལ་འབྱོར་བ་དྲང་སྲོང་སངས་རྒྱས་སྨོན་ལམ་བཅས་ཀྱིས་དབུ་འོག་དཔུང་འདེགས་འོག་སྒོམ་གྲྭ་བ་རྣམས་ཀྱིས་ཁྲེག་ཆོད་དང་། འོད་གསལ་ཐོད་རྒལ་གྱི་ཉམས་ལེན་གཙོ་གནད་དུ་བཟུང་ནས་ཉིན་རེའི་རེའུ་མིག་ལྟར་ཐུན་བཞི་དང་། སྦྱིན་བཞིའི་དགེ་སྤྱོད་ལ་ཆགས་མེད་དུ་བརྩོན་ནས་དུས་བཅད་ཚང་བ་དང་།

མཐར་སྒོམ་གྲྭ་བ་མི་གྲངས་བཅུ་བཅོ་བརྒྱད་ལ་ཨ་ཁྲིད་རྫོགས་པ་ཆེན་པོའི་བཅའ་གཞི་ལྟར་ཁྲིད་དང་ལུང་། བསགས་སྦྱང་དང་། ཐུན་ཉམས་ལེན་བཅས་དུས་བཅད་ལྟར་ཚད་ལྡན་ཚུལ་མཐུན་ཞུས་པའི་ངོས་འཛིན་གྱི་ཕྱག་ཁྱེར་བསྩལ།

དེ་ལྟར་ལོ་ངོ་བཞིའི་རིང་ལོ་རེ་བཞིན་དུས་བཅད་ལྟར་ལོ་དང་པོར་ཨ་ཁྲིད་རྫོགས་པ་ཆེན་པོའི་སྔོན་འགྲོ་དང་། ལོ་གཉིས་པར་དངོས་གཞི། ལོ་གསུམ་པར་རྩ་རླུང་དང་། ལོ་བཞི་པར་ཐོད་རྒལ་ལ་སྦྱོང་བ་ཉམས་ལེན་བྱས་པའི་རིང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དབུར་བཞུགས་ཤིང་བདུན་ཕྲག་རེའི་ནང་ཐེངས་རེར་གདམས་ངག་ཞུ་རྒྱུའི་སྐལ་བཟང་ཐོབ་ཡོད་པ་ནི་སྒོམ་གྲྭ་བ་རྣམས་ཀྱི་མི་ཚེའི་བསོད་ནམས་དང་གཟི་བརྗིད་ཀྱི་དཔལ་དུ་གྱུར་ཡོད།

དེ་རྗེས་ཕྱི་ལོ་༢༠༡༣ལོར་སྒྲུབ་གྲྭ་ཐེངས་གཉིས་པའི་སྔོན་འགྲོའི་གྲ་སྒྲིག་དང་། སློབ་མ་འཛུལ་ཞུགས་ཀྱི་་ཆ་རྐྱེན་ལ་དཔྱད་བསྡུར་ཞུ་བའི་བར་སྟོང་གི་ལོ་ཞིག་ཆགས་ཡོད།

༡༽ སླར་ཕྱི་ལོ་ ༢༠༡༤ ལོར་སྒྲུབ་གྲྭ་ཐེངས་གཉིས་པ་དབུ་ཚུགས་པ་དང་། སློབ་གཞི་གཙོ་བོ་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་ཕྱག་ལེན་བྲུ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་རྒྱལ་བའི་ཕྱག་ཁྲིད་སློབ་གཞི་གཙོ་བོར་བཟུང་། ༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་། མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ། དགེ་བཤེས་བསྟན་འཛིན་སྦྱིན་པ། སྒྲུབ་ཐོན་རྣལ་འབྱོར་པ་བླ་མ་སངས་རྒྱས་སྨོན་ལམ་བཅས་ཀྱིས་གཙོ་སྐྱོང་གནང་ནས་སྒྲུབ་གྲྭ་བ་མི་གྲངས་ཉེར་བདུན་ཙམ་ཞག་གྲངས་བདུན་ཅུའི་རིང་ཉམས་ལེན་གྱི་བཅད་རྒྱར་བཞུགས་པ་དང་། དགེ་རྒན་རྣམ་པས་ཉིན་ལྟར་བསྟར་ཆགས་སུ་སློབ་ཁྲིད་བཀའ་དྲིན་བསྐྱངས། དེ་ཡང་ཐོག་མར་རྒྱལ་བའི་ཕྱག་ཁྲིད་ལྟར་སྔོན་འགྲོ་བོན་སྤྱོད་དགུ་རིམ་གྱི་ཁྲིད་ལུང་དང་། བསགས་སྦྱང་གི་རིམ་པ་རྣམས་གཙོ་བོ་བྱས་ཏེ་བསླབ་བརྩོན་གནང་ཞིང་བསྐྱེད་སྒོམ་ཟུང་དུ་སྦྲེལ་ནས་ཐུན་བཞི་དང་། སྦྱིན་བཞིའི་དགེ་སྦྱོར་ལ་ཆགས་མེད་བརྩོན་པ་གནང་།

༢༽ ཕྱི་ལོ་ ༢༠༡༥ ལོར་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་དང་། མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ། དགེ་བཤེས་བསྟན་འཛིན་སྦྱིན་པ། གཤེན་གྱི་རྣལ་འབྱོར་བླ་མ་སངས་རྒྱས་སྨོན་ལམ་རྣམ་པ་བཞིས་མུ་མཐུད་སྒོམ་གྲྭ་འཛིན་སྐྱོང་གནང་ནས་ཐེངས་གཉིས་པའི་སྒོམ་གྲྭ་བ་རྣམས་དུས་བཅད་ཞག་གྲངས་བདུན་ཅུའི་རིང་བཅད་རྒྱར་བཞུགས་པ་དང་། དགེ་རྒན་རྣམས་ཀྱིས་རྒྱལ་བའི་ཕྱག་ཁྲིད་ལྟར་ཟབ་མོ་གནད་ཀྱི་གདམས་པ་དངོས་གཞིའི་རིམ་པ་རྣམས་གཙོ་བོ་སློབ་ཁྲིད་བཀའ་དྲིན་བསྐྱངས་པ་དང་། དེ་བཞིན་ཐུན་བཞི་དང་སྦྱིན་བཞིའི་དགེ་སྤྱོད་ལ་ལུས་ངག་ཡིད་གསུམ་གོམས་ཞིང་འདྲིས་པར་བྱེད་པའི་ཐབས་ལ་བརྩོན་པ་གནང་།

༣༽ ཕྱི་ལོ་ ༢༠༡༦ ལོར་སྒོམ་གྲྭའི་བཅད་རྒྱ་སྔར་རྒྱུན་བཞིན་ཞག་གྲངས་བདུན་ཅུའི་རིང་བཞུགས་པ་དང་། ལོ་འདིར་རྩ་རླུང་གགས་སེལ་གྱི་རིམ་པ་རྣམས་ལག་ཏུ་ལེན་པའི་དུས་བབ་དང་བསྟུན་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་འབྱུང་བའི་ཐིག་ལེའི་ལག་ལེན་ལྟར་༧ཡོངས་འཛིན་སྨྲ་བའི་དབང་པོས་མཛད་པའི་༼ཐབས་ལམ་འབྱུང་བའི་ཐིག་ལེའི་ལག་ལེན་བཤད་པ་༽ཞེས་པའི་རྩ་རླུང་འཁྲུལ་འཁོར་གྱི་རིམ་པ་རྣམས་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པས་བསྟར་ཆགས་སུ་བསླབ་ཁྲིད་དཀའ་དྲིན་བསྐྱངས། དེར་མཚུངས་བླ་མ་དགེ་བཤེས་རྣམས་ཀྱིས་མཐུན་སྦྱོར་རམ་འདེགས་ཀྱིས་ཕྱི་ནང་གི་མཛད་འགན་རྣམས་ལ་ཕྱར་གྲུ་མཉམ་འདེགས་ཞུས།

༤༽ ཕྱི་ལོ་ ༢༠༡༧ འདི་ལོར་རྒྱལ་བའི་ཕྱག་ཁྲིད་ལ་བསླབ་རྩོན་གནང་མཁན་གྱི་སྒོམ་གྲྭ་བ་རྣམས་མུ་མཐུད་ཞག་གྲངས་བདུན་ཅུའི་རིང་བཅད་རྒྱར་བཞུགས་པ་དང་། མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་མཆོག་ནས་དམིགས་བསལ་འབྲས་ཁྲིད་དང་། འོད་གསལ་གྱི་དམིགས་པ་གགས་སེལ་སྐོར་ནས་བསླབ་ཁྲིད་བཀའ་དྲིན་བསྐྱངས། དེ་ཡང་དགེ་སློབ་རྣམས་ཀྱིས་ཉིན་རེའི་དུས་བསྟུན་རེའུ་མིག་བཞིན་ཐུན་བཞིའི་ཉམས་ལེན་དང་། སྦྱིན་བཞིའི་དགེ་སྦྱོར་ལ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱི་ངང་ཚུལ་བཟུང་ཞིང་ཚེས་བཟང་དུས་བཟང་རྣམས་ལ་ཚོགས་མཆོད་ཕུལ། ལྷག་པར་འདི་ལོར་༧སྐྱབས་རྗེ་ཞིང་གཤེགས་དམ་པ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་རྣམས་བདུན་ཚིགས་རེ་རེ་བཞིན་བསྟར་ཆགས་སུ་སྒྲུབ་འབུལ་ཞུས་པ་དང་། དེ་རིང་སྟེ་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༣ ཉིན་རྒྱལ་བའི་ཕྱག་ཁྲིད་ལོ་བཞི་ཡི་རིང་བསླབ་གཞི་གཙོ་བོར་གནང་བའི་སྒོམ་གྲྭ་ཐེངས་གཉིས་པ་མཐར་ཕྱིན་གྱི་ལེའུ་བསྐྱངས།
རྒྱལ་བའི་ཕྱག་ཁྲིད་བསླབ་གཞི་གཙོ་བོར་མཛད་པའི་སྒོམ་གྲྭ་ཐེངས་གཉིས་པའི་དུས་བཅད་བཞི་ཡི་ནང་ལོ་རེར་ཞག་བདུན་བཅུ་རེ་བཅད་རྒྱ་བྱས་པའི་དུས་ཡུན་ནང་༧སྐྱབས་རྗེ་ཡོངས་འཛིན་རིན་པོས་སློབ་མ་རྣམས་ལ་བདུན་རེའི་ནང་འཆད་ཁྲིད་དང་། བཀའ་སློབ་ཐེངས་རེ་བསྩལ་བའི་རྨད་བྱུང་འཕྲིན་ལས་ཀྱི་མཛད་པ་དག་ནི་སྒོམ་གྲྭ་བ་རྣམས་ལ་ལྟོས་ཏེ་ཨེ་མ་ངོ་མཚར་ཆེ་བའི་སྐལ་བཟང་གི་དུས་ཚིགས་ལགས་སོ། །

མཛད་རིམ་ནི། ཞོགས་ཀ་སྙིགས་དུས་བསྟན་འགྲོའི་མགོན་དུ་བཞེངས་པ་བླ་ཆེན་དྲན་པ་ནམ་མཁའི་ཐུགས་དམ་དགྱེས་ཆེད་དང་། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཞི་ཞིང་སངས་རྒྱས་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཞིང་འདིར་ཡུན་དུ་གནས་པའི་ཆེད་དུ་ཐོག་མར་བསང་གསོལ་ཁ་དང་སྔ་ཐུན་རྣམས་རྒྱུན་ལྡན་གྱི་ཉིན་རེའི་མཛད་སྲོལ་ལྟར་བསྐྱངས། དེ་རྗེས་སྔ་དྲོ་ཕྱག་ཚོད་དགུ་དང་ཕྱེད་ཀའི་ཐོག་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་ཆེན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་དབུར་བཞུགས་ཐོག གཤེན་བསྟན་དར་རྒྱས་གླིང་གི་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་མཆོག་དང་། དགེ་བཤེས་བསྟན་འཛིན་སྦྱིན་པ། གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ་བླ་མ་སངས་རྒྱས་སྨོན་ལམ། དགེ་བཤེས་ལུང་རིག་རྣམ་དག བླ་རྒན་རྣམ་རྒྱལ་ཚུལ་ཁྲིམས་བཅས་བླ་གྲྭ་རྣམས་དགྱེས་འཛོམས་གནང་ནས། བླ་ཆེན་དྲན་པས་ཕུལ་བའི་སྟོན་པ་སངས་རྒྱས་ལ་བསྟོད་པ་སྟོན་པའི་རྒྱལ་པོ་དང་། བླ་མའི་རྣལ་འབྱོར། སྐྱབས་འགྲོ་སེམས་བསྐྱེད་གནང་གྲུབ་པ་དང་། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་ཞལ་གདམས་བཀའ་སློབ་སྙིང་བསྡུས་དཀའ་དྲིན་བསྐྱངས། དེ་རྗེས་ཡོངས་འཛིན་མཆོག་ནས་སློབ་མ་ཉེར་བཞི་ལ་སྒོམ་གྲྭར་བཞུགས་པའི་དུས་བཅད་ཀྱི་རིང་ཉམས་ལེན་ཚད་ལྡན་བསྐྱངས་པའི་ལེགས་གསོལ་དུ་ཕྱག་ཁྱེར་བསྩལ། དེ་ནས་སྟོན་འཁོར་ལྷན་རྒྱས་ཀྱིས་མར་མེ་སྨོན་ལམ་དབྱངས་ལ་བསྐྱོན་ནས་གསོལ་སྨོན་ཞུས་གྲུབ་པ་དང་དགེ་སློབ་ཐུན་མོང་ལ་གཤེན་བསྟན་དར་རྒྱས་གླིང་གི་བླ་མའི་གསོལ་ཐབས་ཁང་ནས་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། སྐབས་ཐོག་དེར་སློབ་མ་རྣམས་ཀྱིས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་གཙོས་པའི་མཁན་པོ་དགེ་བཤེས་དང་། བླ་མ་དང་ལས་སྣེ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ཕུལ། དེ་རྗེས་༧དགེ་སློབ་ཐུན་མོང་གིས་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གསོལ་འདེབས་དང་། ༧སྐྱབས་རྗེ་མཁན་རིན་པོ་ཆེའི་གསོལ་འདེབས། གཤེན་བསྟན་དར་རྒྱས་གླིང་གི་མཁན་པོ་དགེ་བཤེས་དགེ་ལེགས་ཀྱི་གསོལ་འདེབས་བཅས་རིམ་པས་དབྱངས་སུ་བསྐྱོན་ནས་མཇལ་དར་ཕུལ་ཞིང་མཐར་སྨོན་ལམ་གྱིས་བརྒྱན་ནས་སྔ་དྲོའི་མཛད་རིམ་ལེགས་གྲུབ་ཞུས།

ཉིན་རྒྱབ་བླ་ཆེན་དྲན་པ་ནམ་མཁར་མཆོད་ཚོགས་རྒྱས་འབུལ་ཞུས་པ་མ་ཟད་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་བཀའ་སློབ་ལམ་སྟོན་དང་། སྒྲུབ་པ་མཐར་སོན་གྱི་ལེགས་སྨོན་གསུང་པ་དང་སྦྲགས་རྒྱལ་བའི་ཕྱག་ཁྲིད་བཅའ་གཞི་བྱས་པའི་སྒོམ་གྲྭ་ཐེངས་གཉིས་པ་ལེགས་གྲུབ་བྱུང་བའི་གནས་ཚུལ་དུ། མེ་ལོང་ཞེས་སུ་འབོད་པས་ཕྱི་ལོ་༢༠༡༧ཟླ་༡༡ཚེས་༡༣ཉིན།

(སྤྱིའི་གཟིགས་གྲངས། 79 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  &nb…
error: རྩོམ་འདི་བདག་དབང་ཅན་ཡིན།