ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ང་ཡི་ཨ་མྱེ། གངས་རིའི་སྟོན་པ།

རྩོམ་པ་པོ། ཞུ་ཚང་བ། 

       ངས་དེ་རིང་གནའ་སྔ་མོ་སྔ་མོའི་ལོ་རྒྱུས་ལ་ཕྱིར་རྟོག་བྱེད་འདོད་སྐྱེས། གནའ་སྔ་མོ་ནི་ལོ་ཟླའི་དཔྲལ་གཉེར་དོད་པའི་སྲིད་པའི་ཨ་མྱེ་རྒས་པོ་དེ་ཡིན་ཞིང་། གནའ་སྔ་མོ་ལ་ཕྱིར་རྟོག་བྱེད་པ་ནི། ལོ་ངོ་བརྒྱ་སྟོང་སོང་པའི་སྲིད་པའི་ཨ་མྱེ་རྒས་པོ་དང་ཁ་བརྡ་བྱེད་པ་འདྲ། ཨ་མྱེ་རྒས་པོའི་ཐོད་ངོས་ཀྱི་དཔྲལ་གཉེར་རེ་རེའི་ངོས་སུ་དཔོག་དཀའ་བའི་གསང་བ་རེ་རེ་བསྟིམ་ཡོད། 

        དུས་ཚོད་ཀྱི་ཆུ་བོ་བར་མཚམས་མེད་པར་བཞུར་གྱིན་བཞུར་གྱིན། སྐྱིད་ཉི་མ་དགུ་ཤར་དང་སྡུག་མུན་པ་དགུ་བརྩེགས་གྱོན་མྱོང་བའི་གནའ་བོའི་མི་རྒན་དག་གི་ཡིད་དུ་འོང་བའི་མི་ཚེའི་གཏམ་རྒྱུད་དང་། སྐྱོ་ཞིང་མགྲིན་པ་རྣོང་འོང་བའི་དཀའ་སྡུག་གི་གསང་བ་འདི་དག་དགོང་ཀའི་གསེར་གཞུ་བཞིན་ནུབ་རིའི་རྩེ་མོ་ནས་དལ་གྱིས་བཞུད་འགྲོ་བར་མཐོང་དུས། ངའི་སྙིང་ཁམས་ནས་གཟུགས་མེད་ཀྱི་ན་ཟུག་རེ་རེ་ལྡང་ཡོང་། 

       འདི་དག་ནི་མི་རིགས་ཀྱི་དཔའ་བོ་དང་། ཤེས་རིག་གི་མཛངས་མི། མདོར་ན་མིའི་རིགས་ཀྱི་རླབས་ཆེན་གྱི་མེས་པོ་ཚོས་རྗེས་རབས་པ་རྣམས་ཀྱི་མགོ་ཐོག་ཏུ་བཞག་པའི་མཛེས་སྡུག་ལྡན་པའི་གཏམ་རྒྱུད་སྙན་མོ་དེ་ཡིན་ངེས། 

      དེ་རིང་ནི། ཁ་བ་དང་ལྷག་རླུང་རྒོད་པའི་དུས་ཚིགས་ཤིག་ཡིན་པས། ངས་ཁ་བ་དང་ལྷག་རླུང་གི་ཁྲོད་ནས། གངས་རིའི་འཇིག་རྟེན་འདི་ཉིད་སྒལ་ཚིགས་སུ་ཁུར་མྱོང་བའི། ང་ཚོའི་ཨ་མྱེ་སྟེ་གངས་རིའི་སྟོན་པ་ཆེན་མོ་ཞིག་སེམས་ཐོག་ཏུ་འཁོར་ཡོང་། ཁོང་ནི་བདག་གི་ཨ་མྱེ་དམ་པ་དེ་ཡིན་པ་མ་ཟད། ང་ཚོ་ཚང་མའི་ཨ་མྱེ་དམ་པ་དེ་ཡང་ཡིན་ལ། འཛམ་གླིང་ཧྲིལ་པོའི་གནམ་གྱི་ཕོ་བྲང་དུ་ཡོད་པའི་གངས་རིའི་འཇིག་རྟེན་ཏེ། བོད་ཁ་བ་ཅན་གྱི་ཤེས་རིག་གི་སྟོན་པ་ཆེན་མོ་དེ་ཡིན། 

         ངས་ནམ་ཞག་རྒྱུན་ལྡན་དུ་ཨ་མྱེ་ཁོང་ཉིད་ཡིད་ཡུལ་དུ་ཝ་ལེར་འཁོར་ཡོང་བ་མ་ཟད། སེམས་ཐོག་ཏུ་གསལ་ལྷང་ངེར་འཆར་ཡོང་། ཐལ་རྡུལ་དང་དུད་སྤྲིན་གྱིས་ཟོས་པའི་གནའ་རབས་ཀྱི་གླེགས་ཧྲུལ་འདི་དག་ཞིབ་ཀྱིས་ཀློག་དུས་ཨ་མྱེ་ཁོང་གི་གསེར་ཞལ་སེར་ལམ་མེར་མཇལ་ཡོང་། གངས་མི་ཚོའི་ངག་སྒོ་ནས་མཆེད་པའི་དམངས་ཁྲོད་ཀྱི་གནའ་གཏམ་སྣ་ཚོགས་པ་ནས་ཁྱེད་ཀྱི་ངོ་གདོང་ལྷང་ངེར་མཐོང་ཡོང་། ལོ་རྒྱུས་ཀྱི་ཕུགས་ཐག་རིང་བའི་གངས་ལྗོངས་ས་མཐོའི་གནའ་ཤུལ་དང་རིག་དངོས་ཀྱི་གསེང་ནས་ཉིད་ཀྱི་མཛད་རྗེས་ལྷང་ལ་འབུད་ཡོང་། 

       དེ་རིང་ངའི་མིག་མདུན་དུ་གནའ་རབས་ཀྱི་གླེགས་བམ་ཧྲུལ་པོ་དག་གིས་ཁེངས་འདུག ངས་གླེགས་ཧྲུལ་འདི་དག་རིམ་གྱིས་ཀློག་དུས། ཁྱེད་རང་དངོས་དང་ཡར་ཞུ་མར་གནང་བྱེད་པའི་ཚོར་སྣང་རེ་སྟེར་ཡོང་། ད་ནི་ངས་གནའ་རབས་ཀྱི་གླེགས་བམ་ཧྲུལ་པོའི་སྦུབས་སུ་འཁོད་པའི་ཁྱེད་ཀྱི་མཛད་པ་ལ་རྒྱུས་ལོན་རེ་བྱེད་ན། འདི་ལྟར་སྟེ། 

        སྲིད་པའི་ཆོ་རབས་ཀྱི་གཏམ་རྒྱུད་གངས་མི་ཚོའི་ངག་ལམ་ནས་བརྒྱུད་དུས། ཕྱྭ་དམུ་གཙུག་གསུམ་གྱིས་སྒྲ་བླ་ཝེར་མའི་ངོ་སོ་བསྟོད་དུས། མིའུ་གདུང་དྲུག་གི་རྒྱུད་པ་གནམ་གྱི་བང་རིམ་ནས་འཐེན་དུས། མི་རྒན་པགས་རྩག་ཅན་གྱིས་ཕ་མཚུན་མ་གསུམ་ལ་མཆོད་བསྟོད་བྱེད་དུས། མི་སྨྲ་རྒྱལ་གསུམ་གྱི་ཁ་ལོ་གྱེན་དུ་བསྒྱུར་དུས། སྒོ་ལྷ་སྟག་གཡག་ཁྱུང་གསུམ་གྱི་ངར་ཞགས་ལྷང་གིས་མཆེད་དུས། དམུ་སྐས་གནམ་ལ་ཟུག དམུ་ཐག་དོག་ལ་འཐེན་ཡོད་པའི་དུས་དེར། 

       སྲིད་པའི་ལྷ་དགུ་ནི་མགོན་སྐྱབས་ཡིན། འབྲོང་རྒོད་དང་རྐྱང་ཁྱུ་ནི་སྒོ་ནོར་ཡིན། སྟག་གཟིག་དང་དོམ་དྲེད་ནི་སྒོ་ཁྱི་ཡིན། གཡང་གི་ར་བ་སྒོ་བཞི་ལ་འཚོ་རྟེན་བྱས་ནས་ལོ་ངོ་མང་པོའི་རྗེས་སུ། ཕོ་སྲོག་གསེར་གྱི་ཀ་བ་རབ་ཏུ་བརྟན། མོ་སྲོག་གཡུ་ཡི་གདུང་མ་དྲང་ནས་ཡོད་དུས། སྲིད་པའི་གླིང་ཆེན་འདིར་ཤེས་རབ་ཀྱི་དཔལ་ཡོན་ཇི་སྙེད་ཅིག་རྒྱས་ནས་ཡོད་པའི་དུས་རེ་ཞིག་ན། ཡུལ་འོལ་མོ་ལུང་རིང་ཞེས་ཀྱང་བྱ། ཞང་ཞུང་ཕུགས་པ་ཞེས་ཀྱང་བྱ། རྟག་གཟིགས་ཀྱི་ཞིང་ཁམས་ཞེས་ཀྱང་བྱ་བའི་ཡུལ་དེར། ནམ་མཁའ་ནས་སྒྲ་སྙན་པ་གྲགས། བར་སྣང་ནས་འོད་གསལ་བ་ཤར། མེ་ཏོག་ཨུ་དུམ་ཝ་ར་འཁྲུངས། གཤང་སྐད་ཐེངས་གསུམ་གྲགས། གཤེན་གླུ་ཐེངས་གསུམ་བླང་། 

       ཡུལ་དེའི་ཤེས་རབ་ཀྱི་མི་སྣ་སུམ་ཅུ་རྩ་གསུམ་གྱིས་བར་པོ་སོ་བརྒྱད་ལ་བསྐོར་བ་བྱས། ལྷ་ཕྱག་འཚལ། དུས་དེར། དམུ་རིགས་རྒྱལ་པོའི་ཁྱིམ་རྒྱུད་དེར། ཡབ་ནི་རྒྱལ་བོན་ཐོད་དཀར་དང་ཡུམ་ནི་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ། ཤིན་ཏུ་མཚན་བཟང་དང་ལྡན་པའི་ཁྱེའུ་ཞིག་འཁྲུངས་སོ། 

      དེ་ལ་མཚན་མཁན་བྲམ་ཟེ་གསལ་ཁྱབ་ཅེས་བྱ་བའི་མི་རྒན་གཡང་ཉམས་ལྡན་པ་དེས། འཛུམ་ཤིག་ཤིག་དང་བག་དྲོ་དྲོའི་ངང་ནས། དབུ་ལ་ཐོད་ནི་བཅིང་། ཞལ་དུ་སྐྱེམས་ནི་གསོལ། ལྷ་མདའ་སྒྲོ་དཀར་ཕྱག་ལ་བསྣམས་ཏེ། ཁྱེའུ་དེར་མཚན་བཟང་སོ་གཉིས་ཀྱི་ཁྱད་འདོན་བྱས། དཔེ་བྱད་བརྒྱད་ཅུའི་བསྟོད་པ་ཕུལ། དེ་ལ་གཤེན་རབ་མི་བོ་ཞེས་པའི་མཚན་གསོལ། 

        དེ་ཡི་ཚེ་དེ་ཡི་དུས་ན། མི་རྣམས་ཀྱིས་གུས་པར་བྱེད་དོ། དགའ་བར་བྱེད་དོ། འདུན་པར་བྱེད་དོ། མེ་ཏོག་འཐོར་རོ། ལྷ་ཕྱག་འཚལ་ལོ། བསྐོར་བ་བྱས་སོ། ། ཁྱེའུ་དེ་རིག་པ་གསལ་ལ་བློ་དང་ལྡན། ལྷན་སྐྱེས་ཀྱི་དཔྱོད་མིག་གྲུང་། ཤེས་རབ་ཀྱི་རླབས་ཞགས་ཆེ། མཚམས་མཚམས་སུ་རྒྱལ་བུའི་རོལ་རྩེད་མཛད། མེ་ཏོག་གླིང་ཁ་དང་ནགས་ཚལ་གྱི་གསེང་དུ་ཕེབས་ཏེ། རི་དྭགས་དང་གཡུང་དྭགས་ཀྱི་རྩེད་བྲོའི་གར་ལ་རྩེན། སྒྲ་བླའི་གོ་མཚོན་སྣ་དགུ་ལས་སྒྲ་བླ་དང་ཝེར་མའི་དཔའ་དཔུང་བཀྱེས། ཤེས་རབ་ཀྱི་ཐུགས་རྒྱུད་ལེགས་པར་སྦྱོང་། ཕ་དང་མེས་པོའི་བློ་གྲོས་ཐུགས་སུ་ཆུད། སྲིད་པའི་རིག་གཞུང་ལ་མཁས་པ་ཕུལ་དུ་ཕྱིན། གདོད་མའི་བོན་པོའི་ཕྱག་ལེན་ལྷང་གིས་བསྣམ། གྱེར་སྒོ་བཞི་དང་སྐད་གཅོང་དགུ་ཡི་སྟབས་བསྒྱུར་ཞིང་། རྔ་སྟོང་རི་ཆེམ་པ་ནི་བརྡུང་། གཤང་ཁྲི་ལོ་གནམ་གྲགས་ནི་བཀྲོལ། དུང་འཕར་པོ་འཕར་ཆུང་ནི་བསྒྲགས། ཕྱྭ་སྣང་འཕྲུལ་སྲིད་ཀྱི་གཤེན་བོན་ཧེ་རུ་ཀ་རུ་གྱུར། 

       དུས་དེར་རྒྱལ་བུ་དེ་བློ་གྲོས་ཀྱི་བྲང་ཁོག་ནི་ཡངས། ཤེས་རབ་ཀྱི་སྟོབས་རྩལ་ནི་རྫོགས། སྙིང་སྟོབས་ཀྱིས་སྲིད་པའི་སྒལ་ས་བཟུང་པས་མི་ཡི་དབང་པོ་དང་ལྷ་ཡི་སྲས་པོ་རུ་གྲགས། མི་རྣམས་ཀྱི་རྒྱལ་རིགས་དྲ་མ་ཆེན་མོའི་གསེར་གྱི་ཁྲི་རུ་སྤྱན་དྲངས་ཤིང་མངའ་གསོལ་བྱས་པས། ཡུལ་འོལ་མོ་ལུང་རིང་ནི་བཀྲ་རེ་ཤིས། མཁར་བར་པོ་སོ་བརྒྱད་ནི་བྱིན་རེ་ཆེ། དུས་དེར། སྲིད་གསུམ་གྱི་སྐྱེ་བོ་དག་གིས་འདི་ལྟར་བསྔགས་པ་སྟེ། ལེགས་སོ་ལེགས་སོ་རབ་ཏུ་ལེགས་སོ། །རྒྱས་སོ་རྒྱས་སོ་རབ་ཏུ་རྒྱས་སོ། །དར་རོ་རོ་རབ་ཏུ་དར་རོ། ཆེ་འོ་ཆེ་འོ་རབ་ཏུ་ཆེ་འོ། །སྤྲོས་སོ་སྤྲོས་སོ་རབ་ཏུ་སྤྲོས་སོ། །ཞེས་པའི་བསྟོད་ཚིག་གི་མེ་ཏོག་རབ་ཏུ་འཐོར་བར་བྱེད་དོ། །

     དེའི་ཚེ་གནམ་ས་གཉིད་ཀྱིས་བཤོས་པ་དང་འདྲ་བའི་མི་དབང་ཆེན་མོ་དེ་ཉིད་ཀྱིས། སྲིད་པའི་ཁམས་ཀྱི་ངོ་མཚར་བའི་ཤེས་བྱ་སྣ་ཚོགས་བསྡུས་པའི་གཏོ་ཡི་བཀའ་སྒྲོམ་ལས་ཕྱུང་བའི་ཤེས་རབ་ཀྱི་སྙིང་དོན་སྟེ། ཡིག་འབྲུ་སུམ་ཅུས་བོན་གྱི་སྒོ་ནི་ཕྱེས། འགོ་ཡིས་ལམ་ནི་དྲངས། ཤད་ཀྱིས་མདོ་ཡང་བཅད། ཚེག་གིས་བར་ནི་ཕྱེས། མི་འཁྲུག་པའི་དོ་ཡང་སྙོམ། གུག་འབྲིང་ན་རོ་ཞབས་ཀྱུ་ཡ་སྟ་བཅས་ཀྱིས། སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས་པས། སྲིད་ཞི་གཉིས་བསྡུས་ཀྱིས་ཤེས་བྱའི་གྲངས་རྣམས་དབྱངས་གསལ་གྱི་གཤོག་པ་ཐོགས་ཏེ་འཕུར་སྐྱོད་བྱེད་པར་བརྩམས།

     དུས་དེར། རྒྱས་སྲས་ཀོང་རྩེ་འཕྲུལ་རྒྱལ་གྱི་གསོལ་བཏབ་ལྟར། མུ་ཁྱུད་བདལ་བའི་མཚོ་གླིང་ལ་ཕེབས་ཏེ། དཀར་ནག་བཀྲ་གསལ་གྱི་གསས་ཁང་ནང་དུ། དུང་ཤོག་དཀར་པོ་དང་གཡུ་རིས་སྔོན་པོ་ལ་བརྟེན་ནས། གསེར་གྱི་གླེགས་བམ་དང་། ལྕགས་ཀྱི་གླེགས་བམ་དང་། ཟངས་ཀྱི་གླེགས་བམ་དང་། དངུལ་གྱི་གླེགས་བམ་དང་། གཡུ་ཡི་གླེགས་བམ་བཅས་རིན་ཆེན་སྣ་ལྔའི་གླེགས་བམ་ལྔ་རུ་བཞེངས་ཏེ་སྒོ་བཞི་མཛོད་ལྔ་རུ་ཕྱེས་པ་ནི། གངས་རིའི་སྟོན་པ་ཁྱེད་ཀྱི་ཐུན་མིན་གྱི་མཛད་པ་ཁོ་ནའོ། །ངས་འདི་ལྟར་བསམ་གཞིག་ཡང་ཡང་བཏང་དུས་ཀོང་རྩེ་འཕྲུལ་རྒྱལ་གྱིས་ཉིད་ཀྱི་ཆེ་བའི་ཡོན་ཏན་ལ་གདེང་འཇོག་རབ་ཏུ་གནང་བར་ཧ་ཅང་འཐད་བྱུང་། དེ་ནི་་་་་་་

       “རྗེ་གཅིག་གཤེན་རབ་རྣམ་པར་རྒྱལ། །

དུས་དང་བསྟུན་པའི་སྟོན་པ་མཛད། ། 

འདུད་དང་གུས་བཅས་གདུང་བ་ཡིས། །

གསོལ་བ་འདེབས་སོ་གསལ་བར་མཁྱེན། །

མཁའ་ནས་བྱོན་ཏེ་དོག་ལ་ཕེབས། །

བདག་ཉིད་མོས་པའི་ཡིད་བྱེད་པ། 

དེ་ཡི་མདུན་དེར་གཤེན་རབ་བཞུགས། །”

        ཞེས་པའི་ཚིགས་སུ་བཅད་པ་དེ་ཡིན། དེ་ལྟར་ང་ཡི་ཨ་མྱེ་སྟེ་གངས་རིའི་སྟོན་པ་མཆོག་གིས་གདུལ་བྱའི་བུ་སློབ་རྣམས་ལ་བློ་རབ་འབྲིང་རིམ་པ་དགུ་རུ་ཕྱེས། བོན་ཐེག་པ་དགུ་རུ་གཏན་ལ་ཕབ། བཀའ་སྒོ་བཞི་མཛོད་ལྔ་རུ་བསྟན། དེ་རྣམས་བརྒྱད་ཁྲི་བཞི་སྟོང་དུ་སྤྲོས་ཤིང་། ཕྱི་ནང་གསང་གསུམ་དུ་བསྡུས། གངས་རི་ར་བས་བསྐོར་བའི་ལྗོངས་འདིར་སྲིད་ཞིའི་རིག་གནས་ཀྱི་སྒོ་མོ་ཆེས་ཆེར་ཕྱིས། དེ་དག་ཀྱང་ཁ་འབབ་ཆུ་བོ་རྣམ་བཞིའི་བཞུར་རྒྱུན་དང་ལྷན་དུ་གང་སར་སྤྲོས་པས། རྒྱ་དཀར་ནག ཨོ་རྒྱན། ཟ་ཧོར། བྲུ་ཤ། ཁ་ཆེ་སོགས་ཡ་གླིང་གི་ལྗོངས་ཆེན་མོ་འདིར་ཤེས་དཔལ་གྱི་མེ་ཏོག་ལྷག་ལྷག་ཏུ་བཞད་པ་གདའ་འོ། །

        འདི་ལྟར། ངས་ཐལ་རྡུལ་དང་དུད་སྤྲིན་གསེང་ན་ཚང་བཅས་པའི་གནའ་རབས་ཀྱི་གླེགས་ཧྲུལ་འགའ་ལས་ཨ་མྱེ་དམ་པའི་གཏམ་རྒྱུད་འདི་དག་རྙེད་རྗེས། བསྐྱར་དུ་ངའི་རྟོག་པའི་འགྱུ་ཁ་ནི་ཡིག་ཐོག་ལས་བརྒལ་སྟེ་དངོས་ཐོག་ལ་ཕྱིན། 

         ངས་རྒྱང་རིང་རྒྱང་རིང་ཞིག་ནས་བལྟས་དུས། རི་གཡུང་དྲུང་དགུ་བརྩེགས་ཀྱི་མཐོ་རྔམ་ལ་ཡིད་སྨོན་ཡང་ཡང་ཤོར། མཚོ་མ་པང་གཡུ་མཚོའི་ཟབ་ཚད་ལ་བསམ་གཞིག་བཏང་དུས། ཁ་འབབ་ཆུ་བོ་རྣམ་བཞིའི་བཞུར་རྒྱུན་ལ་དྲན་པའི་དྲན་པ་བརྩེགས། ཁྱུང་ལུང་དངུལ་མཁར་དང་མཁར་གདོང་གི་གནའ་ཤུལ་ལ་བལྟས་དུས་གནས་དེར་སྲིད་པའི་མི་རྒན་ཞིག་གི་དཔྲལ་གཉེར་དོད་ཡོད་པ་ཡང་ཡང་ཚོར། གངས་རིའི་སྟོན་པ་ཞིག་གི་རྗེས་ཤུལ་སེར་ལམ་ལམ་དུ་མཐོང་། དེ་དུས་ངས་ལོ་ངོ་བརྒྱ་སྟོང་གོང་གི་ཨ་མྱེ་རྒས་པོའི་ངོ་གདོང་སྨུག་པོ་དེ་སླར་ཡང་མཇལ་བྱུང་བ་ནི། 

“བསྭོ། ཡ་ཀི་སྐྱིད་པོའི་ཡུལ། ཉམས་དགའ་བག་རེ་བྲོ། ཆུ་རྒྱལ་བཞི་འདུས་མགོ། རི་རྒྱལ་ཏི་སེའི་དྲུང་། མཚོ་རྒྱལ་མ་པང་འགྲམ། འོལ་ལུང་གཡུ་ཡི་མཁར། བཞུགས་གནས་ངོ་རེ་མཚར། དེ་འདྲའི་སྐུ་མཁར་ན། སུ་བཞུགས་སུ་མི་བཞུགས། བཞུགས་པ་གཤེན་གྱི་ལྷ། གཤེན་རབ་མྱི་བོ་ཆེ། སྐུ་དྭངས་དུང་གདའ་འདྲ། འཛུམ་མདངས་མེར་རེ་རེ། སྐུ་གཏོས་རི་ལས་བརྗིད།”

     ཅེས་པའི་དམངས་སྲོལ་གྱི་ཁྱད་གཤིས་ཚང་པའི་གནའ་རྩོམ་གྱི་བརྗོད་པ་དེ་གསལ་ལྷང་ངེར་དྲན་ཞིང་ཡིད་ལ་ཡང་ཡང་བཤར་དགོས་བྱུང་།

     སླར་ཡང་ངའི་དྲན་ཤེས་ཀྱི་འགྱུ་བ་གནས་གཞི་གཞན་ཞིག་ལ་འཁྲེང་། དེ་དུས་ངས་ཀོང་པོ་བོན་རི་ལ་དད་མོས་ཀྱིས་འཁྱུད་ཡོད། ང་དང་འདྲ་བའི་དད་མོས་པ་ཁྲི་སྟོང་མང་པོས་ཀོང་པོ་བོན་རི་ནི་དག་སྣང་གི་ཞིང་ས་ཞིག་ལ་སྒོམ་ནས། སྐོར་བ་བྱེད། ལྷ་ཕྱག་འཚལ། གསོལ་བ་འདེབས་ཀྱིན་འདུག ངས་དད་མོས་ཀྱི་ཀློང་ནས་བསམ་བློའི་གཞིག་པ་བྱེད་དུས་དད་མོས་དེ་ནི་མུན་པ་གཏིབས་པ་ལྟར་མ་ཡིན་པར་སྐར་ཚོགས་བཞིན་འོད་དུ་འཚེར་བ་ཞིག་ཡིན། ཀོང་པོ་བོན་རིའི་མཇལ་སྐོར་བ་ཚོས་དད་མོས་ཀྱི་ཀློང་ནས་ཀོང་པོ་བོན་རི་ལ་ཕྱག་སྐོར་གསོལ་འདེབས་བྱེད་དོན་ཅི་ཞིག་ཡིན་ནམ་སྙམ། དེ་དུས་ང་རང་སྐུ་ཤུག་ལྡེམ་དྲུག་གི་འཁྲིས་སུ་ཡོད་ཅིང་། ངས་སྐུ་ཤུག་ལྡེམ་དྲུག་ནི་ཨ་མྱེ་དམ་པའི་དབུ་ལོ་སྔོན་པོ་དེ་ཡིན་པར་ཡང་ཡང་ཚོར་བྱུང་། ཞེ་འདང་རྒྱབ་དུས་ཀོང་པོ་བོན་རི་ནི་གངས་རིའི་སྟོན་པ་མཆོག་གི་ཞབས་ཀྱི་དཀྱིལ་འཁོར་བཅག་སའི་གནས་གཞི་གལ་ཆེ་བ་ཞིག་ཡིན་པར་ཤེས་བྱུང་། 

        བརྒྱ་བཤད་སྟོང་ལ་བཏུག་ཀྱང་ང་ཡི་ཨ་མྱེ་ནི་གངས་རིའི་སྟོན་པ་ཞིག་ཡིན། དེ་ནི་ཐལ་རྡུལ་དང་དུད་སྤྲིན་གྱིས་གསེང་ན་གནས་ཚང་བཅས་པའི་གནའ་རབས་ཀྱི་གླེགས་ཧྲུལ་དག་གི་ངོས་སུ་གསེར་ལམ་མེར་འཆར་འདུག མི་རབས་ནས་མི་རབས་བར་དུ་ཟམ་མ་ཆད་པའི་གནའ་གཏམ་གྱི་ཁྲོད་ན་འདུག དེ་ནི་མི་རིགས་ཤིག་གི་རྩ་ལམ་ན་རྒྱུ་བའི་ཟུངས་ཁྲག་དང་འདྲེས་འདུག དེ་ནི་རྗེས་རབས་པ་རྣམས་ཀྱིས་བརྗེད་མི་འོས་པའི་ཕ་བུའི་བར་གྱི་ཁ་ཆེམས་ཡིན། དེ་ནི་ཕ་དང་ཨ་མྱེའི་རྗེས་ཤུལ་སེར་ལམ་ལམ་དེ་ཡིན། 

      ང་ཡི་ཨ་མྱེའི་ལོ་རྒྱུས་ནི་ང་ཡིས་ཨ་མྱེས་བཤད་པ་ཞིག་ཡིན་པས་རབ་ཏུ་བདེན་ཞིང་། གངས་རིའི་སྟོན་པའི་རྣམ་ཐར་ནི་གངས་མི་ཚོའི་ངག་སྒོ་ནས་བརྒྱུད་པས་ཤིན་ཏུ་སྨར་ཞིང་རབ་ཏུ་བདེན་པར་ངེས། 

      ངའི་དྲན་པ་འདི་ལྟར་བཞུར་དུས། ང་ཡི་ཨ་མྱེ་ནི་འཛུམ་ཉིལ་ལེ་བའི་ངང་ནས་ངའི་སེམས་ཁོང་དུ་བཞུགས་ཡོད་ལ། ངའི་སེམས་ཁོང་ནི་གངས་རིའི་ཕོ་བྲང་ཞིག་དང་འདྲ་བར། གངས་རིའི་སྟོན་པ་མཆོག་གི་བཞུགས་གནས་ཡིད་དུ་འོང་བ་དེ་ཡིན་པར་ཚོར་ཤེས་ཀྱིས་རྙེད་ཅིང་ང་རྒྱལ་གྱིས་ཡང་ཡང་བཤད།  ༢༠༡༩/༡/༢༠ཉིན།  

(མ་རྩོམ་ཡོང་ཁུངས། ཞུ་ཚང་བའི་ཤེས་རབ་ཀྱི་འཇིག་རྟེན།)

པར་པ། ཁྱུང་ཐོག་རྒོད། 

(སྤྱིའི་གཟིགས་གྲངས། 424 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།