ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དེང་རབས་དཔལ་འབྱོར་རིག་པ་དང་དོ་དམ་རིག་པའི་བོད་འགྱུར་སློབ་དེབ།

སྐུ་ཞབས་བ་མོང་ཉི་སྡིད་ལགས་ཀྱིས་དཔལ་འབྱོར་གྱི་འགྲོ་གྲོན་བཏངས་ནས། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐོར་ཞིག་གིས་སྒྲ་སྒྱུར་བྱས་འི་ “དེང་རབས་དཔལ་འབྱོར་རིག་པ་དང་དོ་དམ་རིག་པའི་བོད་འགྱུར་སློབ་དེབ་” ཞེས་པ་འགྲེམས་སྤེལ་བྱས་འདུག བྱ་བ་དེས་བོད་ཀྱི་སྤྱི་ཚོགས་ལ་ཁ་ཚ་དགོས་གཏུག་གི་ཕན་རླབས་ཆེན་པོ་སྟེར་བ་སྨོས་ཅི་དགོས། མ་ཟད་སློབ་དེབ་འདི་ཉིད་བོད་ཀྱི་སློབ་ཆེན་ཁག་ཚང་མ་ནས་བོད་སྐད་རང་གི་ཐོག་ནས་འགྲེལ་བརྗོད་བྱ་ཆོག་པའི་གྲོས་ཆོད་ཀྱང་ཡོད་འདུག་པ་ནི་དེ་བས་སུ་བྱ་གཞག་ཚད་མཐོ་རུ་སོང་། རང་རེའི་མི་བུ་སྒེར་པས་བོད་ཀྱི་སྤྱི་ཚོགས་ལ་འགན་ཁུར་འདི་འདྲ་བྱས་པ་དེས། འབྱུང་འགྱུར་ང་ཚོས་རྗེས་ལུས་ཀྱི་ཁུར་པོ་གཡུགས་ནས་འདྲ་མཉམ་གྱི་གོམ་པ་སྤོ་པའི་སྟ་གོན་ཞིག་འགོ་བརྩམས་པ་རེད་ཅེས་བརྗོད་ཆོག སྔོན་ཆད་རང་རེས་རྒྱལ་ཁབ་གཞན་པའི་རིག་གནས་དང་ལེན་དང་བསྟན་བཅོས་བོད་བསྒྱུར་བྱས་ཏེ་དུས་རབས་དང་འཚམས་པའི་བྱ་གཞག་བསྐྲུན་མྱོང་ཡོད་ཀྱང་། དེས་དེང་རབས་སྤྱི་ཚོགས་དང་རིག་གནས་ཀྱི་ཚབ་བྱེད་མི་ནུས་མོད། དེ་ཕྱིར་དེང་རབས་ཅན་གྱི་འཛམ་བུ་གླིང་པའི་དཔལ་ཡོན་ནང་འདྲེན་ལམ་ནས་ང་ཚོའི་བསམ་བློ་གསར་པ་ཞིག་སྒོ་འབྱེད་བྱ་དགོས་ན་མི་རིགས་གཞན་པའི་ཆབ་དཔལ་རིག་གསུམ་གྱི་བསྟན་བཅོས་བོད་བསྒྱུར་བྱ་རྒྱུ་ནི་དུས་རབས་དང་མཐུན་པའི་བྱ་བ་རླབས་ཆེན་དུ་སོང་བ་ནི་མངོན་གསལ་དོད་པོ་རེད། འོན་ཀྱང་རང་རེ་བོད་མི་རྣམས་སྒྱིད་ལུགས་ཆེ་ཞིང་རྙིང་ཞེན་བཙན་དྲགས་པས་སྔར་སྲོལ་མེས་པོའི་རྐང་ལམ་ནས་གོམ་ཁ་གཞན་དུ་འཆུག་ཤོར་དོགས་བྱས་པ་ནི་ཡར་རྒྱས་ལ་ངོ་རྒོལ་བྱས་པ་ལོས་ཡིན། ལྷག་ཏུ་བོད་ལ་མཚོན་ན་གནའ་བོའི་རིག་གནས་ཀྱི་རིན་ཐང་ནི་འཛམ་གླིང་ནས་ཨང་ཀི་ཚད་མཐོར་བཟུང་རུང་། དེང་རབས་ཚོང་ལས་དོ་དམ་གྱི་ཤེས་བྱ་ནི་ཀླད་ཀོའོ་ནང་དུ་འཛུལ་ཡོད་སྟབས། ད་ལན་བསྟན་བཅོས་འདི་འདྲ་བོད་བསྒྱུར་བྱས་པ་ནི་ནད་ཐོག་ལ་སྨན་ལྟ་བུའི་ཕན་རླབས་བསྐྲུན་ཡོད་པ་ནི་མཁས་བླུན་སུས་ཀྱང་མཁྱེན་སླ་བ་རེད། 

ལར་རྒྱལ་ཁབ་གཞན་གྱི་དཔལ་ཡོན་ནང་འདྲེན་ལ་ཚོང་ཟོག་དང་། ཡུལ་སྲོལ། ཆོས་ལུགས། གསོ་རིག སྙན་ངག སྐད་ཡིག གོམ་གཤིས། འཕྲོད་བསྟེན། གཞན་ཕན་སོགས་སྣ་ཚོགས་ཤིག་མཆིས་མོད། དེའི་ཁྲོད་ནས་བསྟན་བཅོས་བོད་བསྒྱུར་བྱས་པ་ནི་མཁས་པའི་དགོངས་བཅུད་དང་བསམ་བློའི་དཔལ་ཡོན་ནང་འདྲེན་བྱས་པ་ཞིག་ཡིན་མོད། ལྷག་ཏུ་བོད་རིགས་རྣམས་གནའ་བོའི་ཤེས་རིག་གི་དབུལ་བ་མིན་རུང་། དེང་རབས་ཚོང་དོན་ཤེས་བྱ་སོགས་ཀྱི། ཀླད་པའི་ཆུ་ཚད་ནི་ཀླད་ཀོའི་འོག་ཏུ་ལྷུང་ནས་ཡོད་པས་ད་ལན་བོད་བསྒྱུར་བྱས་པའི་བསྟན་བཅོས་འདི་དག་གིས་བོད་ཀྱི་སྤྱི་ཚོགས་གསར་པའི་ལྷན་ཆུང་ཞིག་བྱ་ནུས་པ་དང་། རང་རེའི་མཐོ་སློབ་ཁག་གི་རིག་གནས་སྲ་བརྟན་ལ་ཤུགས་སྣོན་འཕར་མ་ཞིག་སྤྲད་ངེས་ཡིན། འགྲོ་བ་མའི་སྤྱི་ཚོགས་ཡར་རྒྱས་ཀྱི་རྩ་བ་ནི་བསམ་བློའི་འཆར་སྒོ་ལ་ཐུག་ནས་ཡོད། བསམ་བློའི་འཆར་སྒོ་ལ་སྒོ་འབྱེད་གསར་པ་ཞིག་བྱ་དགོས་ན་དཔེ་ཀློག་གི་འཇིག་རྟེན་ཆེན་མོ་ཞིག་འགྲིམས་ནས། འཛམ་གླིང་གི་དཔྱོད་ལྡན་མི་སྣའི་ཀླད་པའི་འཆར་སྒོ་དེ་ང་ཚོའི་ཀླད་རྩ་དང་འབྲེལ་མཐུད་བྱས་ནས་མི་རིགས་ལ་འཕར་རྩ་གསར་པ་ཞིག་བཟོ་སྐྲུན་ཐུབ་དགོས། དེ་ལྟར་ན་འདྲ་མཉམ་དང་གུ་ཡངས་ཀྱི་འཇིག་རྟེན་ཞིག་ཏུ་རང་འགུལ་དུ་བསླེབ་ཐུབ་པ་སྨོས་ཅི་དགོས། ང་ཚོ་ད་ལྟའི་བར་ལོ་ན་སྟོང་ཕྲག་དུ་མར་ལྷ་ཆོས་ཀྱི་བསམ་བློ་རྙོམ་པོས་རང་ཕམ་གཞན་སྐྱེས་གོམ་པ་སྤོས་པར་དོན་དུ་ཕམ་ཁ་མེད་རུང་། འཇིག་རྟེན་འཚོ་གནས་རིག་པ་ཁོ་ནར་ཕྱོགས་པའི་འཛམ་བུ་གླིང་པ་གཞན་དང་བསྡུར་ན་ང་ཚོ་ད་དུང་གནའ་གྲོང་དུ་གདོད་མའི་མི་གཤིས་མ་བོར་བར་གནས་ཡོད་པ་ནི་དགའ་སྐྱོ་གཉིས་ཀྱི་ངོ་གྲུབ་ཡོད། འབྱུང་འགྱུར་གྱི་མི་རབས་གསར་པའི་འཚོ་གནས་ནི་སྔར་མུས་སུ་སྐྱོད་མི་ཆོག་པར་ངེས་པར་དུ་གོམ་ཁ་གཞན་དུ་ཕྱོགས་དགོས་པ་རེད། དེས་ན་སྤྱི་ཚོགས་གཞན་དང་འབྲེལ་འདྲིས་ཤུགས་རྐྱེན་འོག་བསམ་བློའི་སྟོབས་ཤུགས་རྒྱས་ནས་མི་རིགས་གཞན་ལྟར་ཚན་རྩལ་གྱི་ལྡིང་ཆའི་ཐོག་ཏུ་འཛེགས་པར་བརྩོན་རྒྱུ་ཐོག་མའི་ཀུན་སློང་དེ་ཡིན་པ་རེད། རང་རིགས་གཞོན་ནུ་རྣམས་ཀྱིས་རིག་གནས་གསར་གཏོད་དང་ལས་དོན་གཟེངས་ཐོན་ཞིག་གི་སྒོ་འབྱེད་མ་ནུས་རུང་། དེང་རབས་རིག་པའི་ལད་ཟློས་ཙམ་དུ་སྐྱོད་མ་ནུས་ན་ཡིད་སྐྱེངས་དགོས་པའི་གནས་སུ་གྱུར་ཡོད། 

ད་ལན་བོད་འགྱུར་དཔེ་ཚོགས་འདིའི་ལས་དོན་ནི་ལུ་དུ་མའི་སྔོན་ནས། ནུབ་བྱང་སློབ་ཆེན་གྱི་དགེ་རྒན་རྣམས་ཀྱིས་ཕྱག་ལས་འབད་བརྩོན་བྱས་ཤིང་། དཔར་བསྐྲུན་སྦྱིན་བདག་ཁྱུང་པོ་བ་མོང་ཉི་སྡིད་ལགས་ཀྱིས་དཔལ་འབྱོར་གྱི་འགྲོ་གྲོན་ཕངས་སེམས་མེད་པར་བཏང་སྟེ། གསེར་གྱི་རི་ལ་གསེར་གྱི་ཉི་ཤར་བཞིན་ཞེས་པའི་དཔེ་ལྟར། མི་རྒྱུ་གཉིས་ཀྱི་ཆ་རྐྱེན་བཟང་པོ་ཞིག་འཛོམས་པ་དེས་བོད་རིགས་གཞོན་ནུ་ཁྲོད་དུ་རིན་མེད་དགེ་རྒན་བཟང་པོ་གདན་དྲངས་པ་ལྟར་གྱུར་ཡོད་པ་ཡིན། བོད་ཀྱི་ཚོང་ལས་པ་ཕལ་མོ་ཆེ་ཚད་ལྡན་སློབ་གྲྭ་དུ་ཁེ་ལས་མ་འཛུག་གི་སློབ་གཉེར་མ་མྱོང་ཞིང་རྒྱལ་སྤྱིའི་ཚོང་དོན་རིག་པའི་འགྱུར་འགྲོས་ཅི་ལྟར་ཡིན་མིན་དེ་བས་མཐོང་ཐོས་དཀོན་སྟབས། རང་རེའི་ཚོང་ལས་པ་ཕལ་མོ་ཆེས་བོད་ཀྱི་ཞིང་འབྲོག་གི་ཐང་སྐྱེད་རིག་གནས་ཚད་ལྡན་ཚོང་ལམ་དུ་བཀོལ་མ་ཐུབ་ནས། བར་ཚོང་ཁྲོད་དུ་ཕམ་ཚོང་བྱས་པའི་ནག་ཉེས་ནི་གྲངས་ལས་འདས་ཤིང་སུབ་དཀའ་བ་ཞིག་རེད། དཔེར་ན་འབྲོག་པའི་ཕྱུགས་རིགས་ཐང་རྫས་ཏེ། དུད་འགྲོའི་ཞོ་དང་། འོ་མ། མར། ཁུ་ལུ། རྩིད་པ། ཤ། ཀོ་བ། དེ་བཞིན་དབྱར་རྩྭ་དགུན་འབུ་དང་། རྫ་ཡུང། བེ་སྨུག སྨན་ལྡུམ་སོགས་ཐང་རྫས་མང་པོ་ཞིག་བར་ཚོང་ཁྲོད་དུ་ཕམ་ཚོང་བྱས་པ་ལས་རྒྱལ་ཁབ་ཀྱི་ཁྲོམ་རའི་རིན་གོང་འཕར་བཅག་ལ་གཞིག་སྟེ་ཚོང་ལས་བྱ་མཁན་དཀོན་པོར་གྱུར་པ་ནི། ང་ཚོས་ཚོང་དོན་ཤེས་བྱ་མ་ཤེས་པའི་ནག་ཉེས་འབའ་ཞིག་ལས་བྱུང་བ་ཡིན། དེ་བཞིན་འཕྲོད་བསྟེན་དང་རྒྱུན་སྤྱོད་སྣ་ཚོགས་ཀྱི་ཤེས་བྱའི་དཔྱོད་སྒོ་ཡང་དེ་དང་མཚུངས་ནས་ཡོད། ད་ལན་ཁོ་པས་ལྷག་བསམ་དཀར་པོའི་ཉེ་བར་ལས་དྲངས་པའི་འགྱུར་དེབ་འདིའི་བོད་ཀྱི་སློབ་གྲྭ་གཙོ་བོར་བྱས་པའི་གཞོན་སྐྱེས་ཀྱི་སྡེ་ལ་སྐུལ་ལྕག་ནན་པོ་ཞིག་བྱ་བ་ནི་སྨོས་ཅི་དགོས། མདའ་དོན་སློབ་དེབ་འདི་ཉིད་དངོས་སུ་བོད་བསྒྱུར་བྱས་པའི་ལོ་ཙྭ་བ་རྣམས་དང་སྦྱིན་པའི་བདག་པོ་གཙོས་པའི་མདོར་ན་བྱ་བ་འདི་ཉིད་ལ་དངོས་ཤུགས་རྒྱུད་གསུམ་ནས་རྒྱབ་སྐྱོར་དང་རོགས་འདེགས་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག། འབྱུང་འགྱུར་ཀྱང་ཁྱེད་ཚོའི་ལས་འདོན་མཐའ་འཁྱོལ་དང་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་བདེ་ལེགས་ཞུ། ཞང་ཚུལ་མིས་བལ་ཡུལ་ནས་ཕྱི་ལོ་ ༢༠༡༨ ༡༢ ༢༤ ཕུལ།

(སྤྱིའི་གཟིགས་གྲངས། 336 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༸སྐྱབས་རྗེ…
error: རྩོམ་འདི་བདག་དབང་ཅན་ཡིན།