ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བཀའ་རམས་པ་རྨ་རོང་ཚུལ་ཁྲིམས་རྒྱ་མཚོའི་དཔྱད་རྩོམ་དེབ་གསར་འགྲེམས་བརྡ།

འཇིག་རྟེན་མི་ཡུལ་འདིར་མི་རེ་རེ་ལ་སོ་སོའི་འདུ་ཤེས་སམ་དགའ་ཕྱོགས་དང་མཐུན་པའི་མི་ཚེ་སྐྱེལ་སྟངས་མི་འདྲ་བ་རེ་ཡོད་པ་ནི་མི་ཚེའི་གནས་ལུགས་ཡིན་པས་སུས་ཀྱང་བསྒྱུར་དུ་མེད་མོད། འོན་ཀྱང་མི་ཡུལ་འདིར་ཆེ་ཆུང་ལ་མ་ལྟོས་པའི་བཟང་པོའི་རྗེས་ཤུལ་རེ་འཇོག་དགོས་པ་ནི་འགྲོ་བ་མིའི་ཐུན་མིན་གྱི་འོས་འགན་ཡིན་པས་འཇའ་ཚོན་ཤར་ནས་ཡལ་སོང་བ་ལྟར་རྗེས་ཤུལ་མེད་པར་ཡལ་མི་རུང།   དེར་བརྟེན་བཀའ་རམས་པ་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་མི་ལོ་བཅུ་ཕྲག་གཉིས་ཡས་མན་སློབ་གླིང་ལ་བསྐྱལ་ནས་ལུས་ངག་ཡིད་གསུམ་གྱི་དཀའ་སྡུག་མང་པོ་དང་ལེན་བྱས་ཏེ། གཞུང་ལུགས་རྒྱ་མཚོའི་དཔལ་ལ་རོལ་བ་དང་། དམིགས་བསལ་མ་རྒྱུད་ཐུགས་རྗེ་ཉི་མའི་རྩ་འགྲེལ་གཉིས་ལ་སློབ་སྦྱོང་བྱས་པའི་དུས་བཟང་ཁྲོགས་བརླག་ཏུ་མ་བཏང་བར་ཐོས་བསམ་འཆད་རྩོད་ཀྱི་འབྲས་རྟགས་རྩོམ་ཡིག་ཏུ་ཕབས་ནས་ཟིན་ཐོ་དང་དཔྱད་རྩོམ་གྱི་སྐོར་ཏེ། ཐིག་ལེ་ཞེ་ལྔ་སྒྲུབ་ཐབས་འཕྲིན་ལས་གོ་རིམ་དང་སྦྱར་ཚུལ་དང་། ཐིག་ལེ་ཞེ་ལྔའི་ས་བཅད་ངག་འཛིན། གཞི་ཐིག་བཅུ་གསུམ་གྱི་ས་བཅད། ལམ་ཐིག་ཉེར་གཉིས་ཀྱི་ས་བཅད། འབྲས་ཐིག་བཅུ་ཡི་ས་བཅད་བསྡུས་དོན། གཞི་ལམ་འབྲས་གསུམ་གྱི་ཐིག་ལེ་ལྷ་དང་སྦྱར་ཚུལ། སྒྲུབ་གཞུང་དང་མངོན་རྟོགས་སྦྱོར་འགྲེལ་བཅས་གོ་བསྡུར་ནས་ལྷའི་སྐུ་མདོག་ཕྱག་མཚན་མཐུན་མི་མཐུན་གང་བྱུང་བའི་སྐོར། མ་རྒྱུད་ཨ་དཀར་ཐེག་པའི་ཁོངས་སུ་གཏོགས་པའི་དཔྱད་གླེང་། གསང་སྔགས་མ་རྒྱུད་ཀྱི་ལྷ་ཚོགས་དེ་སྒྲུབ་ཐབས་འཕྲིན་ལས་དང་གོ་རིམ་སྦྱར་ཚུལ། གསང་སྔགས་མ་རྒྱུད་ཀྱི་ཆེ་བཞི་མཆོག་ལྔ་ངོས་འཛིན་ཚུལ། གསང་སྔགས་རིགས་སྔགས་གཟུངས་སྔགས་གསུམ་གྱི་ཁྱད་པར་གླེང་བ། མ་རྒྱུད་ལྷ་སུམ་བརྒྱ་དྲུག་ཅུའི་སྐོར་གྱི་དཔྱད་གླེང་།  དབང་བཞིའི་ཟིན་ཐོ་མཐོང་རྒྱུན་ཇི་བཞིན་བཀོད་པ་བཅས་ཀྱི་རྩོམ་ཡིག་མི་འདྲ་བ་བཅུ་གསུམ་ཙམ་བྲིས་ནས་སྦྱངས་པའི་འབྲས་བུ་ཀུན་གྱི་མིག་སྔར་བཤམས་པ་ནི་སློབ་གཉེར་བ་གཞན་ཚོས་མིག་དཔེ་ལྟ་ཡུལ་དང་། རྗེས་སུ་ཡི་རངས་ཀྱི་གནས་སུ་མཐོང་ངོ་། །གཞུང་དང་རིག་གནས་གང་ཡིན་ཡང་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་དུ་ཟིན་ཐོ་འགོད་པ་ནི་མི་ཚེའི་རྣམ་དཔྱོད་དང་། ཐོས་བསམ་སྒོམ་པའི་རྟོགས་པ་སོགས་ཡར་རྒྱས་གཏོང་བའི་ཐབས་བཟང་པོ་ཞིག་དང་། བསམ་བློའི་བང་མཛོད་ནང་ཤེས་བྱའི་རྒྱུ་ནོར་གསོག་ཐབས་ཀྱི་ལྡེ་མིག་ལྟ་བུ་ཆགས་ཡོད་པས་ཤེས་ཡོན་ལ་སྙིང་ནས་དད་པ་ཡོད་པའི་དགེ་སློབ་སུ་ཡིན་རུང་ཉིན་རེའི་འཆད་རྩོད་རྩོམ་པ་དང་། ཐོས་བསམ་སྒོམ་པའི་སློབ་སྦྱོང་གི་ཁྲོད་དུ་ཟིན་ཐོ་འགོད་པའི་གོམས་གཤིས་འཇག་པར་བྱ་དགོས། ལྷག་པར་དཔྱད་རྩོམ་འབྲི་བའི་བརྒྱུད་རིམ་ཁྲོད་རྩོམ་ཡིག་གི་རྒྱུ་ཆ་ལ་དཔེ་ཆ་མང་པོ་ཀློག་དགོས་པ་དང་། དེ་ཡང་བསྐྱར་ཀློག་ཡང་ཀློག་མང་པོ་དགོས་སྟབས། དཔེ་ཆའི་ཤ་གསེང་རུས་གསེང་དུ་འཛུལ་ནས་ཚིག་འབྲུ་རེ་རེའི་མདུན་དང་རྒྱབ། ཁ་དང་གཏིང་། གཡས་དང་གཡོན། ཚིག་དང་དོན་ཚང་མ་མཐོང་ཐུབ་པས་ནམ་རྒྱུན་གྱི་དཔེ་ཀློག་དང་མི་འདྲ་བའི་དགེ་མཚན་མང་པོ་ཡོད་པ་དང་། དེ་བཞིན་རྩོམ་ཡིག་གི་ཚིག་སྦྱོར། བརྗོད་བྱ་སྟོན་སྟངས། བརྗོད་དོན་གོ་རིམ་སོགས་མང་པོ་ཞིག་ལ་བསམ་བློ་གཏོང་དགོས་སྟབས་འཆད་པ་དང་། རྩོད་པ། རྩོམ་པ་གསུམ་ལས་རྩོམ་པ་མཆོག་ཏུ་གསུང་སྲོལ་ཡོད་པ་དང་། རྩོམ་ཡིག་བཟང་པོ་ལ་རང་གཞན་གྱི་ཤེས་རབ་འཕེལ་བའི་ཆ་རྐྱེན་དང་། བསྟན་པའི་གསལ་བྱེད་དུ་གྱུར་པ་སོགས་ཀྱི་ཡོན་ཏན་མང་པོ་ལྡན་པས་རྩོམ་པ་བོན་གྱི་འཁོར་ལོ་ཞེས་གསུངས། རྩོམ་དེབ་འདིའི་ནང་འཁོད་པའི་རྩོམ་ཡིག་ཁག་གིས་མ་རྒྱུད་ཐུགས་རྗེ་ཉི་མའི་སྐོར་ལ་སློབ་གཉེར་གནང་བཞིན་པ་དང་ཤེས་འདོད་ཅན་གྱི་བློ་གསར་སོགས་དོན་གཉེར་ཅན་རྣམས་ལ་ཕན་ཐོགས་འབྱུང་ངེས་སུ་གྱུར་པ་དང་། ལྷག་པར་གསང་རིགས་གཟུངས་གསུམ་གྱི་ཁྱད་པར་གླེང་བ་ལྟ་བུ་ནི་དེ་སྔོན་རང་རེའི་མཁས་པ་རྣམས་ཀྱིས་མ་གླེང་པའི་དཔྱད་རྩོམ་དམིགས་བསལ་བར་ཆགས་པ་སོགས་ལྷན་རྒྱས་ཀྱིས་མཐར་ཆགས་སུ་བཀླག་ན་རྟོགས་ངེས་པ་དང་། རྩོམ་ཡིག་གི་རིན་ཐང་འཇལ་མཁན་གཙོ་བོ་ཀློག་པ་པོ་རྣམས་ཡིན་སྟབས་གླེང་བརྗོད་འདི་ཡི་ནང་དུ་སྤྱི་བཤད་ཙམ་ལས་རྩོམ་ཡིག་རེ་རེའི་ནང་དོན་དང་། དགེ་མཚན་བཅས་ཀྱི་སྐོར་ཞིབ་གླེང་བྱས་མེད་ཅེས་ཞུའོ།། །།

ཚངས་པ་བསྟན་འཛིན་གྱིས་༢༠༢༤།༡༠།༢༢ཉིན་བྲིས།

(སྤྱིའི་གཟིགས་གྲངས། 178 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དཔེ་སྐྲུན་…
error: རྩོམ་འདི་བདག་དབང་ཅན་ཡིན།