ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བགྲེས་པོའི་འབེལ་གཏམ་འདོན་ཐེངས་ཉེར་གཅིག་པ་གསར་ཐོན་བྱུང་བ།

བགྲེས་པོའི་སྔོན་གླེང་ཁྱེའུ་གསོ་བའི་བདུད་རྩི།

ཡ་ཐོག་སྲིད་པ་བོན་གྱི་སྙིང་བཅུད་ཁ་བ་རི་པའི་གཅེས་ནོར་དུ་གྲགས་པའི་གྱེར་རམ་བོན་ཞེས་བླ་དྭགས་བསྙད་དེ། མེས་པོའི་རིག་གཞུང་དུ་འབོད་སའི་གཞི། ཕྱི་ཡི་ལྕགས་རི་དང་། ནང་གི་ནོར་བུ་ཟེར་བ་ལྟར། འཕྲུལ་ཡིག་བཞི་བཅུ་སྒྲིག་སྦྱོར་ལ་བརྟེན་ནས་བྱུང་བའི་འོ་ཅག་གི་བང་མཛོད་ངོ་མ་དེ་བཀའ་དང་བཀའ་བརྟེན་དུ་གྲགས་པའི་ཕྱོགས་སུ་སྦམས་པ་མེས་པོ་བྱེ་བའི་རྣམ་དཔྱོད་ཀྱི་རྗེས་ཤུལ་ཏེ། དཀའ་སྡུག་སྟོང་གིས་ནུས་མཐུ་ལས་བྱུང་བའི་གླེགས་བམ་དཀར་ནག་ཁྲ་གསུམ་འདི་དག ཁྱིམ་ཕུག་གི་གཟེབ་ཏུ་ཚིག་རུལ་བམ་གསུམ་མ་ཤོར་བ་འཇིག་རྟེན་ཁམས་སུ་བཀྲ་ལམ་མེ། འོད་སྤུང་ངེར་བཞུགས་པ་ལ་བརྟེན་ནས་དེང་དུས་རབས་ཉེར་གཅིག་པར་ཕྱི་ཡི་རྒྱལ་ཁབ་གང་གི་ཡིག་རིགས་ལ་བརྟེན་མི་དགོས་པར། རང་སྐྱ་ཐུབ་པའི་སྐད་ཡིག་འཐུས་སྒོ་ཚང་བ་འདིའི་བྱུང་ཁུངས་ངོ་མ་ནི་འོ་ཅག་གི་མ་འདྲིས་པའི་མཛའ་བཤེས་བླ་མེད་དུ་གྱུར་པ་སྟོན་པ་གཤེན་རབ་མི་བོ་ཆེས་སྲོལ་བཏོད་པའི་ཡི་གེ་འདི་ཁོ་ནའི་བཀའ་དྲིན་ཡིན་པ་ངོ་ཤེས་པའི་ཐོག་ནས་རང་རེ་སྒང་པ་བོད་ཀྱི་ན་གཞོན་ཚོས་ཐུགས་སྣང་ཆེར་བཞེས་དགོས་པའི་གནས་སུ་སླེབས་ཡོད། ལྷག་པར་དུ་ལྟ་སྒོམ་ཉམས་མྱོང་ཅན་གྱི་རྟོགས་ལྡན་དང་། ཐོས་བརྩོན་ཤེས་རབ་ཅན་གྱི་མཁས་པ། དད་སེམས་བློ་གྲོས་སྐྱེན་པོའི་སྐྱེ་བོ་སོགས་མདོར་ན་རང་རེའི་ཤེས་རིག་གོམས་སྲོལ་ལ་དགའ་ཞེན་ཅན་རྣམས་ཀྱིས་མེས་པོའི་རིག་གཞུང་འདི་ཉམ་ས་ནས་གསོ། ཆད་ས་ནས་མཐུད། སྔོན་མ་དར་ཡང་། ད་ལྟ་རྒུད་པའི་ཡུལ་ཕྱོགས་རྣམས་སུ་ནད་ལ་སྨན་དང་། གདོན་ལ་གཏོ་སོགས་སེམས་ཅན་གྱི་མོས་སྣང་སྣ་ཚོགས་ལ་ལྟོས་ཏེ། བོན་ཡང་སྣ་ཚོགས་པར་བསྟན་དགོས་པ་མ་ཟད། ཆེས་གལ་ཆེ་བ་དང་དགོས་ངེས་པ་གཅིག་ནི། རང་རེའི་དགོན་སྡེ་ཕལ་མོ་ཆེར་དེང་དུས་འཆད་རྩོད་རྩོམ་གསུམ་གྱི་ནང་ནས་རྩོམ་རིག་གི་གནས་བབས་འདི་ཧ་ཅང་ཉམས་འཁོས་ཞན་པོར་གྱུར་ཞིང་། མཆོག་དམན་ཀུན་གྱིས་ཞིབ་ཚགས་ཀྱིས་བསམ་གཞིག་དང་ཏན་ཏིག་གིས་འབྲུ་དོན་ལ་མི་སེམས་པར་ཚབ་ཚུབ་ཀྱིས་རྩོམ་ཐུང་འགོ་མཇུག་ཆ་མི་འཚལ་བ་སྤེལ་དང་སྤེལ་མུས་ལ་ངོས་ཅག་ཚང་མས་དོ་ཁུར་ཆེར་བསྐྱེད་ཀྱི་གནས་སུ་ལགས་པས། ཡོན་ཏན་ཅན་གྱི་དགེ་རྒན་དང་། སློབ་ལ་གཞོལ་བའི་དགེ་ཕྲུག་སོགས་མཆོག་དམན་སུ་ཡིན་ནའང་། དང་ཐོག་གི་དབུ་འཁྱུད། བར་གྱི་ཚེག མཐའ་ཡི་ཤད། ཐ་སྙད་ཀྱི་འབྲུ་རེ་དང་བཅས་པར་སོ་སོའི་ཐོབ་ཐང་གནས་བབས་དང་བསྟུན་ཏེ། མཐོང་ཆུང་དང་ཐུགས་སྣང་ཞན་པའི་སྤོམ་བཤད་དུ་མ་གྱུར་པ་བརྡ་དག་སྙན་གསུམ་ལྷུ་ལག་ཚང་བའི་ལས་དོན་ལ་ཆུ་བོའི་རྒྱུན་བཞིན་བརྩོན་རྒྱུར་རེ་འབོད་དང་བཅས་ཏེ། ངེད་བགྲེས་གཏམ་རྩོམ་ཚོགས་ནས་ཀྱང་༸གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་རྩ་བའི་བླ་མ་སྨྲ་དབང་ཡོངས་འཛིན་ཆེན་མོས་ཞལ་བཀོད་ལྟར་ང་ཚོའི་ཆོས་དང་རིག་གཞུང་གི་གཞོགས་འདེགས་སུ་དམིགས་ཏེ་ལོ་སྟར་ཆགས་སུ་ལོ་དེབ་རེ་སྤེལ་དང་སྤེལ་མུས་བཞིན། ད་ལན་༼བགྲེས་པོའི་འབེལ་གཏམ་འདོན་ཐེངས་ཉེར་གཅིག་པ༽འདིའང་བྲེལ་ཟིང་གི་ངང་ནས་འདོན་སྤེལ་ཞུས་པ་ལགས་ན། ངེད་རྩོམ་སྒྲིག་པ་ཚོས་ཉམས་མྱོང་གི་མ་འདང་བ་དང་། མ་རྟོགས་པ་སོགས་དོན་ལོག་འགལ་འཛོལ་ཅི་མཆིས་མཁྱེན་ལྡན་མཁས་པའི་ཚོགས་ལ་བཤགས་ཤིང་ལེགས་ཚོགས་ཀྱི་འབྲས་བུ་ཅི་མཆིས་ཁ་བ་གངས་ཅན་པའི་བསྟན་པའམ་ཤེས་རིག་གི་གསོས་སུ་འགྱུར་ཞིང་༸སྨྲ་དབང་རྩ་བའི་བླ་མའི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཤུགས་དྲག་དང་བཅས།

གཙོ་སྒྲིག་པ་ཡོན་ཏན་རྒྱ་མཚོས་ཕྱི་ལོ་2021ཟླ་བ་1ཚེས་11ཉིན།

གནས་ཚུལ་མཁོ་འདོན་པ་གཙོ་སྒྲིག་པ་ཡོན་ཏན་རྒྱ་མཚོ།

(སྤྱིའི་གཟིགས་གྲངས། 852 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༧སྐྱབས་རྗེ…
error: རྩོམ་འདི་བདག་དབང་ཅན་ཡིན།