ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བགྲེས་པོའི་འབེལ་གཏམ་འདོན་ཐེངས་ཉེར་གཉིས་པ་གསར་ཐོན་བྱུང་བ།

སྔོན་གླེང་སེང་གེ་གླལ་བ།

རང་རེ་གངས་ཅན་པའི་རྣལ་མའི་རིག་གཞུང་འདི་ནི་ཁ་རྡུང་དྲག་པོའི་འོག་གི་བཟའ་ཉོབ་དང་འདྲ་བར་ཕམ་ཁ་དུ་མར་བྱུང་ནའང་། དེང་གི་ཆར་ནམ་ལངས་ཀྱི་སྐྱ་རེངས་དང་འདྲ་བ་བོད་རིག་པའི་ཞིབ་འཇུག་གི་འུར་ཟིང་གིས་འཐེན་འཁྱེར་གྱི་རྣོ་ངར་དེའང་བཅོམ་བཞིན་མཆིས། ག་གེ་མོའི་ཆོས་དང་རིག་གཞུང་གི་འགོ་ཁུངས་ཆེ་བཙུན་དུ་རློམ་སྟེ་གནའ་རབས་ཀྱི་རྣལ་མའི་འགྲོས་ལ་བསྙོན་པ་བགྲང་གིས་མི་ལང་མོད། འོན་ཀྱང་དེང་ཆར་ཤོབ་ཀྱི་ཕང་ཕུང་རྣམས་དངོས་པོའི་བདེན་དཔང་གིས་རིམ་བཞིན་འཇིག་ལ་ཕྱོགས།

དེས་ན་དྲང་བདེན་གྱི་རྒྱལ་ཁ་དེ་ནམ་མཁའི་མཐོངས་ཡངས་སུ་བཀྱགས་པར་ངེས། འཁྱག་ལ་འབྱར་བའི་གནའ་ཤུལ་དག་གི་གསེབ་ནས་རིན་པོ་ཆེའི་གསེར་འབག་སེར་པོ་གཅིག་རྗེས་གཉིས་མཐུད་ཀྱིས་རྡོལ་བཞིན་པར་བདེན་དཔང་སྟེ། “རྟེན་ལྔ་རྟེན་ལ་རྟེན་ཆོས་ལ”ཞེས་པའི་གཏན་ཚིགས་ཀྱི་བར་ནས་གསེར་ཞལ་སེར་པོའི་འོད་མདངས་འཚེར། ད་ནི་གནའ་བོའི་བྱུང་རབས་ཀྱི་འཁར་བ་ལ་ཁེན་ནས་བདེན་དོན་ཁོ་ནའི་ཕུགས་འཚོལ་བས་ན། བདེན་པའི་ལོ་རྒྱུས་ཀྱི་མགོ་བོ་དགྱེ་ནས་མཁའ་ལ་ལྡང་བཞིན་པའི་ཚོད་དུ་སྣང་།

ནར་མ་སོན་པའི་བྱིས་པའི་རྩེད་འཇོ་དང་འདྲ་བ་གཡག་ཞར་གྱི་རིང་ལུགས་དག་ལ་ཁའི་ཉི་མ་བཞིན་ནུབ་ལ་ཉེ། ཨ་འཐས་ཀྱི་གཉིད་ལས་སད་དེ་གནའ་རབས་ཀྱི་གྱང་ཞིག་ཚུན་ཆད་སེན་འབྲད་རྒྱག་སྟེ་རིགས་ལམ་གྱིས་བདེན་པ་བདར། བདེན་ཁའི་རྔམ་ཟིལ་གྱིས་གཤེན་རབས་པ་དག་དོགས་སྣང་གི་དྲན་པ་བརླགས་ཏེ་ལྷོད་ཤིག་གེར་ཕ་ནོར་སྤྱོད་པའི་རྫོགས་ལྡན་གྱི་བསྐལ་བཟང་ཞིག་ཤར་བའང་བརྩི་ཆོག་མོད།

འོན་ཏེ་སྤྲིན་བར་གྱི་ཉི་མ་ལྟར་ཡུན་ཐུང་གི་སྣང་བ་འདིའང་བརྗེད་ཐབས་མེད་ལ་ལྷོད་ཡེངས་ཀྱི་དྲ་བར་ཚུད་མི་རུང་། འཆད་རྩོད་ཀྱི་རུ་བར་ནས་སྒོམ་སྒྲུབ་ཀྱི་བདེ་དྲོད་བརླགས་པའི་སྣང་ཚུལ་འདི་ཏན་ཏིག་གིས་འདང་ཞིག་རྒྱག་དགོས་པའི་ཚོད་དུ་སླེབས། ཡང་རྩེ་ནི་མཐོ་ཤོས་ཏེ་ཀུན་མཐོང་གི་རྩེ་མོ་འདི། བྱ་ར་དང་སོ་པ་ནི། གྱེར་སྒོ་འདིའི་གནས་བབས་ཡིན།

སྙིང་སྟོབས་དང་ཐབས་མཁས་ཀྱིས་རྒྱལ་བསྟན་གྱི་སྒྲོན་མེ་འདི་ས་ལ་མ་ནུབ་པ་བྱ་རྒྱུ་ནི་གཤེན་པོ་རྣམས་ཀྱི་འཕྲིན་ལས་ཉག་གཅིག་ཏུ་ངེས་ཕྱིར་ནམ་ཡང་མཛད་འཕྲིན་གྱི་འོད་ཞགས་རྨད་པོ་ཆེ་འདི་ལྷོད་མི་རུང་ཞེས་པའི་གཞེན་སྐུལ་དང་སྦྲགས་ཏེ་ད་ལན༼བགྲེས་པོའི་འབེལ་གཏམ་འདོན་ཐེངས་ཉེར་གཉིས་པ༽འདི་ཉིད་འདོན་སྤེལ་བྱ་བའི་རྒྱུད་རིམ་ཁྲོད་མཁྱེན་དགོས་པ་ཞིག་ནི། ཞུ་དག་དང་ལེགས་སྒྲིག་སྐབས་སུ་གནའ་བོའི་ཡིག་རྙིང་གཅེས་སྲུང་དགོས་ཕྱིར་ལུང་འདྲེན་དང་མཆན་བུ་སོགས་སུ་ཡིག་རྙིང་ཡོད་རིགས་མ་དཔེ་སོར་བཞག་གིས་བཅོས་བསྒྱུར་གང་ཡང་བྱས་མེད་པས་དཔྱོད་ལྡན་རྣམ་པའི་ཐུགས་དབྱིངས་སུ་མི་གཡེལ་བ་མཁྱེན་མཁྱེན་ཞུ། གཙོ་སྒྲིག་པ་ཡོན་ཏན་རྒྱ་མཚོས་སྤྱི་ལོ་༢༠༢༢ཟླ་༢ཚེས་༧ཉིན།

པར་རིས་དང་སྔོན་གླེང་མཁོ་འདོན་པ་བགྲེས་གཏམ་རྩོམ་སྒྲིག་པ་ཉག་རོང་གཡུང་དྲུང་ཐོགས་མེད།

(སྤྱིའི་གཟིགས་གྲངས། 713 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བོད་ཟླ་བཅུ…
error: རྩོམ་འདི་བདག་དབང་ཅན་ཡིན།