ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བཙུན་མ་ཕུན་ཚོགས་ཚུལ་འཛིན་གྱི་དེབ་གསར་ཡུལ་འཁྱམས་བུ་མོའི་མགྲིན་རྒྱན་ཞེས་པ་གསར་དུ་ཐོན་པ།

སྔོན་གླེང་ནེའུ་ཆུང་རྣ་རྒྱན།

________________འབུམ་རམས་མ་བཟང་མོ།

གནའ་སྲོལ་བཙན་པོའི་དམག་དཔུང་ཁྲོད་དུ། །གདོང་མཆོང་གཡུ་རིས་གོ་ཁྲབ་གསོལ་བའི། །

ཁ་བའི་བུ་མོ་པདྨ་འོད་མཛེས། ། ཤེས་རབ་བློ་རྩལ་ཅན་གྱི་དཔའ་མོ། །

གནའ་སྲོལ་གྱི་ཁོར་ཡུག་དང་འགྲོག་སྟེ་སྤྱི་ཚོགས་ཀྱི་ངག་རྒྱུན་དུ། ” བློ་ཕུག་ནག་མོ་ལ་བཅོལ་ན་རྒྱལ་ཁབ་ཕུང་།” ཟེར་བ་དང༌། ཡང་ ” བྱ་ནག་མོ་གཉིས་ལ་རྣ་མཆོག་མེད། ” ཟེར་བ་ལྟ་བུས་གཡོན་ལྷུང་གི་སྐད་ཆ་དེ་ཚོས་རང་རེའི་སྤྱི་ཚོགས་ཁྲོད་དུ་བུད་མེད་ཚོ་གོ་མེད་ཚོར་མེད་དུ་གཏོང་བ་ཉུང་ཉུང་ཞིག་ག་ལ་ཡིན། འདི་ལྟ་བུའི་ངན་གོམས་སུ་གནའ་སྲོལ་གྱིས་མི་ཡི་རིགས་ཀྱི་ལྷན་སྐྱེས་ཀྱི་ཤེས་རབ་ལ་མཐོང་ཆུང་དང་ཁྱད་གསོད་བྱས་མྱོང་བའི་སྤྱི་ཚོགས་ཤིག་ནས་ཕྱིར་དོན་དགོས་ན། ད་གཟོད་སྙིང་སྟོབས་དང་བརྩོན་པ་གདོང་མཆོང་དང་བློས་གཏོང་གང་མང་ཞིག་བྱ་དགོས་པ་ནི་སྨྲ་ག་ལ་དགོས། འདིར་དཔེར་མཚོན་ལེགས་ཤོས་ཤིག་ནི། ཁ་བ་གངས་ཅན་པའི་སྐྱེས་མ་ཞིག་གིས་ཁ་ཁོག་པས་མ་གསང་། བློ་རྒྱུ་མས་མ་བསྐུམས་པར་དགའ་སྐྱོ་ཆགས་སྡང་ཡོད་ཚད་སྨྱུག་ཁ་ནས་ཕྱིར་བཏོན་པའི་<<ཡུལ་འཁྱམས་བུ་མོའི་མགྲིན་རྒྱན་>>དང་འདིའི་རྩོམ་པ་པོ་པདྨ་འོད་མཛེས་སམ་ཕུན་ཚོགས་ཚུལ་འཛིན་ལྟ་བུ་རེད། 

ད་ལན་ཁོང་གིས་རང་ཉིད་ཀྱི་ཁོར་ཡུག་དང་འབྲེལ་བའི་ཕ་ས་སྦྲ་ནག་སྨུག་པོ་ནས་མི་ཡུལ་བས་མཐའ་སྐྱ་བོ། གཉེན་ཉེ་དུས་ཀྱི་མགྲོན་པོ་ནས་སློབ་གྲོགས་སྐྱིད་སྡུག་གཤོག་ཡ། དགེ་རྒན་ལམ་སྟོན་སྒྲོན་མེ་ནས་སློབ་པ་མི་ཚེའི་གྲིབ་གཟུགས་བར་གྱི་བརྗོད་བྱར་བཟུང་ཞིང་། སྤྱིར་ཞང་བོད་མེས་པོའི་ཕ་སྐད་གཙང་མའི་རྒྱན་བཀྲས་པའི་དཔེ་དེབ་འདི་ཉིད་ལ་མཁོ་བའི་སྔོན་གླེང་ཞིག་འབྲི་དགོས་པར་བཀའ་མངགས་གནང་བྱུང་བ་ལྟར། སྤྱིར་དཔེ་དེབ་ཀྱི་བརྗོད་བྱ་དང་རྗོད་བྱེད་ཐད་ལ་དཔྱད་པ་གཏོང་རྒྱུ་ནི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ལས་འགན་ཡིན་སྟབས་ངས་འདི་ནས་གསལ་བཤད་དང་ངོ་སྤྲོད་སོགས་བྱ་དགོས་མ་མཐོང་། ཡིན་ནའང་སྐྱིད་སྡུག་དང་རྒྱབ་ལྗོངས། ལ་རྒྱ་དང་ཀླད་རུས་གཅིག་པའི་བུད་མེད་གཅིག་གིས་རང་གི་རེ་སྨོན་དང་མངོན་འདོད་མཚོན་ཆེད་ངས་འདི་ནས་དེབ་འདིའི་སྔོན་གླེང་ཚུལ་དུ་རང་རེའི་སྐྱེས་མ་ཚོའི་ལས་དབང་ལ་བསམ་ཚུལ་འགའ་ཞིག་ཞུ་འདོད་བྱུང་།

སྤྱིར་འཛམ་གླིང་འདིར་སྔོན་ཆད་དང་མི་འདྲ་བར་ད་ནི་སྲིད་འབྱོར་རིག་གསུམ་གྱིས་ཤར་ནུབ་འདབ་སྦྲེལ་ཏེ། “འདོ་བ་རྟ་ལ་བང་ཁ་ཡོད་ན། ཨ་ཆེན་ཐང་ལ་ཟད་མཐའ་མེད་”ཅེས་པ་ལྟར་ཕོ་མོ་ལ་དབྱེ་བ་མེད་པར་བརྩོན་པ་དང་འབད་པས་ནུས་ན་ལམ་བུ་དང་གོ་སའང་མང་མོད་ཀྱང་། ཆོས་ལུགས་དང་གནའ་སྲོལ་ལ་བླ་འཁྱམས་པའི་མི་རིགས་དང་སྤྱི་ཚོགས་ཤིག་ལ་མཚོན་ན་ད་དུང་ཡང་དེའི་ཐད་ནམ་ལངས་པ་ལས་ལང་རྒྱུ་མང་ནས་བསྡད་ཡོད། གཏམ་དཔེ་ཞིག་ལ། “ཁ་རོག་བསྡད་ན་བུ་མོ་ལྐུགས་མ་ཟེར། གནས་ལུགས་བཤད་ན་བུ་མོ་ཕེར་ཤ་ཟེར་”ཞེས་པ་ལྟར་ང་ཚོའི་སྤྱི་ཚོགས་འདིའི་ཁྲོད་དུ་ཁ་དང་ལག་པའི་བར་ཐག་རིང་དྲགས་པས་གླེང་རྒྱུ་དང་བསྒྲུབ་རྒྱུ་གཉིས་གབ་མི་འཐུག་པའི་གནས་ཚུལ་གང་མང་བྱུང་དང་འབྱུང་བཞིན་ཡོད་ལ། དེང་སང་མཁས་པ་ཡིན་ཟེར་མཁན་འགས་གདོད་མའི་བོད་ཀྱི་སྤྱི་ཚོགས་ཁྲོད་བུད་མེད་ལ་འགན་དབང་ཡོད་མེད་གླེང་བ་ལས་ཐོབ་ཐང་ཆ་ཚང་སྤྲད་ཡོད་པར་གླེང་པར་ཐོས་མོད་ཀྱང་། འོན་ཀྱང་སྐབས་དེར་སྤྱད་པའི་ཆོས་ལུགས་དང་གནའ་སྲོལ་དེ་ཚོའི་ནང་བུད་མེད་ཡར་རབས་ཤིག་གི་ཚད་དེ་མཛངས་མའི་ཡོན་ཏན་བརྒྱད་ཅེས་པ། དཔེར་ན། སྐྱེས་པ་མེད་ཀྱང་ཉོན་མོངས་ཀྱི་དབང་དུ་མི་འགྲོ་བ། ཁྱིམ་ཐབ་ལ་སྙིང་ཉེ་བ། བུ་མང་དུ་བཙའ་བ། ལུས་ཚུགས་ཐུབ་པ། སྨྲ་བ་མང་པོ་མེད་པ། སེམས་དྲང་པ། ཕྱི་ཐག་རིང་བ། ལས་ལ་ཡང་ཞིང་ལག་འབྲས་གཙང་བ་ཞེས་པ་འདི་དག་ལ་བརྟག་ན་བུད་མེད་རྣམས་ནི་སྐྱེས་པ་ཚོར་ནམ་མཁོའི་ལག་ཆ་ཞིག་དང་། ནམ་ཡང་ལྐུགས་པའི་ངང་ཚུལ་དུ་འདུག་ནས་ཁྱིམ་ཐབ་བུ་བཙའ་ཙམ་ལས་སྤྱི་ཚོགས་དང་ཤེས་ཡོན་གྱི་ལམ་སྣ་འཁྲིད་ཐུབ་མཁན་ཞིག་ལ་ངོས་འཛིན་དང་ཐོབ་ཐང་སྤྲད་མེད་པ་འདི་ཁོ་ནས་བུད་མེད་ཚོར་མཐོང་དང་གོ་ས་ཇི་ཙམ་བྱིན་ཡོད་པར་ཤེས་ནུས། དེ་ཙམ་གྱིས་མ་ཚད་སྲོང་བཙན་སྒམ་པོས་མི་ཆོས་གཙང་མ་བཅུ་དྲུག་བཞག་སྐབས་གྲོགས་ངན་དང་བུད་མེད་ཀྱི་ཁ་ལ་མི་ཉན་པ་ཞེས་བཀོད་ཡོད་པ་དེས་རང་རེའི་སྤྱི་ཚོགས་ཁྲོད་བུད་མེད་ཀྱི་ལས་དབང་ལ་ཉལ་བའི་སྟེང་དུ་རྡོག་བརྫིས་དྲག་པོ་ཞིག་བཏང་ཡོད། དེ་དང་འདྲ་བར་ཆོས་ལུགས་ཀྱི་དཔེ་ཚོགས་བྲག་རི་ལྟར་གཏམས་པ་དེ་ཚོའི་ནང་། ” ལར་ཡང་བུད་མེད་བློ་ལ་སྙིང་པོ་མེད། །དཔེ་དོན་འཇོག་ས་སྔོན་མོ་ཆུ་ལ་བྱས། །ཆུ་ལ་སྙིང་པོ་བྱུང་པ་ལྦུ་བ་ཡིན། །དེ་ལ་བརྟག་ཅིང་བཟུང་དུ་ཨེ་འདུག་ན།” ཞེས་སོགས་བུད་མེད་ཀྱི་སྐྱོན་ལྔ་དང་ཉེས་པ་ཆེན་པོ་བརྒྱད་སོགས་བགྲང་ཡོད་པ་མིན་ནམ། དེ་དང་དེ་འདྲའི་ངན་ཚིག་དང་ཁྱད་གསོད་ཀྱི་གཏམ་དེ་ཚོ་བུད་མེད་ཚོའི་མགོ་ཐོག་ཏུ་མི་རབས་ནས་ཚ་རབས་སུ་ཡུན་རིང་ཕྱར་ཕྱར་རྗེས་ད་གཟོད་སྐྱེས་མ་རང་ཉིད་ཚོས་ཀྱང་ལོ་རབས་ནས་ལོ་རབས་བར་རང་བཞིན་གྱིས་སེམས་ཞུམ་པ་དང་མགོ་འཕང་དམའ་བོའི་དམན་སར་བཟུང་ནས་བསྡད་ཡོད།

ཕྱོགས་གཞན་ཞིག་ནས་གླེང་ན་རང་རེའི་ཁྱིམ་མཚེས་རྒྱལ་ཁབ་མ་ཧ་ཙི་ནའི་ཡུལ་གྲུ་ཆེན་པོའི་ལུགས་ལྟར་བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན་ཞེས་གོང་དུ་བཀུར་སྟངས་ཞིག་ཡོད་པར་སྨྲས་མོད་ཀྱང་། དོན་དུ་གོང་མ་ཐང་རྒྱལ་རབས་ཀྱིས་དུས་འཛིན་ནས་ད་བར་སྤྱི་ཚོགས་ཆེན་པོ་དེའི་ནང་བུ་ཞིག་སྐྱེས་ན་གཏང་རག་དང་ལྷ་གསོལ། བུ་མོ་ཞིག་སྐྱེས་ན་སེམས་སྡུག་དང་ལྟས་ངན་དུ་བརྩི་བའི་སྲོལ་དེ་དར་ཆེ་བར་མ་མཐོང་ངམ། ད་རུང་རྒྱ་གར་ལྟ་བུར་གནའ་སྔོན་བྲམ་ཟེའི་རིགས་ཀྱི་བུད་མེད་ཀྱི་གནས་བབ་དེ་དག་ད་ལྟའི་ཆར་ཡང་མངོན་པ་མི་གསལ་བའི་ཚུལ་དུ་མ་ཉམས་པར་གནས་ཡོད་པས་ཡུལ་འདིར་མཚོན་ན་བུད་མེད་ནི་གནས་སྐབས་སྐྱེས་པ་ཚོའི་ལག་ཅ་དང་བེད་སྤྱོད་རྒྱུའི་དངོས་པོའི་རིན་ཐང་ཙམ་ལས་ཆེར་མེད། འདི་དག་བསམ་ཚེ་ངོ་མ། ཀྱཻ་མ། བུད་མེད་ཚོའི་ལས་དབང་དང་ཁ་སྟབས་ལ་ཇི་འདྲའི་གོད་ཆགས་ཤིག་ཐེབས་འདུག་ཨང་སྙམ་པའི་སེམས་ཁོངས་སུ་གྲང་འདར་ཞིག་དང་མིག་ཀོང་ནས་མཆི་མའང་འགྲིལ་ཡོང་། འདི་ལྟ་བུའི་བག་ཆགས་དང་སྲོལ་ངན་དེ་དག་རྩ་མེད་དུ་གཏོང་ཕྱིར་ད་ནི་རང་རེ་བུད་མེད་ཚོས་བརྩོན་པ་དང་ཤེས་རབ་ཀྱི་འཕྲུལ་མདའ་ཐོག་སྟེ། ཡ་ང་དང་དཀའ་ཚེགས་ཅན་གྱི་ལས་དབང་གི་བྲག་འཕྲང་གཏོར་བའི་དུས་ཡིན་ལ། ཤེས་རིག་གི་གཤོག་རྒྱང་བཀྲབ་སྟེ་འདྲ་མཉམ་ཀྱི་དགུང་སྔོན་ཉུལ་བའི་དུས་རབས་ཤིག་ཀྱང་ཡིན། 

བཟང་ཕྱོགས་ཞིག་ནས་བཤད་ན། དེ་ཡང་ཡིན་ཏེ། སྟོན་པ་ཐུགས་རྗེ་ཅན་གྱིས་ཀྱང་ཕོ་མོ་ལ་དབྱེ་བ་མེད་པར་ཤེས་རབ་ཀྱིས་རྒྱུད་སྦྱངས་ཤིང་འགྲོ་བའི་དོན་བྱེད་ནུས་པར་གསུངས་པ་དང་། ནང་ཆོས་ཀྱི་གསང་སྔགས་གཞུང་ཆེན་དེ་ཚོའི་ནང་། ” བུད་མེད་ཤེས་རབ་རང་བཞིན་ཡུམ་ལ་སྨོད། ” ཅེས་བུད་མེད་ལ་སྨད་པ་དང་ལྟ་ཚུལ་དམན་པར་བཟུང་ན་ཡུལ་རྣམ་པར་འབྱེད་པའི་ཤེས་རབ་ལ་སྐྱོན་ལྟ་བའམ། རང་གི་མ་ཡུམ་ལ་དམོད་དང་ངན་བྱེད་པ་དང་འདྲ་བར་གསུངས་ཡོད་པ་བུད་མེད་ཚོས་ཀྱང་ཤེས་དགོས། ཡིན་ནའང་འདིར་གལ་ཆེ་ཤོས་ཤིག་ནི། བུད་མེད་ལ་སྐྱོན་བཏགས་པ་ཚང་མ་ཆོས་ལུགས་ཀྱི་བག་ཆགས་ངན་པའི་ཟུར་ཞིག་དང་། སྐྱེས་པ་ཚོས་ཡེ་ནས་གཉའ་གནོན་དང་བཤུ་གཞོག་ཁོ་ནར་བྱས་པའི་དབང་གིས་མིན་པར། སྐྱེས་མ་རང་ཉིད་ཀྱང་རྣམ་པ་ཀུན་ཏུ་དམན་སར་བཟུང་ཞིང་། བྱ་བ་གང་ལ་ཚོད་ལྟ་མི་བྱེད་པར་བག་འཁུམས་ཀྱི་རྣམ་པས་མི་ཚེ་སྐྱེལ་བ་དང་། ཐབ་གཡོག་བུ་བཙའི་གྲུ་ཟུར་ཞིག་ནས་ཉི་མ་རྫོགས་ཐབས་བྱ་བའི་དུས་རབས་ཀྱི་མཇུག་རྫོགས་བཞིན་ཡོད་པའང་ངེས་པར་དུ་ཤེས་དགོས། ད་ནས་བཟུང་ཅི་སྟེ་བུད་མེད་ཚོ་གནམ་གྱི་ཕྱེད་ཀ་ཡིན་པའི་དབང་དུ་བཏང་ན། ས་གོ་ལའི་ཕྱོགས་ངོས་གཅིག་གི་བདག་པོའང་ཡིན་པས། གངས་ཅན་པའི་སྐྱེས་མ་ཚོས་དོ་མི་མཉམ་པའི་སྤྱི་ཚོགས་ཀྱི་ས་གཞི་ཆེན་པོ་འདི་ཁོད་སྙོམ་དགོས་ལ། སྲོལ་ངན་གྱི་ལམ་ཕྲན་ཀྱག་ཀྱོག་འདི་དག་ཡོ་བསྲང་དགོས། དེ་ལྟར་མདུན་བསྐྱོད་ཀྱི་སྤོབས་པ་སྐྱེད་པར་ཤེས་ཡོན་དང་སློབ་གསོའི་རྟ་ཕོ་དགོས་ལ། དམ་བཅའ་དང་ལ་རྒྱའི་སྒ་སྲབ་དགོས། སེམས་ཤུགས་དང་སྡུག་རུས་ཀྱི་ཡོབ་ཆེན་དགོས་ལ། བརྩོན་འགྲུས་དང་སྙིང་སྟོབས་ཀྱི་ལྕག་ཚན་ཡང་དགོས། དེ་དག་ཡོད་ན་ད་གཟོད་སྐྱེས་མ་ཚོས་ཀྱང་སྤྱི་ཚོགས་ཀྱི་སྣེ་འཁྲིད་ཐུབ་ལ། འདི་དག་ཡོད་ན་ད་གཟོད་པདྨ་འོད་མཛེས་སམ་ཕུན་ཚོགས་ཚུལ་འཛིན་ལྟ་བུའི་ཤེས་བྱ་རིག་པའི་ཐང་ཆེན་ནས་སྐྱེས་མ་ཞིག་གིས་རང་ཉིད་ཀྱི་ཤེས་རབ་ཀྱི་རྩལ་དང་རིག་སྟོབས་ཀྱི་འབྲས་བཟང་ངོམ་ཐུབ།

ཀློག་པ་པོ་ཁྱེད་ཚོས་གཟིགས་དང་ཁོང་གིས་སྤོབས་པ་ཆེན་པོས “སྟོན་པས་གསུངས་པའི་སྒོ་བཞི་མཛོད་ལྔ། །ཡོད་ཚད་སེམས་སུ་ཆུད་པ་མིན་ཀྱང་། །བརྩོན་པའི་གོ་སྐབས་རགས་པ་ཐོབ་པས། །དེའི་ཕྱིར་བདག་གི་མདུན་ལམ་འཆུག་མེད། །” ཅེས་ཇི་འདྲའི་ཚིག་སྙན་ལ་དོན་ཟབ་པའི་དུངས་བརྗོད་ཀྱི་ལེགས་བཤད་ཅིག་ང་ཚོར་བཞག་འདུག གང་ལྟར་འུ་ཅག་ཁ་བ་རི་བའི་བུད་མེད་ཚོས་སློབ་གསོ་དང་ཤེས་རིག་ལ་བརྩོན་ནུས་ན་ད་གཟོད་མཇུག་འབྲས་ཕོ་སྐྱེས་ལས་ལྷག་པ་ཞིག་དང་། སྤྱི་ཚོགས་འདིའི་ནང་མགོ་བོ་དགྱེ་སྟེ་ཤེས་ཡོན་གྱི་མདུན་ལམ་སྟོན་ཐུབ་པའི་རླབས་ཆེན་གྱི་ཁ་བ་རི་བའི་བུད་མེད་ཅིག་ཡོང་བཞིན་འདུག་ན་ང་ཚོས་མཉམ་དུ་སློབ་སྦྱོང་ལ་འབད་པ་བྱའོ། །

གོང་ཞུས་ལྟར་དེབ་འདིའི་བརྗོད་བྱ་རྗོད་བྱེད་ཀྱི་ཐད་ལ་གུས་མོས་འདི་དང་དེ་ཞེས་ལེགས་ཉེས་བཤད་པའི་དགོས་པ་མ་མཆིས་ལ། གནའ་སྲོལ་གྱིས་བཅིང་དྲགས་པའི་རང་རེའི་སྤྱི་ཚོགས་ནང་པདྨ་འོད་མཛེས་ལྟ་བུ་རེ་གཉིས་ཀྱིས་ཤེས་རིག་ལ་བརྩོན་པའི་འབྲས་བཟང་རླབས་ཆེན་འདི་ལྟ་བུ་བཏོན་ཡོང་བར། བུད་མེད་འདི་ཚོ་ནི་ངོ་མ་བློ་གསལ་ཤེས་རབ་ཀྱིས་ཕྱུག་པའི་དབྱངས་ཅན་མའི་རྣམ་སྤྲུལ་ལོས་ཡིན་སྙམ་པའི་དགའ་ཚོར་ཞིག་དང་བཅས་རང་རིགས་ལ་ཕྱོགས་པའི་སེམས་གཏམ་ཁ་ཤས་འདི་དེབ་འདིའི་གླེང་བརྗོད་ཀྱི་ཚུལ་དུ་བྲིས།། །། 

འབུམ་རམས་མ་བཟང་མོ་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས ༡༡ཉིན།།

ཞང་བོད་མཐོ་སྒང་གི་བླ་ཚེ་སྲོག་གསུམ་གྱི་དབུགས་རྒྱུན་རིང་མོ་འདི་ཉིད་མི་ཉམས་རྒྱུན་སྐྱོང་དང་ཉམས་པ་སླར་གསོའི་ཆེད་དུ་ཁ་སྟོང་གི་ནང་གི་ཚིག་སྐམ་ཙམ་མ་ཡིན་པར་མི་རེ་ངོ་རེར་འོས་འགན་ཡོད་པ་བཞིན་གུས་མོས་འདིའི་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་རྟེན་འབྲེལ་འདི་དང་བསྟུན་སྟེ། བཀའ་དྲིན་བླ་མེད་དུ་ཆེ་བའི་༧སྐྱབས་རྗེ་མཁན་སློབ་རྣམ་པ་གཙོས་པའི་དགེ་རྒན་རྣམས་དང་། རྟག་ཏུ་ལྷད་མེད་ཀྱི་བརྩེ་བས་བསྐྱངས་བའི་དྲིན་ཆེན་ཕ་མ་གཉིས་དང་ནང་མི་དགའ་ཉེ་སྤུན་གྲོགས་ཡོངས་ལ་བཀའ་དྲིན་རྗེས་དྲན་གྱི་ལེགས་སྐྱེས་སུ་<<ཡུལ་འཁྱམས་བུ་མོའི་མགྲིན་རྒྱན་>>ཞེས་པའི་དེབ་ཆུང་ཞིག་ཁྱེད་རྣམས་ལ་ཕུལ་ཡོད་ཅེས་ཞུ་རྒྱུ་ཡིན། དེ་ཡང་གུས་མོ་ནི་ཨེར་སངས་ལྷ་མོ་དབྱངས་ཅན་མའི་མགུལ་བྱིན་ཐོག་པའི་ང་བོ་མེད་ལ། མགོ་རྣ་གཏམ་གསུམ་གྱི་མིང་གཡེར་ཆེད་དུ་མ་ཡིན་ཀྱང་ལོ་མང་རིང་སློབ་སྦྱོང་ཕྲན་བུ་བྱས་པའི་ལག་རྗེས་ཙམ་དང་དམིགས་བསལ་རང་ཉིད་ནི་སྙན་ངག་ལ་དུང་ཞེན་ཟབ་པའི་རྒྱུ་རྐྱེན་ལ་བརྟེན་ནས་ལེགས་གྲུབ་བྱུང་སོང་བས་དེབ་ཆུང་འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་རམ་འདེགས་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞེས་གངས་ཅན་ལྗོངས་ཀྱི་མིང་ཟླ་མཚུངས་པའི་གངས་འདབས་ནས་འགྲེམ་སྤེལ་གྱི་གནས་བསྡུས་ཙམ་ཞིག་རྩོམ་པ་པོ་པདྨའི་མིང་འཛིན་གྱིས་བྲིས་པ་དགེའོ།

རྩོམ་པ་པོ་ཕུན་ཚོགས་ཚུལ་འཛིན་གྱི་ངོ་སྤྲོད་སྙིང་བསྡུས།

གངས་ལྗོངས་མདོ་དབུས་ཁམས་གསུམ་གྱི་ནང་ཚན་མདོ་ཁམས་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་འདབས་ལ་སྐྱེས་ཞིང་ཆུང་ནས་དགེ་བའི་ལས་ལ་བརྩོན་ནས་རབ་བྱུང་གི་སྡོམ་པ་ཞུས། དེ་ནས་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་དང་། བོན་སྔོན་འགྲོ་དངོས་གཞི་ཚུལ་བཞིན་སློབ་སྦྱོང་ཉམས་ལེན་བྱས། ཕྱི་ལོ་༢༠༠༦ལོར་ཀོང་ཡུལ་དཔལ་གཤེན་བསྟན་རྒྱལ་རི་དགོན་ལ་སྒྲུབ་གྲྭ་ཞུགས་ནས་༢༠༠༩ལོར་སྒྲུབ་གྲྭ་མཐར་ཕྱིན་བྱས། ཕྱི་ལོ་༢༠༡༠ལོར་རྒྱ་གར་དུ་འབྱོར་ནས་ཞྭ་དཀར་བསྟན་པའི་མངའ་བདག་སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་གསེར་ཞལ་མཇལ་བའི་སྐལ་བཟང་ཐོབ། དེ་ནས་བཙུན་དགོན་རདྣ་སྨན་གླིང་གི་སྒྲིག་ཁོངས་སུ་ཞུགས་ནས་ཐུན་མིན་ནང་དོན་རིག་པའི་གཞུང་ལུགས་བསྡུ་རྟགས་ཚད་གསུམ་ནས་གཞུང་ཆེན་བཀའ་པོད་ལྔ་སོགས་སློབ་སྦྱོང་བྱས་དང་བྱེད་མུས་སུ་མཆིས་ཤིང་། ཞོར་དུ་ཐུན་མོང་རིག་པའི་གནས་མིང་གཞི་བརྡ་དག་སྙན་ངག་འབྱུང་རྩིས་རིག་པ་བཅས་སློབ་སྦྱོང་ཚུལ་བཞིན་བྱས་པར་མ་ཟད། དགོན་པའི་སྤྱི་གཉེར་དང་ཚོགས་ཆེན་དགེ་སྐོས་ཚོགས་ཆེན་དབུ་མཛད་བཅས་དགོན་པ་ལ་ཞབས་ཕྱི་གང་ཐུབ་ཅི་ཐུབ་ཞུས་ཡོད། ཞོར་དུ་བོད་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་གྱི་ཚོགས་ཆེན་དང་། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་ཆེན་ཐེངས་ལྔ་པ་སོགས་ཚོགས་ཆེན་གང་མང་མཉམ་ཞུགས་བྱས་ཏེ་དཔྱད་རྩོམ་སྤེལ་ཞིང་གཏམ་བཤད་བྱས་པ་དང་ཟབ་སྦྱོང་སོགས་སྤྱི་ཚོགས་ཐོག་ལས་དོན་མང་པོ་མཉམ་ལས་འགན་ཁུར་བྱས་པའི་ཉམས་མྱོང་དུ་མ་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས།

(སྤྱིའི་གཟིགས་གྲངས། 1,294 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་གྱི་ད…
error: རྩོམ་འདི་བདག་དབང་ཅན་ཡིན།