ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་དཔེ་རྙིང་པའི་འགྲེམ་བརྡ།

རིན་ཆེན་བཻཌཱུར་ཡ་ལས་ལྷག་པའི་དུས་ཚོད་དེ་དཔེ་ཆ་ལ་ཕངས་མེད་དུ་གཏོང་ནུས་པའི་བློ་གྲོས་ཅན་གྱི་དཔེ་ཀློག་བ་རྣམ་པ་ཁམས་བཟང་།    ཁྱེད་རྣམ་པ་ནི་དཔེ་ཆ་ལ་དགའ་ཞིང་དཔེ་ཀློག་ལ་དུང་བ་ཟབ་པ་མ་ཚད་ལྷག་དོན་དུ་གནའ་བོའི་བོན་དཔེ་ལ་གཟིགས་རྒྱུར་དེ་བས་དགའ་ཞེན་ཆེ།  དེ་ནི་ཁྱེད་རྣམ་པར་དཔྱོད་པའི་བློ་མིག་ལྡན་ཞིང་ཤེས་རབ་ཀྱི་ཚད་མཐོ་བ་དང་།   བོད་རང་ས་ནས་བརྡོལ་བའི་རང་གི་ཡབ་མྱེས་གོང་མའི་ཚེ་སྲོག་ལས་གྲུབ་པའི་རིག་གཞུང་རྣལ་མ་དེའི་ངོ་གདོང་མཐོང་ཐུབ་པའི་ཆེད་དུ་རེད།    འུ་ཅག་གིས་དེའི་རམ་འདེགས་ཀྱི་ཚུལ་དུ་<<བོན་གྱི་དཔེ་རྙིང་རིག་མཛོད་དཔེ་ཚོགས>>ཞེས་པ་ཞིག བདུན་ཕྲག་གི་ངལ་གསོ་དང་། དབྱར་དགུན་གྱི་གུང་སེང་སྐབས་ཀྱི་དུས་ཚོད་རྣམས་བེད་སྤྱད་དེ་རྩོམ་བསྒྲིགས་བྱས་པ་ཡིན།  ད་ཆ་དཔེ་བསྐྲུན་ལེགས་གྲུབ་བྱུང་ནས་ཐོན་ལ་ཉེ་ཡོད།  དཔེ་རྙིང་འདི་ཚོའི་རིན་ཐང་ནི་དཔྱོད་ལྡན་པ་ཚོར་ཡར་ཞུ་མི་དགོས་མོད།  དཔེ་ཆ་འདི་ཚོའི་མཛད་པ་པོ་ནི་གནའ་བོའི་བོན་གྱི་པཎ་གྲུབ་ཤ་སྟག་ཡིན་པས།  དཔེ་ཆ་འདི་ཚོར་ལྟ་ཀློག་མྱོང་རོལ་མཛོད་དང་ཁྱེད་ལ་ཤེས་རབ་ཀྱི་ཕ་འབབ་གནོང་བ་ཐེ་ཚོམ་མེད།   ང་ཚོ་སློབ་གཉེར་བའི་ཁོར་ཡུག་ན་དཔེ་ཆ་འདི་ཚོ་མཇལ་དཀའ་བའི་དཔེ་དཀོན་གྱི་རིགས་ཡིན་པས།  ཁྱེད་ལ་དགོས་ན་སྟབས་བདེའི་སྒོ་ནས་ཞབས་ཕྱི་བསྒྲུབ་ཆོག་པ་ཡིན།         སླག་ཐུལ་སྔོན་པོ་གསོལ་བའི་བོན་གཤེན་རྔ་ཐོག་ཡོངས་ཀྱིས་ཆགས་སྡང་དང་ཕྱོགས་འཛིན་རྒྱང་དུ་དོར་ཏེ།  གཤེན་རབ་མཐུ་དཔུང་བྱེད་ནས་བོན་གྱི་སྡོང་གྲོགས་བོན་གྱིས་དགོས་པའི་རྩ་དོན་ཐུགས་ལས་མ་བོར་བར་མཁྱེན།  ཁྱེད་རྣམས་ཀྱི་རྒྱབ་སྐྱོར་དང་བརྩེ་གཟིགས་འོག་ངས་མ་འོངས་པར་མུ་མཐུད་ནས་བོན་དཔེ་རྙིང་པའི་རིགས་བསྡུ་བསྒྲིག་བྱེད་ནས་ཀློག་པ་པོ་རྣམ་པར་དགོས་མཁོ་བཀོང་ཐུབ་པའི་ཆོད་སེམས་བརྟན་པོ་ཡོད།   དཔེ་རྙིང་འདི་ཚོའི་ངོ་སྤྲོད་མདོར་བསྡུས་ནི་ཞང་ཚུལ་མིས་བརྩམས པའི་སྔོ་གླེང་སྲིད་པའི་སྨྲང་རབས་ལས་གཟིགས་རོགས།  གཟེར་བུས་ཕུལ།    

              སྔོན་གླེང་སྲིད་པའི་སྨྲང་རབས། 

དུས་ཡུན་རིང་བའི་ལོ་ཟླའི་བང་རིམ་ཁྲོད་ནས་མཐོ་སྒང་གི་མི་རྣམས་ཀྱིས་ཤེས་རིག་གི་རྒུམ་འབུ་འཐུ་ཞོར་ཆོས་ལུགས་དད་མོས་ཀྱི་འདུ་ཤེས་དང་། ལེགས་ཉེས་བླང་དོར་གྱི་དཔྱོད་སྒོ་ཇེ་ཡངས་སུ་སོང་སྟེ་བསམ་བློ་སྨིན་ཚད་ཆེ་ཆེར་ཕྱིན་པའི་བརྒྱུད་རིམ་དུ། གངས་དཀར་ཏི་སེའི་ཕང་བར་རུམ་ཞིང་དྲུང་མུ་གྱེར་གྱི་རྣམ་ཤེས་སྦྲུམ་པའི་སྒོ་བཞི་མཛོད་ལྔའི་གཤེན་དབྱངས་ལས་དྲངས་པའི་འཚེ་མེད་ཞི་བདེའི་འགྱུར་ཁུག་རེ་རེས་གངས་སུལ་གྱི་མི་རྣམས་བྱམས་བརྩེའི་ཟུངས་ཁྲག་བསྐྱེད་པས་བོད་ཆོས་ལྡན་དུ་གྲགས་སོ།། གཤེན་རབ་མྱི་བོའི་འཕྲིན་ལས་ཀྱི་དར་ཡུག་རིང་མོས་མཚོ་བོད་མཐོ་སྒང་གི་རྩྭ་ཐང་ཆེན་མོ་ཤེས་རིག་གི་ཐང་ཆེན་དུ་བསྒྱུར་ཞིང་། གདོང་དམར་བའི་ཁྱིམ་ཕུག་གླེགས་བམ་གྱིས་བཀང་ནས་འཆད་ཉན་གྱི་རླབས་རྒྱུན་ཁ་འབབ་ཆུ་བཞིའི་བཞུར་རྒྱུན་དང་འདྲེས། ཡར་གླིང་གི་རི་གྲོང་དུ་དྲུང་མུའི་རྐང་རྗེས་ཀྱི་འཇིག་རྟེན་དུ་གྱུར་པའི་བསྐལ་པ་སྔོན་མའི་ཆོ་རབས་ཀྱི་ལེའུ་ནི་སྲིད་པའི་གཏོས་དང་མཉམ་སྟེ། གཡུང་དྲུང་དགུ་བརྩེགས་ཀྱི་རི་བོའི་སུལ་ནས་ཐེག་པ་རིམ་དགུའི་སྐད་ཐེམ་བརྒྱུད་དེ་བྱ་རུ་ཐོབ་པའི་གཤེན་པོ་ཁྱུ་ཞིག རྔ་གཤང་སིལ་སྙན་གྱི་རོལ་ཆའི་ལྷན་དུ་མི་ཡུལ་གྱི་མཆོད་གནས་སུ་ཕེབས་པ་ནས། ཕ་དང་མེས་པོའི་ཁྱིམ་ཕུག་ཏུ་ཀོ་ཐུམ་ཅན་གྱི་བེའུ་བུམ་ཀློག་འདོན་གྱི་གཤེན་ངག་དེས། འཁོར་བའི་རི་གྲོང་གི་སྐྱོ་བའི་མུན་པ་བསལ་བཞིན་མཚམས་མ་ཆད་པར་དུས་རབས་ཀྱི་མཆོང་སྐྱོད་དང་འགྲོགས། ལྷ་གཤེན་སྲིད་གསུམ་གྱི་འཕྲིན་ལས་ཀྱི་ཆ་རེ་རེས་གངས་རིའི་རིག་རླབས་ཀྱི་གཤོག་ཟུང་མཁའ་དབྱིངས་ནས་བརྐྱངས་ཏེ་ཨེ་ཤ་ཡི་གླིང་ཕྲན་ལན་མང་བསྐོར། གངས་མཚོ་ཟུང་གི་བར་མཚམས་ནས་བཞེངས་པའི་སྲིད་པའི་གཤེན་མཁར་གྱི་བད་ངབ་བརྗིད་པོས་ཡུལ་ཆེན་བཅོ་བརྒྱད་ཀྱི་མངའ་འབངས་ཟིལ་གྱིས་མནན་ཏེ་དམུ་རིགས་ཚང་གི་དམུ་རྨོག་དེ་ཏི་སེའི་གཙུག་ཏོར་དུ་འོད་ལམ་མེར་འགྱིང་། ཞང་རྒྱལ་བཅོ་བརྒྱད་ཀྱི་ལུགས་གཉིས་འཁོར་ལོས་དྲུང་མུ་གྱེར་གྱི་ཞབས་ཟུང་བཏེགས་ཏེ་སྒོ་ཕུགས་བར་གསུམ་གྱི་ཆབ་འབངས་ཁྲོད་དུ་དུང་གླིང་རོལ་མོའི་བསུ་མ་བྱེད་བཞིན་གཤེན་རབ་ཀྱི་འཕྲིན་ལས་དཀར་པོ་ཕྱོགས་ཀུན་ཏུ་འཐེན། ཡར་ཀླུང་གཙང་པོའི་རླབས་ཞགས་ཀྱི་ལྷན་དུ་སྤུ་རྒྱལ་བཙན་པོའི་དབུ་རྨོག་ཉི་ཟླའི་རྣ་ཆ་རུ་འཕྱོ་བ་ནས། དྲུང་མུ་གྱེར་གྱི་ཆིབས་ཁ་རུ་བཞི་བོད་ཀྱི་རྒྱལ་ཁམས་སུ་བསྒྱུར་ཏེ་འདུ་གནས་སོ་བདུན་གྱི་གཤེན་སྡེའི་གཟི་དཔལ་ལོ་རབས་སྟོང་གི་རྡོ་རིང་དུ་བཞེངས་ཤིང་། ཡར་ལྷ་ཤམ་པོའི་རི་འདབས་ནས་རྒྱལ་གཤེན་གྱི་མངའ་ཐང་མེ་ལྕེ་མཆེད་པ་ལྟར་སྲིད་པའི་མཁའ་དབྱིངས་ལྡིང་དུས། འབྲོང་རྒོད་དར་མའི་རུ་ཐོར་གྱིས་བཀག་ཏུ་མེད་ཅིང་ཁྱུང་ཆེན་རྒོད་པོའི་གཤོག་རླབས་ཀྱིས་ཟིན་དུ་མེད་པའི་གོམ་སྟབས་ཆེན་མོས་མདོ་དབུས་མཐོ་སྒང་གི་ལྕགས་རི་རིང་མོ་དེ་བསྐྲུན་པའི་སྟ་གོན་ཡོངས་སུ་གྲུབ་སོང་། དེ་ནི་མེས་པོ་བཞུད་པའི་རྐང་རྗེས་མི་ཡུལ་དུ་ལྷག་པའི་སྲིད་པའི་སྨྲང་རབས་ཀྱི་ལེའུ་བསྡུས་ཙམ་དུ་ཕུལ་བ་ལགས་སོ།། 

མཚམས་འདི་ནས་ཀློག་པ་པོ་རྣམས་འཇུག་སྟབས་བདེ་ཕྱིར་༼བོན་གྱི་དཔེ་རྙིང་རིག་མཛོད་དཔེ་ཚོགས་༽ནས་དཔར་དུ་བསྐྲུན་འཆར་གྱི་དཔེ་དཀོན་འདི་དག་གི་ངོ་སྤྲོད་ཉུང་རེ་འབུལ་ཏེ་སྔོན་གླེང་གྱི་ལེ་ཚན་འཇུག་བསྡུ་བར་འདོད། གཤམ་ནས་ངོ་སྤྲོད་བྱ་རྒྱུའི་དཔེ་རྙིང་འདི་དག་དུས་རྒྱུན་སློབ་གཉེར་བའི་གསེང་དུ་མཐོང་དཀོན་པའི་དཔེ་ཆ་ཤ་སྟག་རེད་འདུག་ལ། ལྟ་ཀློག་མྱོལ་རོལ་དགོས་ངེས་ཀྱི་དཔེ་ཆ་རྐྱང་བར་མཆིས་པས་འཆད་འགྱུར་དཔེ་ཆ་སོ་སོའི་ངོ་སྤྲོད་ཀྱི་སྐབས་སུ་གསལ་ཡོང་། དང་པོ་༼སེམས་ལུང་གསལ་བའི་སྒྲོན་མེ་༽ཞེས་པའི་གནའ་དཔེ་འདི་ནི། མཛད་པ་པོ་སུ་ཡིན་མིན་དང་དུས་རབས་གང་དུ་བྱུང་མིན་རང་རེའི་དཔེ་གཞུང་ནས་གསལ་ཁ་མེད་རུང་། ཚོད་དཔག་བྱས་ན་གོང་མ་ཆེ་དྲུག་སོགས་སྔར་དར་སྐྱེས་ཆེན་ཚོའི་དགོངས་བཅུད་གནད་བསྡུད་བྱས་པའི་དཔེ་ཆ་ཞིག་ཡིན་པ་དང་། བཀའི་ལྷོ་གཏེར་ཐེག་དགུའི་རྣམ་བཤད་དང་གནའ་བོའི་བོན་གྱི་ཐུན་མིན་བརྡ་ཆད་དཔེ་ཆའི་ས་གཅོད་སྟངས་སོགས་གནའ་ཉམས་དོད་པོ་རེ་འདུག་ལ། ལྷག་པར་དུ་དཔེ་ཆ་འདིའི་ཐུན་མོང་མ་ཡིན་པའི་ཁྱད་གཤིས་དེ་ནི་རྗོད་བྱེད་ཚིག་གི་ཁྲོད་ནས་བརྗོད་བྱའི་དོན་འབུར་དུ་སྟོན་ཐུབ་པ། ཚིག་ཉུང་དོན་གསལ་བའི་ལེགས་ཚོགས་མང་པོ་ཞིག་མཐོང་དུ་ཡོད་འདིར་རེ་ལུང་འདྲེན་ཞུས་ན། སེམས་ལུང་ལས”སེམས་བསྐྱེད་སྔོན་དུ་མ་སོང་ཞིང་པར་རྒྱུ་བརྗེད་འདྲ”ཞེས་དང་། སེམས་བསྐྱེད་མ་བཞིའི་གཏིང་སེར་མ་བླངས་ན། བླ་མེད་ཕྱིན་བཅུའི་མྱུ་གུའི་འབྲུ་མི་སྨིན”ཞེས་པའི་སེམས་བསྐྱེད་ལུགས་སྐོར་གྱི་གདམས་ངག་འདི་གཞན་དུ་དཀོན་པོ་ཡིན། ཡང་དེ་ཉིད་ལས་”བསྐྱེད་རིམ་ཉི་མའི་འདང་(མདངས)འདྲ། རྫོགས་རིམ་ཉི་མའི་ཟེར་འདྲ། རྫོགས་ཆེན་ཉི་མའི་སྙིང་པོ་ད་འདྲའོ”ཞེས་སོགས་ཀྱིས་མཚོན་པའི་ལེགས་བཤད་ཀྱི་བང་མཛོད་ཤིག་ཏུ་མཆིས། ལར་ནང་དོན་གྱི་ཆ་ནས་ཐེག་པ་རིམ་པ་དགུ་ཡི་ལྟ་སྤྱོད་སྙིང་བསྡུས་དང་ཐེག་པ་གོང་འོག་གི་གྲུབ་མཐའི་འགལ་མཚམས་མང་པོ་དབྱེ་བསལ་བྱས་ཡོད། དཔེ་ཆ་འདིའི་དུས་ནམ་ཞིག་བྱུང་མིན་ད་ལན་ཐག་གཅོད་མ་ཤེེས་རུང་འགྲོ་མགོན་བློ་གྲོས་རྒྱལ་མཚན(1198-1263)གྱི་ས་ལམ་དང་། ཏྲེ་སྟོན་རྒྱལ་མཚན་དཔལ་གྱི་༼བོན་སྒོ་གསལ་བྱེད་༽བཅས་སུ་ལུང་འདྲེན་ཐེངས་མང་དུ་མཛད་སྐོར་དཔྱད་ན་དུས་རབས་བཅུ་གསུམ་པའི་ནང་སྐོར་ནས་ཡོད་པའི་དཔེ་རྙིང་ཞིག་ཡིན་པར་ར་སྤྲོད་ཐུབ་པ་ཡིན། 

གཉིས་པ་༼   ས་ལམ་དོན་གསལ་སྒྲོན་མེ་ ༽  ཞེས་པའི་དཔེ་ཆ་འདི་ནི་ཁོད་སྤུངས་དྲན་པ་ནམ་མཁས་མཛད་པ་གཞུང་འདིའི་མཛད་བྱང་ལ་གསལ།  ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་བརྒྱད་པ་དགུ་པ་ཙམ་ལ710—914༽འཁྲུངས་བའི་བོན་གྱི་མཁས་གྲུབ་ཅིག་ཡིན།  བཤད་རྒྱུན་ལ་དྭགས་པོ་དྲན་པས་མཛད་པ་ཞིག་ཡིན་པར་གྲགས། ཁོང་ནི་ཕྱི་ལོ་དུས་རབས་བརྒྱད་པའི་སྟོད་དུ་ (702-?) ལོར་འཁྲུངས་པའི་བོན་གྱི་སྐྱེས་ཆེན་ཞིག་ཡིན། གཞུང་འདི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཚིག་ཉུང་དོན་གསལ་ཅན་དང་བཀའ་ཡི་དོན་རང་རྒྱུད་དུ་བླངས་པའི་བཀའ་བརྟེན་གྱི་མཚན་གཞི་ཚད་ཐུབ་ཞིག་ཏུ་གྱུར། ལམ་རིམ་བསྡུས་མ་འདི་ཉིད་ནི་ཚིག་སྤྲོས་པ་དོར་ཞིང་དོན་གི་སྙིང་པོ་གནད་དུ་དྲིལ་བའི་ཟབ་གདམས་དམར་ཁྲིད་ཤིག་ཏུ་གྱུར་བས་རིན་ཐང་ཧ་ཅང་ཆེ། ཕྱིས་བརྩམས་བཀའ་བརྟེན་ཕལ་མོ་ཆེ་མཚན་མཚོན་གཞི་གསུམ་གྱི་ཚིག་རིས་མཐུག་དྲགས་པས། དོན་གྱི་ཉམས་ལེན་གྱི་བབ་སོ་དང་ཐག་རིང་དུ་ཕྱིན་ཡོད་པ་མ་ཟད་ལྟ་ཀློག་བྱེད་དུས་ཚན་རིག་སློབ་དེབ་དང་འདྲ་བར་སེམས་ཀྱི་འཕྲོ་རྒོད་དེ་ཙམ་མྱག་མི་ཐུབ་པའི་ཚོད་དུ་གྱུར་ཡོད། གཞུང་འདིར་མྱོང་རོལ་བྱེད་དུས་གྲུབ་ཐོབ་གོང་མ་ཞིག་གི་དྲུང་དུ་བོན་ཁྲིད་དངོས་ལ་རོལ་བ་ལྟར་གྱི་ཚོར་སྣང་དམིགས་བསལ་བ་རེ་སྦྱིན་པ་ཡིན།    

གསུམ་པ་གཡས་རུའི་སྟོན་པ་དྲུག་པ་གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་ (1144-?) གྱིས་མཛད་པའི་སྣོད་བཅུད་རྩ་བ་དང་དེའི་འགྲེལ་གཉིས་དེ་ཡིན། དཔེ་ཆ་དེ་གཉིས་དེ་སྔོན་བོན་གྱི་སློབ་གཉེར་བའི་ཁྲོད་དུ་དར་ཁྱབ་དེ་ཙམ་བྱུང་མེད་ལ། གཙང་སྟོན་བཅོ་བརྒྱད་ཀྱི་ཁྲོད་ནས་མཁྱེན་དཔྱོད་ཡོངས་རྩེར་སོང་བའི་མཁས་པ་དེའི་གསུང་རྩོམ་ཡང་ཕལ་ཆེར་ནུབ་ཟིན་པ་ཡིན། གཉོས་སྟོན་གྱི་མཛོད་རྩ་འདི་ནི་སྲིད་པའི་མཛོད་ཕུགས་ནང་གི་སྣོད་བཅུད་གཉིས་ཀྱི་དཀའ་གནད་མང་པོར་གོ་སླ་འཇུག་བདེ་ཡོང་ཕྱིར་བཏུས་བསྒྲིགས་མཛད་པ་ཞིག་ཡིན་པ་དང་། དེ་འགྲེལ་བ་ནི་སྣོད་བཅུད་གཉིས་ཀྱི་དཀའ་གནད་ཁག་གསེད་དཀྲོལ་མཛད་ཅིང་། གནད་དོན་དུ་མར་མཐའ་དཔྱོད་ཡང་བྱས་ཡོད་པས་སྣོ་བཅུད་གཉིས་ཀྱི་ཐད་དམིགས་བསལ་ཆེད་རྩོམ་ཞིག་ཡིན་པར་འདོད་ཆོག། ད་དུང་གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་མཆོག་ལ་གནས་བཅུ་བདུན་ཅན་གྱི་བདག་ཉིད་མཛོད་དཔེ་རྒྱས་པ་ཀྱང་ཡོད་པ་ཡིན། 

བཞི་པ་རོང་སྟོན་ཤེས་བྱ་ཀུན་རིག་ (1345-1429) གིས་མཛད་པའི་ཐེག་པའི་འགྲེལ་ཆུང་དང་། བྱམས་མ་འབུམ་ལྔའི་བཀའ་འགྲེལ་ཞེས་པའི་དཔེ་ཆ་འདི་གཉིས། སློབ་གཉེར་བའི་སྡེ་ཁག་ལ་མཐོང་དཀོན་བའི་བོན་དཔེ་གལ་གནད་ཅན་གཉིས་ཡིན་པ་དང་། དཔེ་འདི་གཉིས་པོའི་ཐུན་མིན་གྱི་ཁྱད་བོན་རེ་ཡོད་པ་ནི་ལེའུ་བམ་ས་གཅོད་ཀྱི་དྲ་རྒྱ་མང་པོ་ཉུལ་མི་དགོས་པར་དོན་གྱི་གནད་འགག་ཐད་ཀར་མཛུབ་ཚུགས་སུ་བསྟན་ནས་ཡོད་པ་དེ་ཡིན། ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུ་འདི་ལ་སྔ་ཕྱིར་བོན་གྱི་མཁས་གྲུབ་ཚོས་འགྲེལ་མང་པོ་བརྩམས་མྱོང་ཡོད་ཀྱང་། ད་ལན་རོང་སྟོན་ཆེན་མོ་ཤེས་བྱ་ཀུན་རིག་གིས་མཛད་པའི་ཐེག་རིམ་གྱི་འགྲེལ་བ་འདི་ནི་ཚིག་གི་སྤྲོས་པ་དོར་ཞིང་དོན་གྱི་དཀའ་གནད་ལྷུག་པོར་སྟོན་པ་ཞིག་ཡིན་སྟབས། བློ་གསར་དོན་གཉེར་ཅན་རྣམས་བདེ་བླག་ངང་འཇུག་བདེ་བའི་སྒོ་འཕར་ཡང་པོར་ཕྱེས་ཡོད་པ་ཡིན། བྱམས་མ་འབུལ་ལྔའི་བཀའ་འགྲེལ་འདི་ཡང་ཧ་ཅང་གལ་འགངས་ཆེ་བའི་བོན་གྱི་དཔེ་ཆ་ཞིག་གྱུར་ཡོད། འབུམ་ལྔ་ནི་མདོ་ཕར་ཕྱིན་ཐེག་པའི་ལྟ་སྤྱོད་ལམ་རིམ་སིལ་མར་སྟོན་པའི་གཞུང་ཆེན་ཞིག་ཡིན། དཔེར་ན་ཁམས་བརྒྱད་གཏན་ལ་ཕབ་པས་སྤྲོས་པའི་མཐའ་བརྒྱད་བསལ་ནས་ལྟ་བ་རྩལ་འདོན་བྱས་པ་དང་། དགེ་རྒྱས་ཚོགས་ཆེན་རྫོགས་འབུམ་གྱིས་སེམས་དཔའ་སྤྲོས་མེད་པའི་ལུགས་ཀྱི་ཚོགས་གསོག་སྟངས་གཙོ་བོར་བཤད་པ་དང་། ཚུལ་ཁྲིམས་རྣམ་དག་འདུལ་བའི་འབུམ་གྱིས་སེམས་དཔའ་སྤྲོས་མེད་པའི་ཚུལ་ཁྲིམས་ཕྲ་རགས་ཡོངས་སུ་ཞིབ་པར་བསྟན་པ་དང་། གཡུང་དྲུང་ས་བཅུ་ལམ་གྱི་འབུམ་གྱིས་ས་བཅུ་ལམ་ལྔའི་རྣམ་བཞག་གཙོ་བོར་བསྟན་པ་དང་། ཡེ་གཤེན་བཀོད་པ་དོན་འབུམ་གྱིས་ལྟ་སྒོམ་སྤྱོད་སྒོམ་གསུམ་ཟུང་དུ་འབྲེལ་ཕྱོགས་གཙོ་བོ་བསྟན་ཏེ་མདོ་ལུགས་ཀྱི་ལྟ་གྲུབ་ཞིབ་པར་བསྟན་པ་ཡིན། ད་ལན་རོང་སྟོན་མཆོག་གིས་མཛད་པའི་འབུམ་ལྔའི་བཀའ་འགྲེལ་འདི་ནི་དེ་དག་གི་དོན་གནད་སྟབས་བདེར་འགྲེལ་བའི་གལ་ཆེའི་དཔེ་དཀོན་ཞིག་ཡིན་པ་དང་། ལྷག་ཏུ་བོན་ལུགས་ཀྱི་མཚན་ཉིད་སློབ་གཉེར་བར་ངེས་པར་མཁོ་བའི་ལེགས་བཤད་བླ་ན་མེད་པ་ཞིག་ཡིན། 

སྔོན་དུ་གླེང་བའི་གཏམ་ཐུང་དེ་ཉིད་བོད་ས་ཁྱི་ལོའི་ཟླ་བ་དགུ་པའི་གནམ་སྟོང་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཆེ་སྐུ་མི་རྟག་མྱ་ངན་འདས་པའི་དུས་དང་། ཕྱི་ལོ་ 2018-11 -7 ཉིན་ཞང་ཚུལ་མིས་གདན་ས་ཁྲི་བརྟན་ནོར་བུ་རྩེར་བྲིས།། །།

(མ་རྩོམ་ཡོང་ཁུངས། ཡིད་འགུག་རིག་པའི་གར་སྟེགས།)

(སྤྱིའི་གཟིགས་གྲངས། 375 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།