ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མདོ་དྲི་མེད་གཟི་བརྗིད་པོད་བརྒྱད་པའི་མཚམས་སྦྱོར། 

མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ནི་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་སྟོན་པ་གཤེན་རབ་མི་བོ་ཆེའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ལས་རྒྱས་པ་པོད་བཅུ་གཉིས་དང་ལེའུ་དྲུག་ཅུ་རྩ་གཅིག་གི་བདག་ཉིད་ཅན་ཞིག་ཡིན། དཔེ་ཆ་དེའི་མཚན་ཆ་ཚང་ལ<<འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ>>ཞེས་གསུངས་ཡོད། ཕྲན་གྱིས་ཀློག་པ་པོར་སྟབས་བདེ་ཕྱིར་གཟི་བརྗིད་ཅེས་བཀོལ་གྱི་ཡིན། དེ་ཡང་སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་རྒྱས་པ་འདི་ཉིད་དུས་རབས་བཅུ་བཞི་པའི་ནང་དུ་བོད་ཁམས་ཕྱོགས་ཁྱུང་ཡུལ་དུ་སྐུ་འཁྲུངས་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོ་ཞེས་པའི་བླ་མ་དེར་རིག་འཛིན་སྟོན་ཆེན་དམུ་ཚ་གྱེར་མེད་ཀྱིས་སྙན་དུ་བརྒྱུད་ནས་སྙན་རྒྱུད་བབས་པ་ཞིག་ཡིན། སྙན་རྒྱུད་ཅེས་པ་ཡང་མི་དང་མིའི་བར་དུ་སྦུག་གུའི་བརྒྱུད་ནས་སྙན་རྒྱུད་བྱེད་ཡ་ཞིག་དང་ཡང་མི་བརྗེད་པའི་གཟུངས་དང་ལྡན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གི་མཇལ་སྣང་ངོར་སྙན་དུ་རྒྱུད་ཡ་སོགས་ལས་ད་ལན་གྱི་སྙན་རྒྱུད་འདི་སྟོན་ཆེན་དམུ་ཚ་གྱེར་མེད་མཇལ་སྣང་ལམ་ནས་སྙན་དུ་བརྒྱུད་པ་ཞིག་ཡིན་པར་གྲགས། སྐབས་ཀྱི་མཚམས་སྦྱོར་བྱེད་རྒྱུ་ནི་གཟི་བརྗིད་པོད་བརྒྱད་པ་དེ་ཡིན་ལ། དེ་ནི་གཟི་བརྗིད་ལེའུ་སུམ་ཅུ་རྩ་དྲུག་ནས་ལེའུ་བཞི་བཅུ་ཞེ་གསུམ་བར་ཁྱོན་ལེའུ་བརྒྱད་བསྟན་ཡོད། ཐོག་མར་ཀློག་པ་པོ་འཇུག་སྟབས་བདེ་ཕྱིར་ལེའུ་རྣམ་གྲངས་ངོ་སྤྲོད་དང་དེ་རྗེས་ལེའུ་རེ་རེའི་བསྟན་དོན་ངོ་སྤྲོད་བྱས་ན་སྟབས་བདེ་བར་མཐོང་། གཟི་བརྗིད་པོད་བརྒྱད་པའི་ལེའུ་གྲངས་ནི་འདི་ལྟར་ཡིན་ཏེ། སྟོན་པས་ཀླུ་ལ་བོན་བསྟན་པའི་ལེའུ་དང་། སྟོན་པ་ལ་བདུད་ཀྱི་ཆོ་འཕྲུལ་བསྟན་པའི་ལེའུ། བདུད་འཇོམས་གསང་བའི་གཟུངས་ཀྱི་ལེའུ། སྟོན་པས་བདུད་ཁམས་ཐར་པར་བཀོད་པའི་ལེའུ། བདུད་བཏུལ་བར་ཆད་བསལ་བའི་ལེའུ། གདུང་འཛིན་སྲས་སྤྲུལ་པའི་ལེའུ། ཐེག་པ་དགུ་པ་བསྟན་པ་རྗེས་བཞག་གི་ལེའུ། སྐུ་གདུང་བསྟན་པ་རྗེས་བཞག་གི་ལེའུ་དང་བརྒྱད་ཡིན།

སྟོན་པས་ཀླུ་ལ་བོན་བསྟན་པའི་ལེའུ་སྐོར། 

ལེའུ་འདིའི་ནང་དུ་ཀླུ་རིགས་རྣམས་ཀྱི་རེ་འདུན་ལྟར་སྟོན་པ་མཆོག་འཁོར་མཚན་ལྡན་ཁྱེའུ་བཞིས་གཙོས་གཡུང་དྲུང་སེམས་དཔའ་ལྔ་སྟོང་ལྔ་བརྒྱ་དང་བཅས་ནས་ཀླུ་ཡུལ་དུ་ཕེབས་ཞིང་ཀླུ་ལ་དགེ་སྡིག་རྒྱུ་འབྲས་ཀྱི་བོན་བསྟན་སྐོར་འཁོད་ཡོད། གནས་ཚུལ་དེའི་སྐབས་སྟོན་པ་ཀླུ་ཡིས་གདན་དྲངས་ཁྲོད་དུ་ཀླུ་ཡི་རིགས་དག་གིས་ཕེབས་བསུ་ཟབ་རྒྱས་ཞུས་སྐོར་དང་ཀླུ་ཡི་ཕོ་བྲང་གི་བཀོད་ཆའི་བརྗིད་ཉམས་སོགས་ཡ་མཚན་པའི་གཏམ་རྒྱུད་སྣ་ཚོགས་མཆིས། སྐབས་དེར་སྟོན་པ་མཆོག་གིས་ཀླུ་རིགས་ལ་བོན་བསྟན་རྒྱུ་གཙོ་བོ་ཕར་ཕྱིན་བཅུ་ཡི་སྐོར་ཡིན་སྐོར་གསལ་ཡོད། སྟོན་པ་མཆོག་གིས་ཀླུ་རྣམས་ལ་རྒྱུན་དུ་སྡིག་པ་ཕྲ་ཞིང་ཕྲ་བ་ནས་སྤང་དགོས་སྐོར་དང་དགེ་བ་ཕྲ་ཞིང་ཕྲ་བ་ནས་སྲུང་དགོས་སྐོར་སོགས་མདོར་ན་དགེ་སྡིག་རྒྱུ་འབྲས་ཀྱི་རྣམ་བཞག་ཞིབ་ཆར་གསུངས་ཤིང་ཀླུ་ཡི་ཁམས་དང་མོས་པར་འཚམས་པའི་བོན་བསྟན་ཡོད་པ་དང་། སྐབས་དེར་སྟོན་པ་མཆོག་གིས་ཀླུ་རྣམས་ལ་ཕར་རོལ་ཕྱིན་པ་བཅུ་ཞིབ་ཆར་གཏན་འབེབས་གནང་བ་དང་། དེའི་ཁྲོད་ནམ་རྒྱུན་དང་ཅུང་མ་འདྲ་བར་ཕར་ཕྱིན་བཅུ་ལ་རེ་རེར་རྣམ་གྲངས་གསུམ་དུ་འབྱེད་པ་ནི་དཔེར་ན་ཚུལ་ཁྲིམས་ལ།དགེ་བ་དང་དུ་ལེན་པའི་ཚུལ་ཁྲིམས། མེ་དགེ་བ་སྤང་བའི་ཚུལ་ཁྲིམས། སེམས་ཅན་དྭངས་བ་འདྲེན་པའི་ཚུལ་ཁྲིམས”[1]བཅས་གསུམ་དུ་དབྱེ་ཡོད་པ་ལྟ་བུ་རེད། དེ་རེ་རེའི་འགྲེལ་བཤད་ཀྱང་ཞིབ་ཆ་གསུངས་པས་རིན་ཐང་ཧ་ཅང་ཆེ། དེའི་ཁྲོད་ནས་སྙིང་རྗེའི་ཕར་ཕྱིན་ལ་རྣམ་གྲངས་བཞི་རུ་དབྱེ་བ་དང་གཞན་དུ་དབྱེ་བ་གསུམ་གསུམ་དུ་དབྱེ་ཡོད། སྟོན་པས་ཀླུ་ལ་བོན་བསྟན་པའི་ཁྲོད་ནས་ཀླུ་རིགས་རྣམས་བྱོལ་སོང་ཡིན་སྟབས་དུ་ཏྲི་སུ་སོགས་ངན་སོང་སྒོ་གཅོད་ཀྱི་སྙིང་པོ་མང་པོ་ཀླུ་རྣམས་ལ་ཆེད་དུ་གཉེར་ནས་བསྟན་ཡོད་པ་ནི་ངན་སོང་གི་སྒོ་མོ་གཅོད་ཕྱིར་གསུངས་པ་ཞིག་ཡིན་པར་སྣང་། སྐབས་དེར་སྟོན་པས་ཀླུ་ལ་བོན་བསྟན་ནས་ཀླུ་རྣམས་དགའ་སྤྲོ་ཆེན་པོ་བྱུང་སྟེ་སྟོན་པ་ལ་ཀླུ་ཡི་བུ་མོ་འོད་ལྡན་མ་ཞེས་པ་ཧ་ཅང་གི་མཛེས་མ་ཞིག་ཡོད་པ་དེ་ལྕམ་དུ་ཕུལ་བས་སྟོན་པ་མཆོག་གིས་ཞལ་བཞེས་གནང་སྟེ་ལྕམ་དུ་རོལ་ཞིང་སྟོན་འཁོར་རྣམས་ཡུལ་འོལ་མོ་ལུང་རིང་དུ་ཕེབས་སྐོར་གསལ་ཡོད་པ་བཅས་སོ།། 

སྟོན་པ་ལ་བདུད་ཀྱི་ཆོ་འཕྲུལ་བསྟན་པའི་ལེའུ་སྐོར།

ལེའུ་དེའི་ནང་དུ་བདུད་ཁྱབ་པ་ལག་རིང་གིས་སྟོན་པ་གཤེན་རབས་མི་བོར་ཆོ་འཕྲུལ་དང་འགྲན་ཟླ་སྣ་ཚོགས་བྱས་སྐོར་གསལ་ཡོད། བདུད་ཁྱབ་པ་ནི་འོལ་གླིང་ཤར་ལྷོའི་ཕྱོགས་སུ་ཆགས་པའི་རྒྱལ་ཕྲན་སྟོབས་ཆེན་ཞིག་ཡིན་པ་དང་། རྒྱུན་དུ་སྟོན་པ་གཤེན་རབ་དང་ཁ་གཏད་དུ་ལངས་ནས་དེའི་མཛད་འཕྲིན་ལ་དགག་པ་ཁོ་ན་བྱེད་མཁན་ཞིག་ཡིན་ལ། བདུད་ཁྱབ་པས་མི་ཚེའི་འགྲན་རྩོད་བྱེད་ས་ཆེས་གནག་ཤོས་དེ་གཤེན་རབ་མི་བོ་ཆེ་ཡིན་ལ་ཁོང་དང་འགྲན་རྩོད་ཀྱིས་ཕམ་པར་བྱེད་འདོད་པ་དེ་ནི་ཁོ་རང་གི་མི་ཚེའི་དམིགས་ཡུལ་ཆེ་ཤོས་དེ་ཡིན་པ་རེད། གོང་གསལ་ལེའུ་དེའི་ནང་དུ་བདུད་ཡུལ་མུན་པའི་གླིང་ཞེས་བདུད་ཀྱི་ས་གནས་དང་རྒྱལ་ས་ཕོ་བྲང་གི་བཀོད་པ་དག་ནི་ཆེས་འཇིགས་རུང་ཞིག་ཡོད་སྐོར་འཁོད་ལ། ས་གནས་དེར་དབང་བསྒྱུར་བྱེད་མཁན་བདུད་ཆེན་སྡེ་བཞི་དང་བདུད་ཀྱི་རྗེ་བློན་རྣམས་གནས་སྡོད་བྱས་སྐོར་དང་། བདུད་ཁྱབ་པ་ལག་རིང་གི་མྱེས་པོ་བདུད་དགའ་རབ་དབང་ཕྱུག་དང་། བདུད་རྒྱ་ལག་ཐོད་རྗེ། བདུད་ཁྱབ་པ་ལག་རིང་བཅས་བདུད་ཀྱི་གནད་ཡོད་མི་སྣ་རྣམས་འདུས་སྡོད་བྱས་ཡོད། བདུད་ཁྱབ་པ་ལག་རིང་གི་སྐུ་དུས་སུ་བདུད་ཡུལ་མུན་པའི་གླིང་ནས་སྟོབས་མངའ་ཐང་དམག་གོ་མཚོན་སོགས་གང་ཅིའི་ཐད་ནས་འགྲན་ཟླ་བྲལ་བ་དེ་ཁོ་རང་ཡིན་པ་དང་། སྐབས་དེར་ཉེ་འཁོར་གྱི་རྒྱལ་ཕྲན་ཁག་ནས་སྟོབས་འབྱོར་ཆེ་ཤོས་དེ་དམུ་རིགས་ཀྱི་སྲས་པོ་སྟོན་པ་གཤེན་རབ་མི་བོ་ཡིན་པ་དང་། བདུད་དང་གཤེན་གཉིས་ནི་སྲིད་འབྱོར་རིག་གསུམ་གྱི་ཐད་ནས་གཞན་ལས་འཕགས་པའི་རྒྱལ་ཕྲན་གཉིས་ཡིན་པ་དང་། གཤེན་རབ་མི་བོ་ནི་སྤྱི་ཚོགས་ཀྱི་རིག་གནས་ཀུན་ལ་གཟིགས་རྒྱ་ཡངས་པ་དང་། ཐབས་ཤེས་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་སྟབས་ཁོང་གིས་འཁོར་རྣམས་ལ་བོན་འཁོར་བསྐོར་ནས་དབང་བསྒྱུར་རླབས་ཆེན་མཛད་སྟབས་བདུད་ཁྱབ་པ་ཡིད་མ་རངས་ནས་འགྲན་ཟླ་བྱེད་རྒྱུའི་ཀུན་སློང་འཆང་བ་རེད། དེའི་སྐོར་གཞུང་རང་དུ་གསལ་འདི་ལྟར།གཤེན་རབ་མི་བོ་བྱ་བ་དེ། །ཚིག་ནི་མི་ཤེས་དགུ་ཡང་ཤེས། །སྤྱོད་པ་མི་བྱེད་དགུ་ཡང་བྱེད།  །སྤྲུལ་པ་མི་སྟོན་དགུ་ཡང་སྟོན།  །འཇིག་རྟེན་ཁམས་ཀྱི་སེམས་ཅན་ལ། །བདུད་ཀྱི་སྡེ་རིགགས་མ་གཏོགས་པ། །ཐམས་ཅད་ཀུན་ལ་མངའ་དབང་བསྒྱུར།།”[2]ཞེས་པས་སྟོན་པ་གཤེན་རབ་མི་བོའི་རླབས་ཆེན་གྱི་མཁྱེན་སྤྱོད་ལ་བདུད་ཁྱབ་པ་སྙིང་ན་ནས་ཡོད་པ་རྟོགས་ནུས་ལ།  འོན་ཀྱང་གཤེན་རབ་མི་བོ་ཆེར་བདུད་ཀྱིས་གང་ཅིའི་ཐད་གླག་ཁ་སྟབས་མེད་པས་བདུད་ཀྱི་ཞི་བའི་བསླུ་བྲིད་དུ་ཆོ་འཕྲུལ་སྣ་བརྒྱད་དང་དྲག་པོའི་ཆོ་འཕྲུལ་གཅིག་བཅས་ཁྱོན་ཆོ་འཕྲུ་སྣ་དགུ་བསྟན་པ་བཤད་ཡོད། དེའི་ཁྲོད་ནས་གཤེན་རབ་མི་བོའི་ཡིད་དམ་གྱི་ལྷ་དང་། སློབ་དཔོན། ཡབ། ཡུམ་བཅས་སུ་བརྫུས་ནས་བསླུ་ཐབས་སྣ་ཚོགས་བརྩམས་རུང་བསླུ་མ་ཐུབ་པ་དང་། དེ་རྗེས་ཚོང་དང་། དམག ནོར་རྫས། བུད་མེད་མཛེས་མ་སོགས་ཀྱི་བསླུ་ཐབས་སྣ་ཚོགས་བསྟན་རུང་བསླུ་མ་ཐུབ་པ་སོགས་ཀྱི་གཏམ་རྒྱུད་ངོ་མཚར་ལ་སྒྲོས་དོད་པ་ལྷུག་པོར་བཤད་ཡོད་པ་དང་། དེ་རྗེས་གཤེན་རབ་མི་བོའི་ཐོག་ཏུ་དྲག་པོའི་དམག་དྲངས་ནས་འདུལ་བར་བརྩོན་རུང་སྟོན་པའི་བ་སྤུ་གཅིག་ཀྱང་ལྟ་ཅི་བདུད་དམག་ཕལ་ཆེར་སྟོན་པའི་འཁོད་དུ་འདུས་པ་དང་ཁྱབ་པ་གཅིག་པུ་ཕྱིར་བདུད་ཡུལ་དུ་ཆས་སྐོར་བཤད་ཡོད།

བདུད་འཇོམས་གསང་བའི་གཟུངས་ཀྱི་ལེའུ་སྐོར། 

འོལ་གླིང་དུ་བདུད་ཀྱིས་དྲག་པོའི་དམག་དྲངས་ནས་རྒྱལ་ཁམས་སུ་ལྟས་ངན་པ་སྣ་ཚོགས་ཤར་བ་དང་། ཡུལ་དེའི་མི་རྣམས་རྒྱུན་ལྡན་དགེ་བ་སྤྱོད་ནས་ཁུ་སིམ་པོར་འཚོ་མཁན་ཞིག་ཡིན་སྟབས་ཧོབ་དུ་དྲག་པོའི་དམག་གི་མཐའ་བསྐོར་བ་དང་། སྟོན་པ་ཁྲོ་བོའི་སྐུ་རུ་བཞེངས་ནས་བདུད་བཏུལ་བ་སོགས་བསལ་ཡུལ་ལས་འདས་པའི་འཇིགས་སྣང་དང་དོན་རྐྱེན་མང་པོ་བྱུང་ནས་འོལ་གླིང་གི་མི་རྣམས་ཞེ་ཤ་འདར་བར་གྱུར་བ་དང་། དེ་རྗེས་དྲག་པོའི་གནས་ཚུལ་དེ་རྣམས་ཞི་འཇགས་སུ་སོང་བ་དང་འོལ་གླིང་གི་སྟོན་འཁོར་རྣམས་ལ་བདུད་ཀྱི་མདེའུ་གཅིག་ཀྱང་མ་ཐེབས་པས་དགའ་སྟོན་གྱི་བྱ་བ་རྒྱ་ཆེར་མཛད་དེ་སྟོན་པ་མཆོག་གིས་འཁོར་རྣམས་ལ་བདུད་འཇོམས་གསང་བའི་གཟུངས་ཞེས་པ་གཏན་འབེབ་གནང་རྒྱུ་ཞལ་བཞེས་གནང་བ་དང་། དེ་ནས་སློབ་མའི་མཆོག་གྱུར་གཤེན་གསང་བ་འདུས་པས་ཞུ་བ་ཕུལ་ཏེ་བདུད་འཇོམས་གསང་བའི་གཟུངས་དངོས་སུ་སྟོན་པས་གཏན་འབེབ་གནང་སྐོར་འཁོད་ཡོད། བདུད་འཇོམས་གསང་བའི་གཟུངས་ཀྱི་ལེའུ་སྐོར་དེ་ནི་ཕལ་ཆེ་བ་གཟུངས་ཀྱི་སྐོར་ཡིན་ལ། གཟུངས་དེ་ནི་གཙོ་བོ་བདུད་ཀྱི་གནོད་པ་དང་། བཙན། མ་མོ། སྲིན་པོ། རོ་ལངས། ས་བདག ཀླུ། གཉན། མུ་སྟེགས་སོགས་ཀྱི་གནོད་པ་ལས་གྲོལ་ཆེད་ཡིན་སྐོར་འཁོད་ལ། གསང་སྔགས་རིགས་སྔགས་ཀུན་གྱི་མཆོག་ཡིན་སྐོར་དང་ཆེས་གལ་ཆེ་བ་ཡིན་སྐོར་འཁོད་ཡོད་པ་བཅས་སོ།། 

སྟོན་པས་བདུད་ཁམས་ཐར་པར་བཀོད་པའི་ལེའུ་སྐོར། 

བདུད་ཁམས་ཐར་པར་བཀོད་པའི་ལེའུ་ནི་སྟོན་པ་ཕྱྭ་ཡུལ་དུ་ཕེབས་ཤིང་ཕྱྭ་ཟ་གུང་དྲུག་མ་ཁབ་ཏུ་བཞེས་ནས། སློབ་མའི་མཆོག་གྱུར་རྒྱལ་སྲས་མི་ཆོ་ལྡེམ་དྲུག་འཁྲུངས་སྐོར་དང་ཁོང་ཉིད་ཀྱིས་སྟོན་པ་གཤེན་རབ་མི་བོའི་དྲུང་དུ་སློབ་གཉེར་མཛད་སྐོར་བཅས་འཁོད་ལ། སྟོན་པ་གཤེན་རབ་མི་བོ་ཆེ་ཕྱྭ་ཡུལ་དུ་ཕེབས་པའི་གནས་ཚུལ་དེ་དག་གི་ཁྲོད་དུ་བདུད་ཁྱབ་པས་འོལ་གླིང་དུ་ཐབས་ཤེས་སྣ་ཚོགས་ཀྱིས་སྟོན་པའི་བཙུན་མོ་དང་། སྲས་འཁོར་རྣམས་ལ་བསླུ་བྲིད་སྣ་ཚོགས་བཏང་བ་དང་གཤེན་རབ་མི་བོ་ཆེ་ཕམ་ཐབས་ཀྱི་བྱ་བ་འདྲ་མིན་བརྩམས་མཐར། སྟོན་པའི་བཙུན་མོ་དཔོ་ཟ་ཐང་མོའི་བུ་མོ་གཤེན་ཟ་ནེའུ་ཆུང་མ་བདུད་ཀྱིས་བརྐུས་ཏེ་ཁོ་རང་གི་མནའ་མ་བྱས་སྐོར་འཁོད་ཡོད། སྐབས་དེར་གཤེན་ཟ་ནེའུ་ཆུང་ནི་ལོ་ན་བཅོ་ལྔ་བཅུ་དྲུག་ཙམ་སོང་བའི་བུད་མེད་གཞོན་ནུ་མ་ཞིག་ཡིན་ལ། ཁོ་མོ་ཤམ་པོ་ལྷ་རྩེར་མཆོད་འབུལ་བྱེད་དུ་ཕེབས་དུས་བདུད་ཁྱབ་པས་གཡོ་ཐབས་བསྟན་ནས་བདུད་ཡུལ་དུ་གཡོ་ཁྲིད་བྱས་པ་དང་། དུས་དེར་སྟོན་པ་འོལ་གླིང་དུ་བཞུགས་མེད་པ་དང་དཔོ་ཟ་ཐང་མོ་སེམས་ཁྲལ་ཆེན་པོ་བྱུང་ནས་ཡུལ་དེའི་གྲོང་ཁྱེར་ཁག་ཏུ་ཞིབ་བཙལ་བྱས་རུང་ཤེས་རྟོགས་མ་བྱུང་ནས་ལུས། དཔོ་ཟ་ཐང་མོས་ནེའུ་ཆུང་བཙལ་བས་དགོང་མོ་ཁྱིམ་དུ་འཁོར་མ་ཐུབ་ནས་བྲམ་ཟེའི་རྒད་མོའི་ལྷན་ཞག་འདུག་བྱས་པས། མཚན་མོ་དེར་བྲམ་ཟེའི་རྒས་མོས་དཔོ་ཟ་ཐང་མོར་བྱ་ལ་ཉེ་མའི་སྐོར་གྱི་འདབ་ཆག་གཏམ་རྒྱུད་རིང་ཙམ་བཤད་པ་དེ་གཟི་བརྗིད་འདབ་ཆག་གཏམ་རྒྱུད་ནས་སྙན་གྲས་སུ་གྱུར་ཡོད། གཤེན་ཟ་ནེའུ་ཆུང་བདུད་ཡུལ་དུ་བསླེབས་རྗེས་ཁྱབ་པའི་མནའ་མ་བྱས་པ་དང་། བདུད་ཕྲུག་སྟག་བུ་ཐུང་དང་གཟིག་བུ་ཐུང་ཞེས་པའི་མིང་སྲིང་གཉིས་སྐྱེས་ནས་དུས་ཡུན་རིང་པོར་ཡུལ་དེར་ར་མདའ་མེད་པར་ལྷག ནེའུ་ཆུང་ནི་བུད་མེད་བསླུ་ཁ་ཡང་ཞིང་སེམས་ཆུང་བ་ཞིག་ཡིན་སྟབས་སྐབས་དེར་བདུད་ཡུལ་ནི་དམྱལ་གནས་ལྟ་བུའི་སྐྱི་འཇིགས་ཀྱི་གནས་ཤིག་ཏུ་མཐོང་སྟེ། ནེའུ་ཆུང་ནི་རུས་འགོ་པགས་པས་གཡོག་ཅིང་རྩིབ་རུས་ལྷང་ལ་བུད་དེ་ཤ་རེད་མདང་ཤོར་དུ་གྱུར། གནས་ཚུལ་དེ་དག་སྟོན་པས་མཁྱེན་རྗེས་སྟོན་པ་བདུད་ཡུལ་དུ་ཕེབས་ནས་ཐབས་ཤེས་སྣ་ཚོགས་ཀྱིས་བདུད་ལག་ནས་གཤེན་ཟ་ནེའུ་ཆུང་འོལ་གླིང་དུ་ཕྱིར་འཁྲིད་ཐུབ་པ་བྱུང་བ་དང་། བདུད་ཕྲུག་གཉིས་ནི་སྔར་མུས་བཞིན་བདུད་ཀྱི་ཕོ་བྲང་དུ་བཞག དེ་རྗེས་སྟོན་པས་ག་ལེར་བདུད་ཕྲུག་གཉིས་ཀྱང་འོལ་གླིང་དུ་ཕྱིར་ཁྲིད་གནང་བ་རེད། མདོར་ན་བདུད་ཁྱབ་པ་ནི་སྔ་ཕྱིར་གཤེན་དང་འགྲན་རྩོད་ནས་ཕམ་ཉེས་སྣ་ཚོགས་བྱུང་སྟེ་སྡོད་མི་ཚུག་པར་གྱུར་བས། ཐ་མ་གཤེན་རབ་མོ་བོའི་ཆིབས་རྟ་བརྐུ་རྒྱུའི་ཇུས་ངན་གཤམ་ནས། བདུད་ཤོར་བ་རྐྱ་བདུན་ཞེས་སྟོན་པའི་རྟ་བདུན་བརྐུ་རུ་འོལ་གླིང་དུ་མངག་གཏོང་བྱས་པ་དང་། ཤོར་བ་རྐྱ་བདུན་གྱིས་རྟ་བརྐུས་ཏེ་ཀོང་ཡུལ་དུ་བྲོས་བྱོལ་བྱས། སྟོན་པས་ར་མདའ་མཛད་ནས་ཀོང་ཡུལ་དུ་ཕེབས་ཏེ་བདུད་དམག་བཏུལ་བ་དང་། ཀོང་ཡུལ་གྱི་བོན་པོ་རྣམས་ལ་གཏོ་དཔྱད་རིག་གནས་སྣ་ཚོགས་སྤེལ་ཡོད། ཡུལ་དེའི་རྗེ་བོ་ཀོང་རྗེ་དཀར་པོ་དང་མཇལ་འཕྲད་ཀྱིས་མཛའ་འབྲེལ་གནང་སྟེ། ཀོང་རྗེའི་སྲས་མོ་ཀོང་ཟ་ཁྲི་ལྕམ་ཁབ་ཏུ་བཞེས་ནས་སླར་འོལ་གླིང་དུ་ཕེབས་པ་དང་བདུད་ཁྱབ་པ་ཡང་སྟོན་པའི་ལྷན་དུ་ལན་གཅིག་འོལ་གླིང་དུ་ཕེབས་པ་མ་ཟད་དགེ་བསྙན་གྱི་སྡོམ་པ་ཡང་ཞུས་སྐོར་གྱི་གནས་ཚུལ་གསལ་ཡོད་པ་བཅས་སོ།། 

བདུད་བཏུལ་བར་ཆད་བསལ་བའི་ལེའུ་སྐོར། 

ལེའུ་འདིའི་ནང་དུ་གཤེན་རབ་མི་བོ་ཆེ་གར་ཆེན་གསས་ཀྱི་ཡུལ་དུ་གདན་ཞུས་ལྟར་ཕེབས་སྐོར་དང་། དེའི་སྐབས་བདུད་ཁྱབ་པས་ཐབས་ཤེས་སྣ་ཚོགས་ཀྱིས་གཤེན་ཟ་ནེའུ་ཆུང་མ་སྨད་གསུམ་དང་གཤེན་རབ་ཀྱི་བཙུམ་མོ་བཅས་ལ་བསླུ་ཐབས་སྣ་ཚོགས་སྤེལ་སྐོར་འཁོད་ཡོད། བདུད་ཁྱབ་པ་ནི་དེའི་སྐབས་འཁོར་འབངས་ཡོད་ཚད་གཤེན་ལ་ཤོར་བ་དང་། རང་ཉིད་ཀྱང་གནས་སྐབས་གཤེན་གྱི་དྲུང་དུ་བསྡད་དགོས་སོགས་ཉམས་ཕྲ་བའི་གནས་སྟངས་བྱུང་རུང་། བདུད་ཀྱི་སེམས་ནང་དུ་ནམ་ཞིག་གཤེན་རབ་ཕམ་པར་འདོད་པའི་ཀུན་སློང་ནི་གྲ་མ་ཉམས་ནས་གནས་ཡོད་སྐབས། བདུད་ཕྲུག་གཉིས་དང་གཤེན་ཟ་ནེའུ་ཆུང་བཅས་ཕྱིར་བདུད་ཡུལ་དུ་འཁྲིད་སྟེ་བདུད་ཀྱི་རྒྱལ་ས་སླར་གསོ་བྱེད་པར་འདོད་ནས། ནེའུ་ཆུང་མ་སྨད་གསུམ་ལ་ལྐོག་ནས་གྲོས་འགོ་བཏང་རུང་། ཉན་པ་ལྟ་ཅི་ཤག་འདེབས་དང་འཕྱ་སྨོད་བྱས་ཏེ་ཁྱབ་པ་ངོ་ཚ་དགོས་པ་བཟོས་པ་དང་། ཁྱབ་པ་ནི་གནས་སྐབས་དགེ་ཚུལ་བསྟན་རུང་ཀུན་སློང་དུ་དགེ་སེམས་དང་དད་འདུན་ནི་ས་བོན་ཙམ་ཡང་མེད་སྟབས་ཁོ་རང་རྒྱལ་ཐབས་ཀྱི་འདོད་པ་ནི་མེ་འབར་འབར་དུ་གྱུར་ཡོད། གནས་ཚུལ་དེའི་ཁྲོད་གཤེན་གྱི་ཕོ་བྲང་གི་གཏོ་ཡི་བཀའ་སྒྲོམ་མེར་བསྲེག་བྱེད་རྒྱུའི་ཇུས་ངན་འོག་བཙུན་མོ་གཉིས་མགོ་སྐོར་བཏང་ནས་གཏོ་སྒྲོམ་མེ་ལ་བསྲེག་བྱས་ཡོད། གཏོ་སྒྲོམ་ནི་གཤེན་གྱི་ཕོ་ཕྲང་ནས་གལ་འགངས་ཆེ་བའི་རྟེན་གསུམ་དེ་ཡིན་ལ་སྒྲོམ་དེའི་ནང་ཡིག་འབྲུ་ཁྲི་དང་འབུམ་ཡོད་པར་གྲགས། དེ་མེ་ལ་བསྲེག་རྗེས་དེ་ག་རང་དུ་ཁྱབ་པ་བདུད་ཡུལ་དུ་བྲོས་ནས་མེད། སྐབས་དེར་གཏོ་སྒྲོམ་ཞུགས་ལ་ཕུལ་ཤུལ་ནས་ཡིད་ཀྱི་ཁྱེའུ་ཆུང་གིས་ཡེ་གེ་དཔའ་བོ་འབྲུ་ལྔ་ཞིག་རྙེད་པ་དེ་གཤེན་རབ་མི་བོས་ཡི་གེ་བཟོ་བྱེད་ཀྱི་མ་རྩ་ཡིན་པར་བཤད་འདུག དུས་སྐབས་དེར་བཙུན་མོ་གསས་ཟ་ངང་དྲུག་ལ་རྒྱལ་སྲས་འོལ་དྲུག་ཐང་པོ་སྐུ་བལྟམས་པ་དང་། འོལ་གླིང་གི་མི་རྣམས་ཀྱིས་དགའ་སྟོན་རྒྱ་ཆེར་བྱས་པ་མ་ཟད་རྒྱལ་བུ་སྐུ་ནར་སོང་རྗེས་སྟོན་པའི་དྲུང་དུ་སློབ་གཉེར་གནང་སྐོར་གྱི་གནས་ཚུལ་འཁོད་ཡོད་པ་བཅས་སོ།། 

གདུང་འཛིན་སྲས་སྤྲུལ་པའ་ལེའུ་སྐོར། 

ལེའུ་དེའི་ནང་དུ་སྟོན་པ་གཤེན་རབ་མི་བོ་ཆེས་ཀོང་རྗེ་དཀར་པོའི་བུ་མོ་ཀོང་ཟ་ཁྲི་ལྕམ་བཙུན་མོར་བསུས་སྐོར་དང་། ཀོང་ཟ་ཁྲ་ལྕམ་གྱི་ཡབ་ཀོང་རྗེ་དཀར་པོའི་རྒྱལ་ས་ཀོང་ཡུལ་བྲོ་སྣའི་སྐོར་གང་འཚམས་གང་འཁོད་ལ། རྒྱལ་ས་ཀོང་ཡུལ་བྲོ་སྣའི་ཉེ་འཁྲིས་ནས་ཆུ་བོ་པགྵུ་ཞེས་པ་བཞུར་བཞིན་ཡོད་སྐོར་གསལ་བ་དེ་ཡར་ཀླུང་གཙང་པོ་གམ་ཆུ་བོ་རྟ་མཆོག་ཁ་འབབ་ཡིན། ཀོང་ཟ་ཁྲི་ལྕམ་སྟོན་པའི་བཙུན་མོར་བསུས་སྐབས། སྣ་གཅོག་པའི་བོན་པོ་དང་། གཡང་ལེན་པའི་བོན་པོ། དམུ་ཐག་འདོག་པའི་བོན་པོ། ཕྱྭ་གཡང་སྐྱབས་པའི་བོན་པོ་རྣམས་ཀྱིས་ཡུལ་                ༌གྱི་བག་སྟོན་ཆོ་གའི་བྱེད་སྒོ་སྤེལ་སྐོར་གསལ་བ་ནི་བོད་གནའ་རབས་ཀྱི་བག་སྟོན་ཆོ་གའི་སྐོར་དཔྱད་གཞིར་གལ་ཆེན་དུ་མཐོང་། དེ་རྗེས་དམུ་རིགས་གཤེན་གྱི་གདུང་རྒྱུད་འཛིན་པའི་གཤེན་སྲས་ཀོང་ཚ་དབང་ལྡན་མཆོག་སྐུ་བལྟམས་སྐོར་དང་། སྐུ་བལྟམས་ཟིན་རྗེས་ལོ་ངོ་གཅིག་དང་ཟླ་བ་གཅིག་གི་རིང་རྗེ་རིགས་ཀྱི་བུ་མོ་དང་བྲམ་ཟའི་བུ་མོ་གཉིས་ཀྱིས་དམིགས་བསལ་གཅེས་ཉར་མཛད་པ་དང་། ཡུལ་དེའི་གའི་སྐུ་རིམ་སྒྲུབ་མཁན་གྱི་བོན་པོ། ལྷ་བོན་ཐོད་དཀར་དང་། ཕྱྭ་བོན་ཐིག་ལེ། སྐོས་བོན་གཙུག་སྲས། སྲིད་བོན་མུ་ཅོ། ཀླུ་བོན་གྱེར་མཁས། སྲི་བོན་མུ་འཕེན། ཚེ་བོན་ཕྱྭ་རྒྱལ། དཔལ་བོན་ཁ་ཡལ། མོ་མ་ཀུན་ཤེས་ཐང་པོ་བཅས་ཀྱིས་རིམ་འགྲོ་རྒྱུན་མ་ཆད་པར་སྒྲུབ་སྐོར་གསལ་ཡོད། རྒྱལ་སྲས་ཀོང་ཚ་དབང་ལྡན་མཆོག་སྐུ་འཁྲུངས་རྗེས་མཚན་མཁན་གྱིས་མཚན་བརྟག་གནང་ཚུལ་དང་། དེ་རྗེས་རྒྱལ་སྲས་སྐུ་ནར་སོང་རྗེས་སྟོན་པ་གཤེན་རབ་མི་བོའི་དྲུང་དུ་སློབ་གཉེར་གནང་ཞིང་ཐོས་བསམ་གྱི་རྒྱུད་སྦྱོང་སྐོར་དང་། ལྷག་ཏུ་དགེ་སྡིག་རྒྱུ་འབྲས་ཀྱི་སྐོར་ལ་ཞིབ་པར་འཆད་ཉན་མཛད་ཡོད་སྐོར་འཁོད་པ་བཅས་སོ།། 

ཐེག་པ་དགུ་པ་བསྟན་པ་རྗེས་བཞག་གི་ལེའུ་སྐོར། 

ལེའུ་དེའི་ནང་དུ་འོལ་མོ་ལུང་རིང་གི་བྱང་ཤར་གར་ཆེན་ཤག་གི་ཡུལ་ཞེས་པའི་ས་གནས་ཀྱི་རྒྱལ་བུ་གཙུག་གཏོར་རྣམ་རྒྱལ་གྱིས་གདན་ཞུས་ལྟར། གར་ཆེན་ཤག་གི་ཡུལ་དུ་ཕེབས་ནས། བཟོ་རྒྱལ་གར་མ་ལི་ཤི་ལ་བཟོ་བཀོད་མཛད་དུ་བཅུག་ནས། ཐེག་པ་རིམ་དགུའི་གསས་ཁང་ལ་ཁྱུང་གུར་ཁྱུང་མགོ་ཏོག་དང་ལྡན་པ་ཞིག་བཞེངས་སྐོར་དང་། དེ་ཡང་གསས་ཁང་གི་བཀོད་ཆ་ལ་ཕྱོགས་བཞི་ལ་འབྲས་བུའི་བོན་བཞིའི་གསས་ཁང་དང་། ཟུར་བཞི་ལ་རྒྱུ་ཡི་བོན་བཞིའི་གསས་ཁང་། དབུས་སུ་བླ་མེད་རྫོགས་པ་ཆེན་པོའི་གསས་ཁང་བཅས་བཟོ་དབྱིབས་རི་རབ་གླིང་དགུ་ལ་དཔེ་བླངས་ནས་བཞེངས་སྐོར་གསལ་ཡོད། གསས་ཁང་རེ་རེའི་རྒྱ་ཁྱོན་དང་ཞིབ་ཚགས་ཀྱི་བཀོད་ཆ་བཅས་གསལ་པོ་འཁོད་ཅིང་ཁྱུང་གུར་ཁྱུང་མགོ་ཏོག་དང་ལྡན་པ་རེ་ཡོད་སྐོར་དང་ཆེས་སྒྲོས་དོད་ལ་རྔམ་ཞིང་བརྗིད་པ་རེ་ཡོད་པར་གསལ། ལྷ་ཁང་དེ་དག་བཞེངས་གྲུབ་རྗེས་ཐེག་པའི་ལུགས་རང་རང་དང་མཐུན་པར་རྟེན་སྐུ་རྒྱ་ཆེར་བཞེངས་པ་དང་། རྟེན་དང་བརྟེན་པ་ཡོངས་སུ་གྲུབ་རྗེས་སྟོན་པ་མཆོག་དབུ་བཞུགས་ཐོག་མངའ་དབུལ་རབ་གནས་མཛད་ཅིང་གར་ཆེན་ཤག་གི་ཡུལ་གྱི་མི་རྣམས་དགའ་སྟོན་རྒྱ་ཆེར་བྱས་སྐོར་གསལ་ཡོད། སྐབས་དེར་གསས་ཁང་བཟོ་བཀོད་ལ་སློབ་སྟོན་གནང་མཁན་སྟོན་པ་མཆོག་ཡིན་པ་དང་། དངོས་སུ་ལར་བསྟར་གནང་ནས་བཞེངས་མཁན་ནི་བཟོ་རྒྱལ་གར་མ་ལི་ཤོ་གཙོས་འཛམ་གླིང་བསྟན་པའི་རྒྱལ་དྲུག་ཡིན་སྐོར་གསལ། གསས་ཁང་བཞེངས་བསྐྲུན་གྱི་རབ་གནས་མཛད་སྒོ་རྗེས་སྟོན་པ་གཤེན་རབ་མི་བོས་ཐེག་པ་རིམ་དགུ་རེ་རེའི་རྣམ་བཞག་ཚིག་ཉུང་ལ་དོན་གསལ་བ། གོ་སྟབས་བདེ་ཞིང་གལ་གནད་འདུས་པ་ཆེས་སྟབས་བདེ་བོ་ཞིག་གསུངས་མཛད་པ་ཡོད་པ་ནི། ལྷོ་གཏེར་ཐེག་དགུ་ལ་ལས་དང་པོར་སྦྱོང་མཁན་ཚོར་དམིགས་ཕན་ཐོགས་ཆེན་པོ་ཡོང་བཟོ་འདུག་ལ། ཚིག་དེ་དག་རྒྱུན་དུ་རང་གི་བློ་འཇགས་གནང་ཐུབ་ཚེ་ཧ་ཅང་དགེ་མཚན་ཆེན་པོ་ཡོད་བཟོ་མཐོང་། 

སྐུ་གདུང་བསྟན་པ་རྗེས་བཞག་གི་ལེའུ་སྐོར། 

ལེའུ་དེའི་ནང་དུ་འོལ་མོ་ལུང་རིང་གི་ཤར་ཕྱོགས་ཆུ་བོ་ན་ར་ཛ་རའི་འགྲམ་རྒྱལ་ས་བཀྲ་ཤིས་སྒོ་མང་གི་རྒྱལ་བུ་དགེ་བ་འཁོར་ཞེས་པར་སྟོབས་འབྱོར་ཆེན་པོ་ཡོད་པ་དང་། དགེ་སེམས་ཀྱང་དེ་བས་ཆེན་པོ་ཡོད་སྟབས། དགེ་ཕྱོགས་ལ་ཧ་ཅང་གི་གཏོང་སེམས་ཆེན་པོ་བྱུང་ནས་སྟོན་པ་གཤེན་རབ་མི་བོ་ཆེ་མཆོད་གནས་སུ་གདན་དྲངས་ཞུས་ཕྱོགས་ཐད་ནང་མི་རྣམས་གྲོས་བསྡུར་མཛད་སྐོར་དང་། མཐར་སྟོན་པ་དངོས་སུ་གདན་འདྲེན་ཞུ་རྒྱུར་གྲོས་མཐུན་བྱུང་སྟེ་ཕེབས་བསུ་ཞུ་རུ་སོང་བ་དང་། སྟོན་པ་མཆོག་གིས་ཞལ་བཞེས་གནང་ནས་ཕེབས་པས་ཡུལ་དེ་གའི་རྒྱལ་བློན་བཙུན་མོ་རྣམས་ཀྱིས་སྟོན་པ་ཕེབས་བསུ་ཟབ་རྒྱས་ཞུས་པ་དང་། སྤྱིར་དུས་སྐབས་དེར་བདུད་ཁྱབ་པའི་ཆོ་འཕྲུལ་དང་བར་ཆོད་ཞི་ནས་འོལ་གླིང་དུ་ཞི་བདེ་སླིང་འཇགས་ཀྱི་དུས་ཤིག་ཡིན་པ་དང་། སྟོན་པ་མཆོག་གིས་མི་རྣམས་ལུས་ངག་གི་དགེ་བར་སྐུལ་རྒྱུ་གལ་ཆེན་དུ་དགོངས་ལ། དེ་ཡང་གདུལ་བྱ་ལས་དང་པོ་བ་རྣམས་དགེ་ཕྱོགས་སུ་འཁྲིད་རྒྱུའི་ཐབས་ལམ་སྟབས་བདེ་ཤོས་དེ། ཐད་ཀར་མིག་གིས་མཐོང་བའི་རྟེན་དང་བརྟེན་པའི་ངོ་སྤྲོད་དང་དགེ་ཕན་བཤད་ན་ཡིད་ཆེས་དད་འདུན་འཕེལ་བའི་ཐབས་གལ་ཆེན་ཞིག་ཡིན་པ་དང་། སྟོན་པ་མཆོག་གིས་རྒྱུ་མཚན་དེར་དམིགས་ནས་སངས་རྒྱས་ཀྱི་བསྟན་པ་སྐུ་གདུང་དང་། སྐུ་གཟུགས། གསུང་རབ་སོགས་ཆེས་གལ་ཆེ་བ་མང་པོ་ཡོད་པ་ལས་སྐུ་གདུང་གི་བསྟན་པ་དེ་གལ་ཆེན་ཡིན་སྐོར་དང་། སྐུ་གདུང་ལའང་རིགས་མི་འདྲ་དུ་མ་ཡོད་སྐོར་སོགས་ཟབ་རྒྱས་གསུངས། དེ་ཡང་མཆོད་པའི་གནས་དང་བཀུར་བའི་ཞིང་། མཆོད་རྟེན་སུམ་བརྒྱ་དྲུག་ཅུ་སྟེ།ཞེས་གསུངས་པ་ལྟར། བོན་ཉིད་དབྱིངས་ཀྱི་མཆོད་རྟེན་བརྒྱ་ཉི་ཤུ་དང་། རང་བཞིན་མཁའ་ལ་རྫོགས་པའི་མཆོད་རྟེན་བརྒྱ་ཉི་ཤུ།  ཀློང་དུ་ཅིར་ཡང་སྤྲུལ་པའི་མཆོད་རྟེན་བརྒྱ་ཉི་ཤུ་བཅས་ཁྱོན་མཆོད་རྟེན་གྱི་རྣམས་གྲངས་ལ་སུམ་བརྒྱ་དྲུག་ཅུ་ཡོད་སྐོར་དང་། དེ་དག་རེའི་བྱུང་ཁུངས་ངོ་བོ་སོགས་གསལ་པོ་བཤད་ལ། ལྷག་ཏུ་ཀློང་དུ་ཅིར་ཡང་སྤྲུལ་པའི་མཆོད་རྟེན་བརྒྱ་དང་ཉི་ཤུའི་ཆག་ཚད་བཀོད་ཆ་ཞིབས་ཚགས་གསུངས་པ་དང་། དེ་ཡང་ཅིར་ཡང་སྤྲུལ་པའི་མཆོད་རྟེན་རེ་རེའི་དགོས་ཕན་སོགས་ཆེས་གསལ་པོ་གསུངས་ཡོད་པ་དང་། མདོར་ན་ལེའུ་དེ་ནི་བོན་ལུགས་ཀྱི་སྐུ་གདུང་མཆོད་རྟེན་སྐོར་གྱི་ངོ་སྤྲོད་བྱུང་ཁུངས་ཞིབ་ཚགས་ཏུ་འཁོད་ཡོད་པ་བཅས་སོ།། །། 

[1] འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ། གཤེན་རབ་མི་བོ་ཆེའི་བཀའ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ཕྱི་ལོ༢༠༠༠ལོར་དཔར་དུ་བསྐྲུན། ཤ ༢༣ལས་གསལ། 

[2] དྲི་མེད་གཟི་བརྗིད། གོང་མཚུངས། ཤ ༡༠༡ལས་གསལ། 

མཚམས་སྦྱོར་བ། ཞང་ཚུལ་མི། 

པར་རིས་དང་མཚམས་སྦྱོར་མཁོ་འདོན་གནང་མཁན་དགེ་བཤེས་བློ་གྲོས་འོད་ཟེར།

(སྤྱིའི་གཟིགས་གྲངས། 272 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༸སྐྱབས་རྗེ…
error: རྩོམ་འདི་བདག་དབང་ཅན་ཡིན།