ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཚེ་སྲོག་གི་བདག་དབང་སྤྲོད་ཐབས།

རྩོམ་པ་པོ། གཤེན་ཚེ་ཚང་དགེ་བཤེས་འོད་ཟེར་རྒྱལ་མཚན།

ད་ལན་ལས་ཀྱི་འབྲེལ་བའི་ཐག་རིང་སློབ་མ་ཞིག་གིས་ཤ་ཡི་རིགས་ལ་ཇི་ལྟར་དབྱེ་བ་དང་། དེ་དག་ལ་ལྟོས་ཏེ་ཉེས་པ་ཆེ་ཆུང་ཡོད་མེད་སྐོར་བཀའ་ལུང་དང་སྦྲེལ་ཏེ་གླེང་དགོས་པའི་བསྐུལ་མ་གནང་བ་དང་། རང་ཉིད་ཀྱིས་ཀྱང་ལོ་ཤས་རིང་ནས་ཤ་དང་ཁ་བྲལ་ཐབས་ལ་འབད་པ་ཇི་ལྟར་བྱས་པའི་རྒྱུད་རིམ་སོགས་ལ་བརྟེན། གཤམ་ནས་ཤ་དང་འབྲེལ་བའི་སྐོར་ཅུང་ཞིག་གླེང་རྒྱུ་ཡིན།

དང་པོ། དགེ་སྡིག་ལ་སྦྱར་ཏེ་ཤ་ཟའི་ཉེས་དམིགས་དང་རིགས་ཀྱིས་དབྱེ་བ་སྐོར་གླེང་བ།

 ཤ་ཟ་བ་ནི་ཆེས་ཡ་ང་བ་དང་ལྕི་འཇིགས་པའི་ལས་ཞིག་ཡིན་ནའང་རང་རེ་འདོད་ཁམས་པར་མཚོན་ན་ཤ་ཟའི་འཚོ་བ་དོར་བ་ནི་ཤིན་ཏུ་ཁག་པོ་ཞིག་ཡིན་པར་སྣང་།
དེའང་ཤ་ཟའི་ཉེས་པ་ནི་བོན་ཆོས་གཉིས་ཀའི་བཀའ་ལུང་ལས་གསལ་པོར་གསུངས་ཡོད་པ་སྟེ། བོན་གྱི་མདོ་དྲི་མེད་ལས།ཤ་ཞེས་བྱ་བའི་ཁ་ཟས་འདི། །སེམས་ཅན་སྲོག་གཅོད་རྒྱུ་ལས་བྱུང་། །ཞེས་དང་། ཆོས་དཔེ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་རྒྱུད་ལས།ཤ་དམར་པོ་དང་ཁྲག་དམར་པོ་ཟོས་ན་སྐྱེ་བ་བདུན་འདས་པའི་ཕ་རོལ་ཁྲོ་ཆུ་ཁོལ་མ་བླུགས་པའི་གནས་སུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་དང་། ལང་ཀར་གཤེགས་པའི་མདོ་ལས།ངས་ཤའི་ཟས་ནི་སུ་ལའང་མ་གནང་། མི་གནང་། གནང་བར་མི་འགྱུར་ཏེ།”  ཞེས་སོགས་གསུངས།
ཤ་ནི་མང་ཕལ་ཆེར་སེམས་ཅན་གྱི་སྲོག་བཅད་པ་ལས་བྱུང་། སྲོག་གཅོད་ལས་ནི་སྡིག་པའི་ནང་ནས་ཤིན་ཏུ་ལྕི་བ་སྟེ་མདོ་ལས།མི་དགེ་བཅུ་ལས་སྲོག་གཅོད་ལྕི། །ཞེས་དང་། དྲི་མེད་ལས།ཤ་ཡི་ཉམས་ལྟུང་ཉེས་པ་ཡིས། །དམྱལ་བ་བཙོ་བསྲེགས་གནས་སུ་སྐྱེ། །འབུ་སྲིན་མང་པོས་ལེན་ཆགས་སྙགས། །ཞེས་དང་། མདོ་ལས།ཤ་ཟ་ཐམས་ཅད་སྲིན་པོའི་ལུས། །ཤིང་ཤ་ཉིང་གིས་ཟ་བའི་ལས། །སྲོག་དང་སྡིག་ལ་མི་འཛེམ་པ། །སྲིན་པོའི་བུ་དང་དབྱེ་བ་མེད། །ཅེས་དང་། བོན་མདོ་གཟེར་མིག་ལས།རང་གི་གཟུགས་ཀྱི་ཕུང་པོ་ལ། །ཚེར་མ་གཅིག་ཀྱང་མི་གཟོད་པར། །གཞན་དག་སེམས་ཅན་མང་པོ་ཡི། །སྲོག་གཅོད་ཤ་ལ་ཟ་དགོས་ཟེར། །ག་ལའི་སེམས་ཅན་བདུད་རིགས་གཅིག །ཅེས་སོགས་རང་གཞན་གྱི་བཀའ་ལུང་དུ་མ་ལས་ཤ་ཡི་ཉེས་དམིགས་གསུངས་པ་བསམ་གྱིས་མི་ཁྱབ།

ཤ་ཡི་རིགས་ལ་ལྟོས་ཏེ་ཉེས་པ་ཆེ་ཆུང་ཡང་ཡོད་འདུག་སྟེ། སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་བཀའ་འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད་ལས།ཤ་ཟ་བ་ནི་ངན་སོང་རྒྱུ། །དམྱལ་གནས་འགྲོ་བའི་རྐྱེན། །ཤ་མིག་ཅན་སྡོམ་པ་ནི། མདའ་འཕང་ཤ་ལྔ་དང་། །རབ་ཏུ་ལྕི་བའི་ཤ་སུམ་ཅུ་དྲུག སྦོམ་པའི་ཤ་བཅུ་དྲུག ཕྲ་རྒྱས་ཤ་དགུ། སྤྱི་ཤ་གྲངས་མེད་ལྟུང་བའོ། །ཞེས་གཤམ་དུ་བཀོད་པའི་ཤ་ཡི་རིགས་དེ་དག་བཟའ་ན་ཉེས་ལྟུང་ཆེ་ཚུལ་བསྟན་འདུག གཤམ་ནས་གཞུང་དོན་གཞི་ལ་བཞག་སྟེ་དེ་དག་སོ་སོར་ངོས་བཟུང་ན།

) མདའ་འཕང་ཤ་ལྔ་ནི།

༡ མི་ཤ། ༢ རྟ་ཤ། ༣ ཁྱི་ཤ། ༤ གླང་ཆེན་ཤ། ༥ བྱ་རོག་ཤ་དང་ལྔའོ། །ཤ་རིགས་དེ་ལྔ་ཟ་ན་དམྱལ་བ་དང་ཡི་དགས་སོགས་སུ་རང་དབང་མེད་པར་མདའ་འཕང་བ་ལྟར་ཉེས་ལྟུང་གིས་ལྷུང་བའི་རྒྱུ་མཚན་གྱིས་དེ་ལྟར་ཡིན་གསུངས།

) རབ་ཏུ་ལྕི་བའི་ཤ་སུམ་ཅུ་རྩ་དྲུག་ནི།

༡ རྔ་མོང་ཤ་དང་། ༢ ར་ཤ། ༣ ཕྱི་ཤ། ༤ སྦལ་ཤ། ༥ སྤྲེའུ་ཤ། ༦ བྱ་ཝ་ཤ། ༧ སྦྲུལ་ཤ། ༨ སྤྲ་ཤ། ༩ སྙན་ཤ། ༡༠ བོང་ཤ། ༡༡ དྲེའུ་ཤ། ༡༢ མཛོ་རིགས་ཤ། ༡༣ ར་རྒོད་ཤ། ༡༤ ཕག་རྒོད་ཤ། ༡༥ རྐྱང་ཤ། ༡༦ བྲ་བྱི་ཤ། ༡༧ ནེ་ཙོའི་ཤ། ༡༨ ཝ་སྦྲེའི་ཤ། ༡༩ མཁའ་འགྲོའི་ཤ། ༢༠ དུང་ཤ། ༢༡ ལྒང་ཤ། ༢༢ ཕ་ཝང་ཤ། ༢༣ མ་ཧེའི་ཤ། ༢༤ ངང་དཀར་ཤ། ༢༥ པར་ཤ། ༢༦ ཤིང་སྲིན་ཤ། ༢༧ བྱ་ཁྲའི་ཤ། ༢༨ དུང་ཤ། ༢༩ འབུ་ཆེན་ཤ། ༣༠ ཏན་ཤ། ༣༡ གནའ་ཕོའི་ཤ། ༣༢ ཉ་ཁྲབ་ཤ། ༣༣ ཤ་རང་ནཱ་ཤ། ༣༤ སྦྲང་ཆེན་ཤ། ༣༥ མ་མངལ་ཤ། ༣༦ རོ་ཁྲུམ་ཤ་དང་སོ་དྲུག་གོ། ཤ་རིགས་དེ་དག་དཔེར་ན་ཕ་ཝང་གི་ཤ་ཟ་ན་སྦལ་ལྕོང་དུ་སྐྱེ་བ་ཉིས་སྟོང་ལེན་པ་སོགས་གཞན་རྣམས་ཀྱང་དེ་བཞིན་རབ་ཏུ་ལྕི་བའི་ཤ་ཡིན་པས་ན་ཉེས་པ་ཆེ་གསུངས།
གོང་དུ་དུང་ཤ་ཞེས་པ་གཉིས་བྱུང་ལ། ད་དུང་ཤ་རང་ནཱ་དང་། ཏན་ཤ། བྱ་ཝ་ཤ། (བྱ་ཝ་ཤ་ཞེས་པ་ནི་བྱ་ཝང་སྟེ་ཕ་ཝང་གི་ཤ་ཡིན་སྲིད་ཀྱང་། སྐབས་འདིར་ཕ་ཝང་གི་ཤ་ལོགས་སུ་བཤད་འདུག) མཁའ་འགྲོའི་ཤ། (བྱ་རིགས་ཀྱི་ཤ་ཟེར་སྲིད་སྙམ།) ཟེར་བ་འདི་ཚོ་གང་ཡིན་ངོས་འཛིན་མ་ཐུབ།

) སྦོམ་ཤ་བཅུ་དྲུག་ནི།

སྦོམ་ཤ་བཅུ་དྲུག་ཅེས་པ་འདི་འགའ་ཞིག་ངོས་འཛིན་དཀའ་བས་རང་སོར་འགོད་རྒྱུ་ཡིན།
༡ འཁོར་བ་ཉོན་མོངས་ཤ ༢ རང་ནོར་གོས་གྱིས་དང་། ༣ བྱི་ལ་མི་གཙང་ཤ་དང་། ༤ དཔའ་བཞོན་དྲི་ལེན་གྱི་ཤ་དང་། ༥ བྱ་བོན་ཤ་དང་རང་ཤ་དང་། ༦ སྙིང་རྗེས་རྩ་བཅད་ལྟག་ཤ་དང་། ༧ དབང་པོ་སྡིག་དྲུང་སྤྱང་ཀིའི་ཤ། ༨ ལྷ་མིན་རྐང་ཀར་ཤ་དང་། ༩ སྙིང་རྗེ་རླན་བྲལ་གྱི་ཤ་དང་། ༡༠ དུས་དེ་གང་ལ་རང་རིག་དམག་ཤ་དང་། ༡༡ ཐུགས་རྗེ་དགྲར་ལངས་ཤ་དང་། ༡༢ ཞེ་སྡང་ཚོད་བྲལ་ཤའོ། ༡༣ དུས་ལོག་སྲིད་མེད་ཤ་དང་། ༡༤ གཉན་པོ་བྱ་གླག་ཤ་དང་། ༡༥  སྲོག་གླུད་འཇིག་རྟེན་ཤ་དང་། ༡༦  བློ་ལོག་ཕོངས་སེམས་ཤའོ། དུས་མེད་ལ་སྦོམ་པོ་ཡིན་པས་བརྒྱ་འགྱུར་རོ། ལོ་ཟླ་ཞག་དུས་འཛིན་ན་སྟོང་འགྱུར། མང་པོ་འཚོགས་ཡུལ་ཟོས་ན་སྟོང་འགྱུར། ལྷ་ཁང་གནས་སུ་ཟོས་ན་སྟོང་འགྱུར། །ཞེས་གསུངས་སོ། །

) ཕྲ་རྒྱས་ཤ་དགུ་ནི།

༡ སེང་གེ་དུས་སླེབས་ཤ་(མི་ནག་ལ་མུ་གུ་དཀར་རུ)དང་། ༢ བྱ་ཁྱུང་(བྱ་བོན་སྒོ་ང་)ཚལ་རྡོལ་ཤ། ༣ གླང་ཆེན་ཁུང་འཛུལ་(ཁྲིམས་ཉམས་པ)ཤ། ༤ མི་རྒོད་བློ་སྟོར་(དད་པ་ཅན)ཤ། ༥ ལྷ་བུ་གནས་ལྷུང་(ཁྲི་མིང་ཡོད་པ)གི་ཤ། ༦ མེ་ཏོག་ཁྱེར་(མཛེ་ནད་ཅན)ཤ། ༧ འབྱུང་བཞི་བཅུད་འདུས་(དུག་གི་ཤི་ཤ)ཤ། ༨ རྒོད་པོ་སྟག་ཆགས་(རྒྱལ་སྲིད་བྲལ་བ)ཀྱི་ཤ། ༩ ཉི་ཟླ་ཐང་ལྷུང་(གྲུབ་ཐོབ་པ)ཤའོ། ། འདིའི་ཚིག་བར་གྱི་མཆན་དེ་དག་གངས་ཏི་སེའི་བོན་གཞུང་རིག་མཛོད་ནང་ཡོད་པའི་ཀུན་འབྱུང་དབྱིངས་དག་གི་རྒྱུད་ལྟར་རང་སོར་བཀོད་ཡོད་པས་བློ་ལྡན་རྣམས་ཀྱིས་དཔྱད་པར་མཛོད། དེ་དག་གི་ཉེས་དམིགས་ནི་རེ་རེ་ལས་ཉེས་པ་འབུམ་འགྱུར་དང་། ཞག་ཏུ་ལོན་ན་རེ་རེར་བརྒྱ་འགྱུར་དུ་རྒྱས་པ་སོགས་ཧ་ཅང་ཉེས་པ་ཆེ་བར་གསུངས། །

དེ་བཞིན་ཤ་རིགས་ལ་ལྟོས་ཏེ་ཉེས་པ་འབྱུང་ཚུལ་སྐོར་གོང་ལས་ད་དུང་ཅུང་ཁ་གསལ་བ་ནི། དྲི་མེད་བཟི་བརྗིད་གཤེན་གྱི་སྲུང་ཁྲིམས་རྣམ་པར་དག་པའི་མདོ་ལས།ཐོག་པར་ཤ་ལ་བཞི་རུ་སྟེ། །ལྟུང་བའི་ཤ་དང་ཉམས་པའི་ཤ། །ཉེས་པའི་ཤ་དང་འགལ་བར་འགྱུར། །དེ་ལ་སོ་སོར་དབྱེ་བ་ལ། །ལྟུང་བའི་ཤ་ལ་ལྔ་འགྱུར་བཅུ། །དུག་ལྔ་ཉེས་པའི་རྩ་བ་ལས། །ཕུང་པོ་ལྔ་པོ་གཟུགས་སུ་གྲུབ། །དེ་དག་བཅུད་ཀྱི་སྙིང་པོ་བརྒྱ། །འགྲོ་བ་ལུས་ཀྱི་ཟུང་བསྐྱེད་པ། །ཞེ་སྡང་གཅན་ཆེན་སྦྲུལ་གྱི་ཤ། །འདོད་ཆགས་ཅན་གྱི་བྱ་རྒོད་ཤ། །གཏི་མུག་ཕག་རྒོད་གླང་ཆེན་ཤ། །ང་རྒྱལ་གྱི་ལིང་གཡུ་འབྲུག་ཤ། འཕྲག་དོག་སྤྲ་སྤྲེལ་ཆུ་སྲིན་ཤ། །དེ་དག་རེག་པས་བྱིང་མི་བཏུབ། །སྐྱེ་བ་གཅིག་ལ་ལྟུང་བར་བྱེད། །

དེ་ལས་ཉེས་འགྱུར་ཉམས་པའི་ཤ། །བཞི་འགྱུར་ཉི་ཤུར་དབྱེ་བ་སྟེ། །ཞེ་སྡང་དག་ལ་ཉེ་འགྱུར་བཞི། །སྟག་གཟིག་གུང་དང་འཁྲོ་བ་གདོང་། །འདོད་ཆགས་དག་ལ་ཉེ་འགྱུར་བཞི། །བྱ་རོག་དུར་བྱ་ངུར་པ་ལྕོང་། །གཏི་མུག་དག་ལ་ཉེ་འགྱུར་བཞི། །ཁྱུ་མཆོག་གླང་དང་རབ་ཆད་མཛོ། །ཕག་ནག་རྟོལ་པོ་སྟེ་ནག་ཤ། ང་རྒྱལ་དག་ལ་ཉེ་འགྱུར་བཞི། །རྟ་དང་བོང་དྲེལ་གོ་བོའི་ཤ། ཕྲག་དོག་དག་ལ་ཉེ་འགྱུར་བཞི། །སྤྲེལ་དང་བྱི་བ་དོམ་དྲེད་ཤ། །དེ་དག་རེག་པས་ཉམས་པར་འགྱུར། །

དེ་ལས་ལྟོས་འགྱུར་ཉེས་པའི་ཤ། །ཞེ་སྡང་ལྟོས་འགྱུར་གཅན་ཟན་ཤ། །དབྱི་གསའ་འཕར་སྤྱང་དྲེད་མོང་ཤ། །འདོད་ཆགས་ལྟོས་འགྱུར་བྱ་མ་བྱིལ། །ཁྱིམ་བྱ་དེ་ཕོ་ཁྲ་གླག་འོལ། །བྱ་བོན་འཕྲིན་པ་བཅུ་གསུམ་ཤ། །གཏི་མུག་ལྟོས་འགྱུར་མ་ཧེ་མཛོ། །བ་གླང་འགར་དང་རྟོལ་མོ་ཤ། །ང་རྒྱལ་ལྟོས་འགྱུར་ཀྱུར་དང་སྲམ། །སླ་མོ་ཉ་དང་ཆུ་གནས་ཤ། །འཕྲག་དོག་ལྟོས་འགྱུར་ཝ་སྦྲེ་གྲུམ། །ཁུང་འཛུལ་སྔོན་མོ་ལ་སོགས་པ། །དེ་དག་ཉམས་དང་ཉེས་པར་འགྱུར། །

དེ་ལས་འགལ་འགྱུར་སྦྱང་བཏུབ་ཤ། །ཤྭ་རྐྱང་གཙོས་དགོ་རི་དགས་ཤ། །གཡག་ལུག་ར་གསུམ་གཡང་དགས་ཤ། དེ་དག་གཙང་ཤ་སྦྱང་དུ་རྒྱུ། །ཞེས་སོགས་ཤ་ཡི་རིགས་ལ་ལྟོས་ཏེ་རྒྱས་པར་གསུངས་སོ།།
གང་ལྟར་སྲོག་གཅོད་ནི་སེམས་ཅན་གྱི་གཟུགས་བོང་ལ་ལྟོས་ཏེ་ཉེས་པ་ཆེ་ཆུང་ཡང་དེ་ལྟར་འབྱུང་བར་འདུག་སྟེ། འདུལ་རྒྱུད་ལས། སེམས་ཅན་རེ་རེའི་སྲོག་གཅོད་པས། །ཕྲ་མོའི་སེམས་ཅན་གྲངས་མེད་གུམ། །ཞེས་གསུངས་པས། དཔེར་ན་འབྲི་གཡག་སོགས་གཟུགས་བོང་ཇི་ཙམ་ཆེ་བའི་སེམས་ཅན་རྣམས་གསོད་ཚེ། དེ་ཙམ་གྱིས་དེ་དག་གི་ལུས་ལ་མིག་གིས་མཐོང་ཐུབ་པ་དང་མི་ཐུབ་པ་སོགས་ཕྲ་བའི་སེམས་ཅན་དུ་མ་ཞིག་གནས་ཡོད་པ་རྣམས་འཆི་བཞིན་ཡོད་པ་དང་།
ཡང་སེམས་ཅན་རིག་པ་ཅན་དང་བེད་སྤྱོད་ཅན། དེ་བཞིན་ནུས་པ་ཅན་དང་བདག་དབང་ཅན་ལ་སོགས་ཀྱི་སྲོག་གཅོད་ན་ཉེས་པ་གཞན་ལས་ཆེ་བའི་རྒྱུ་མཚན་ནི། སེམས་ཅན་དེ་དག་ལ་ཡིད་ཆགས་པ་དང་བཀོལ་སྤྱོད་བྱེད་བཞིན་པའི་བདག་པོའི་བར་གྱི་བརྩེ་བ་དང་ཡིད་ཆེས་བསླུས་བ་དང་། ལོ་མང་རིང་བཀོལ་སྤྱད་བྱས་པའི་དྲིན་བཟོའི་འཚབ་ཏུ་དེ་དག་གི་སྲོག་འཕྲོག་པ་ནི་ཡ་ང་བའི་སྤྱོད་ཚུལ་ཞིག་ཇི་ལ་མིན། འདི་དག་བསམ་ཚེ་ཅི་སྟེ་འཇིག་རྟེན་འདིར་འདྲེ་དང་སྲིན་པོ་ཞེས་པ་ཞིག་ཡོད་ན་དེ་ནི་འགྲོ་བ་མི་རིགས་འདི་ཡིན་པ་ལས་གཞན་ཞིག་རྙེད་རྒྱུ་ཡོད་བཟོ་མི་འདུག་གོ།།

གཉིས་པ། ཚེ་སྲོག་གི་འགན་དབང་དང་འཕྲོད་བསྟེན་ལ་ལྟོས་ཏེ་གླེང་བ།

 ཆོས་དང་ལས་རྒྱུ་འབྲས་ཁས་མི་ལེན་པའི་དབང་དུ་གཏོང་སྟེ་ཤ་ཡི་ཉེས་སྐྱོན་སྐོར་གླེང་ན། འཇིག་རྟེན་ཁམས་ཀྱི་འགྲོ་བ་སྟེ་ཆེ་བ་ཉ་ཆེན་ཡོལ་མོ་ནས་ཆུང་བ་མིག་གིས་མི་ཟིན་པའི་སེམས་ཅན་ཡོད་དོ་ཅོག་ལ་ཚེ་སྲོག་གི་རྒྱུ་བ་ཡོད་ལ། སེམས་ཅན་ཐམས་ཅད་ཀྱིས་སོ་སོའི་སྲོག་ལ་མི་དུངས་བ་ཞིག་མེད། ཉིན་ལ་རྒྱུ་བའི་སེམས་ཅན་རྣམས་ལ་མཚོན་ན་ཞོགས་སྔ་པོ་ནས་དགོང་ཕྱི་མོ་བར་བྲེལ་ཞིང་འཚུབ་པ་ནི་ཚེ་སྲོག་འདིའི་ཆེད་དུ་ཡིན། དེ་བཞིན་མཚན་མོར་རྒྱུ་བའི་སེམས་ཅན་ཀྱང་དེ་དང་མཚུངས།
རང་སྲོག་རང་ལ་དབང་བ་ནི་གནས་ལུགས་གང་ལ་བསམ་ཀྱང་དྲང་བདེན་ཡིན་ལ། དེ་གཞན་གྱིས་འཕྲོག་པ་ནི་བདེན་པ་དང་ནམ་ཡང་མི་མཐུན། མི་དང་དུད་འགྲོའི་བར་གྱི་ཁྱད་པར་ནི་སྨྲ་ཤེས་དོན་གོ་མིན་ཙམ་ལས་རང་སྲོག་རང་ལ་དབང་བ་གཅིག་མཚུངས་ཡིན། རྒྱལ་སྤྱིའི་དུད་འགྲོ་རང་དབང་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་ནང་དུ།དུད་འགྲོ་རྣམས་རང་རང་གི་ཚེ་སྲོག་ལ་བདག་གཅེས་བྱེད་པའི་ཐོབ་ཐང་ཡོད། །ཅེས་བྲིས་ཡོད་ལ།མིས་ཇི་མི་སྙམ་པའི་དུད་འགྲོའི་ཚེ་སྲོག་ལ་རྒོལ་ན་ཁྲིམས་འགལ་ཡིན། །ཞེས་བཤད་ཡོད། དབང་ཆ་དང་ནུས་པ་ཆེ་ཆུང་གིས་གཞན་གྱི་ཚེ་སྲོག་འཕྲོག་ན་རྒྱལ་སྤྱིའི་དུད་འགྲོའི་རང་དབང་གི་ཁྲིམས་ལུགས་དང་ཡོངས་སུ་འགལ་ཡོད།
དེས་ན་སེམས་ཅན་སུ་ཞིག་ལའང་གཞན་གྱི་འཚོ་བའི་ཆེད་དུ་སྲོག་དོར་དགོས་པའི་འགན་འཁྲི་མེད་ལ། གཞན་གྱི་ཁ་ཟས་དང་གྱོན་གོས་ཁོ་ནའི་ཆེད་དུ་འཚོ་དགོས་པའི་གནས་ལུགས་ཞིག་ཀྱང་གང་ན་ཡོད། འུ་ཅག་མི་ཡི་རིགས་ཚོས་སོ་སོའི་གཉེན་དང་གྲོགས་ལ་ཇི་འདྲའི་དུངས་བ་ཡོད་པ་བཞིན། སེམས་ཅན་གཞན་ཚོ་ལའང་ཕ་མ་བུ་ཕྲུག་གི་བརྩེ་དུངས་ཡོད་པ་གཅིག་མཚུངས་ཡིན། ང་ཚོ་དང་སྙིང་ཉེ་བའི་ཕ་མ་སྤུན་གྲོགས་ཞིག་གློ་བུར་ཚེ་སྲོག་གི་རྒྱུ་བ་གཞན་གྱིས་འཕྲོག་ཚེ་ཇི་འདྲའི་སེམས་སྡུག་དང་གཞན་ལ་ཞེ་སྡང་བའི་བསམ་པ་སྐྱེ་བཞིན་ཡོད་པ་ལྟར། དུད་འགྲོ་རྣམས་ཁོ་ཚོའི་ཕ་མ་བུ་ཕྲུག་དང་གྲོགས་ཁྱུ་ཚོགས་ནས་གློ་བུར་དུ་ཉེས་པ་ཏིལ་འབྲུ་ཙམ་ཡང་མེད་པར་བཟུང་ནས་སྲོག་གཅོད་པ་ནི། རང་རེ་ནང་པ་སངས་རྒྱས་པ་སྟེ་བྱམས་སེམས་དང་སྙིང་རྗེའི་བདག་ཉིད་ཡིན་རབས་ཀྱང་ཀྱང་གླེང་བཞིན་པ་དེ་དག་ཁ་བཤད་དོན་ལ་མི་གནས་པ་མ་ཚད། ཕར་རོལ་ལ་ཉེས་པ་མེད་ན་སྲོག་ཁྲིམས་གཏོང་ཆོག་པའི་ལུགས་ཞིག་སུ་ཡིས་རྙེད། དེས་ན་གཞན་གྱི་ཚེ་སྲོག་ལ་བརྩི་བཀུར་དང་ཉེས་མེད་ཉམས་ཆུང་ཚོའི་ཚེ་སྲོག་སྲུང་བའི་འགན་དབང་ཕྲག་ཏུ་ལེན་ཐབས་གནང་དགོས།
རང་རེ་མཐོ་སྒང་བོད་ཡུལ་ལ་མཚོན་ན། བོད་པ་རྣམས་ཀྱིས་ཡེ་ཐོག་ནས་ཤ་དང་པགས་རིགས་ཞོ་མར་སོགས་ཀྱི་ཆེད་དུད་འགྲོ་བེད་སྤྱོད་པ་ཉུང་ཉུང་མ་རེད་ལ། རང་གི་འཚོ་བའི་ཆེད་དུ་དུད་འགྲོ་གཞན་གྱི་སྲོག་གཅོད་པའང་ཉུང་ཉུང་མ་རེད། འཛམ་གླིང་ས་ཁམས་རིགས་པ་རྣམས་ཀྱིས་འདི་ནི་ས་མཐོའི་ཡུལ་དུ་གནས་པའི་མི་ཡི་རིགས་ཀྱི་འཚོ་བ་སྐྱེངས་སྟངས་ཞིག་ཡིན་པར་བཤད་ཡོད་ཀྱང་། དེང་གནམ་གཤིས་ཀྱི་འགྱུར་ལྡོག་དང་འཁོར་ཡུག་གི་མཐུན་རྐྱེན་སོགས་ལ་བསྟུན་ཏེ་གནའ་སྲོལ་གྱི་འཚོ་བར་སྒྱུར་བཅོས་གཏོང་ཐུབ་ལ། གཏོང་བའི་དུས་ཀྱང་སླེབས་ཡོད། དུས་རབས་ཉེར་གཅིག་པའི་སྣ་འཛོམས་ཁྲོམ་རར་རང་འབྱུང་ཚལ་རིགས་དང་མིས་བཟོས་པའི་ཤ་མེད་ཟས་རིགས་གང་དགོས་ཡོད་ལ། ཞིང་འབྲོག་མི་མང་ཡང་གང་ལ་གང་འཚམས་ཞིག་སྔོ་ལྗང་གི་ཟས་རིགས་ལ་འཚོ་བ་སྐྱེལ་ཐུབ་ཀྱིན་ཡོད། རྒྱལ་སྤྱིའི་འཕྲོད་བསྟེན་ཚན་པས་ཞིབ་འཇུག་བྱས་འབྲས། ཤ་ཡིས་འཕྲོད་བསྟེན་ལ་ཆེས་གནོད་པའི་དོན་ཚན་ལྔ་དང་། བདུན། བཅུ། བཅོ་ལྔ་སོགས་འདྲ་མིན་བཏོན་ཡོད། དཔེར་ན།

) སྐྲན་ནད་ཀྱི་ཉེས་ཚབ་མཐོ་རུ་གཏོང་བ་སྟེ། དཔེར་ན། ནུ་སྐྲན། ལྒང་སྐྲན། རྒྱུ་སྐྲན་སོགས་མང་པོ་ཞིག་གླང་ཤ་དང་བྱ་ཤའི་རིགས་ནས་འབྱུང་གི་ཡོད། ལྷག་དོན་ཕྱི་ལོ་ ༢༠༡༤ ལོའི་འཛམ་གླིང་འཕྲོད་བསྟེན་ཚན་པས་བཏོན་པ་ལྟར། ནུ་སྐྲན་རིགས་བརྒྱ་ཆ་ ༢༢ ཤ་ཟ་བའི་རྒྱུ་རྐྱེན་ལས་འབྱུང་བཞིན་ཡོད།

) སྙིང་གི་ན་ཚ་དང་གཅིང་སྙི། གཟའ་གྲིབ། སྙིང་ཁྲག་འགག་པའི་ནད་འབྱུང་གིན་ཡོད། དེ་སྔོན་ནད་རིགས་འདི་དག་ལྡང་སླ་བོ་ཡོད་པའི་ཨ་རིའི་སྲིད་འཛིན་ཟུར་པ་བྷིལ་ཁི་ལིན་ཊོན་(Bill Clinton)གྱིས།ང་རང་སྔོན་མ་ནད་རིགས་འདི་ཚོའི་ཉེས་འཚབ་འབྱུང་སླ་བའི་མི་ཞིག་ཡིན་རྩང་ངས་ཤ་ཟ་འཚམས་བཞག་པ་ཡིན། ངས་སོ་སོས་སོ་སོར་མགོ་སྐོར་ཡུན་རིང་གཏོང་འདོད་མི་འདུག་པར་མ་ཟད། མི་ཚེ་རིང་ཙམ་འཚོ་སྟེ་ཚ་བོ་དང་ཚ་མོ་ཚོའི་སྤོ་སྤོ་ཡག་པོ་ཞིག་ཆགས་འདོད་ཡོད། ང་མི་ཡུལ་འདིར་ཡུན་རིང་འཚོ་འདོད་པའི་རྒྱུ་མཚན་གྱིས་མེད་རིང་ལུགས་ནང་ཞུགས་པ་ཡིན། །ཞེས་གྲགས་ཆེན་གྱི་གཏམ་བཤད་ཅིག་བྱས་ཡོད།

) ཚད་ལས་རྒལ་བའི་རྒྱག་པ་ཆགས་པ། དཔེར་ན། ཤ་ཟ་མཁན་མི་རྒྱག་པ་ཞིག་ལ་མཚོན་ན། རྒྱ་མ་ ༡༠ ནས་ ༣༠ ཙམ་ཤ་ཁོ་ནས་འབྱུང་གིན་ཡོད།

) ཁྲག་གི་རྒྱུ་ལམ་དལ་དུ་འགྲོ་བ། ཤ་ཟས་རྗེས་ཁྲག་གི་རྒྱུ་ལམ་དང་། འཕར་རྩའི་ངར་ཤུགས་དལ་དུ་འགྲོ་ནས། མཁྲིས་ཞག་གི་ནད། མཆིན་ནད། མཁལ་ནད། ཕོའི་དབང་རྩ་ཉམས་པའི་ནད་རིགས་སོགས་འབྱུང་གི་ཡོད།

) ཚེ་ཐུང་དུ་གཏོང་བ། འཛམ་གླིང་འཕྲོད་བསྟེན་ཚན་པས་ལོ་དྲུག་རིང་མི་ ༧༠༠༠༠ ལྷག་ལ་བརྟག་དཔྱད་ཞིབ་འཇུག་བྱས་འབྲས། ཤ་ཟས་པའི་ཕོ་རིགས་ལོ་ ༧༣ དང་ཚག ༨ འཐོབ་ཚེ། ཤ་མི་ཟ་མཁན་ཕོ་རིགས་ལོ་ ༨༣ དང་ཚག ༣ བར་འཐོབ་ཐུབ་པ་དང་། དེ་བཞིན་མོ་རིགས་ཤ་མི་ཟ་མཁན་ལོ་ ༨༥ དང་ཚག་ ༧ སྟེ་ཕོ་རིགས་ཤ་མི་མཁན་ལས་རིང་དུ་འཚོ་ཐུབ་པར་ཁུངས་སྐྱེལ་བྱས་ཡོད།

གོང་ལྟར་ང་ཚོ་ལ་ཡང་ཉམས་མྱོང་ཡོད་པ་སྟེ་ཤ་ཟས་རྗེས་གཟུགས་པོ་རང་བཞིན་གྱིས་ལྗིད་དུ་འགྲོ་བ་དང་། སྣང་བ་ཡང་ཉུབ་ཏུ་འགྲོ་བ། ནད་རིགས་འབྱུང་སླ་བ། གཉིད་མང་དུ་དབབ་པ། སྲེད་པ་ཆེ་རུ་འགྲོ་བ་སོགས་ཡོང་གི་ཡོད།

 གསུམ་པ། ཤ་སྤོང་བའམ་ཡང་ན་ཉུང་དུ་གཏོང་བའི་ཐབས་ལམ་དང་དེ་དག་གི་དགེ་མཚན་གླེང་བ།

 དགེ་སྡིག་གི་རྣམ་བཞག་དང་སྤང་བླང་སོགས་ལ་བརྟག་ན་ཤ་ནི་སྤང་བྱའི་ཡུལ་ཡིན་ལ། ལྷག་དོན་འདུལ་ཁྲིམས་དང་ལྡན་པའི་གང་ཟག་གམ་ནང་པ་སངས་རྒྱས་པའི་རྗེས་འཇུག་གི་ཟ་བའི་ཡུལ་ཇི་ལྟར་ཡིན་ཏེ། ཤ་ནི་ཕ་མའི་ཁུ་ཁྲག་འདུས་པའི་བཙོག་རིགས་དང་སྲོག་བཅད་ཀྱི་རྒྱུ་ལས་བྱུང་བ་སྟེ་ངེས་པར་སྤང་བའམ་སྲུང་དགོས་པའི་ཁ་ཟས་ཀྱི་སྡེ་བཞིའི་ཁོངས་སུ་བཞག་ཡོད། དེ་དང་འདྲ་བར་སྟོན་པ་ཐུབ་པའི་དབང་པོའི་ཆོས་རྒྱུད་ཡང་དག་པར་འཛིན་པའི་འབར་མ་དང་ཐ་ལེན་ཌའི་ནང་པ་དང་། རྒྱ་བརྒྱུད་ནང་པ་མང་པོ་ཞིག་གིས་ཤ་ཟ་བ་ནི་འཚེ་བའི་ལས་ཏེ་ནང་ཆོས་དང་ཡོངས་སུ་འགལ་བར་འདོད་པ་དང་། ལྷག་དོན་འདུལ་ཁྲིམས་ཀྱི་སྒོ་རུ་ཞུགས་པ་ནས་ཤ་ཟ་བ་ནི་ཨ་ཅང་སྟེ་ལག་པས་ཀྱང་རེག་པར་མི་བྱེད། འོན་ཀྱང་ང་ཚོ་བོད་གངས་ཅན་ལྗོངས་འདིར་གནམ་གཤིས་དང་འཚོ་བའི་འཁོར་ཡུག་སོགས་ཀྱིས་འདུལ་བ་ཡུལ་དུས་དང་བསྟུན་པའི་ལུགས་ལྟར། ནང་ཆོས་ཀྱི་སྒོར་ཞུགས་པའི་མི་སྐྱ་ཕོ་མོ་ཙམ་མ་ཚད་འདུལ་ཁྲིམས་ལྡན་པའི་དགེ་འདུན་ཕོ་མོས་ཀྱང་ཤ་ཟའི་འཚོ་བར་སྤྱོད་པ་ནི་རྒྱུན་ལྡན་ཡིན།
འོན་ཀྱང་ང་ཚོ་བྱམས་སེམས་དང་སྙིང་རྗེས་རྒྱུད་བརླན་པའི་ནང་པ་སངས་རྒྱས་པ་ངོ་མ་ཞིག་ཡིན་ཚེ། གོང་ཞུས་ལྟར་དེང་འཚོ་བ་ཕུན་སུམ་ཚོགས་པའི་དུས་རབས་གསར་པ་འདིའི་ནང་ཤ་ཟའི་འཚོ་བ་ཉུང་དུ་གཏོང་དགོས། ཇི་ལྟར་གཏོང་བའི་ཐབས་ལ་ངས་ལོ་ཤས་རིང་འབད་བརྩོན་བྱས་པའི་རྒྱུད་རིམ་དང་སྦྱར་ཏེ་གླེང་བར་འདོད། ང་ཚོའི་སྤྱི་ཚོགས་ནང་གནའ་ནས་གཏམ་དཔེ་ཞིག་སྟེ། ཤ་མ་ཟ་གསུང་མཁན་བླ་མ་རེད། །ཤ་མང་དུ་ཟ་མཁན་བླ་མ་རེད། །ཟེར་བ་ཞིག་ཡོད་པ་ལྟར་དོན་དངོས་སུ་མང་པོ་ཞིག་བདེན་པ་ཡིན། དེའང་ཤ་ཁོ་ནར་གལ་ལ་ཚད་དེ་གཞན་དག་མང་པོ་ཞིག་གོང་ནས་ངེད་ཅག་བླ་མ་དགེ་བཤེས་སྤྲུལ་སྐུ་ཚོས་མི་ཉན་དང་མི་ཆོག་གང་མང་ཞིག་གསུང་བཞིན་དོན་དངོས་སུ་རང་ཉིད་འཆིང་བ་དེ་ལས་གྲོལ་ཐུབ་མེད་པ་ནི། གཏམ་དཔེར། ཁ་བཤད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིག་པ། ཟེར་བ་དང་འདྲ་བར་ཟོག་པོའི་ལས་ཞིག་ཇི་ལ་མིན། ཉམས་ལེན་གྱི་གདེང་དང་ལྡན་པ་འགས་ཤ་ཟོས་ཀྱང་ཉེས་དམིགས་བཤགས་ཐུབ་པ་ཡོད་སྲིད་ཀྱང་དེ་ནི་ད་ལྟའི་དུས་འདིར་ཉིན་སྐར་ཙམ་ཡིན།
ད་འོ་ན་ང་ཚོས་ཤ་ཡི་སྐོར་བཤད་བཞིན་པ་འདིར་ལག་ལེན་དོན་འཁྱོར་ཇི་ལྟར་དགོས་སྙམ་ན། གོང་དུ་ཟུར་ཙམ་བརྗོད་པ་བཞིན་རྒྱལ་བའི་བཀའ་ལུང་གཞི་ལ་འཇོག་ནས་དགེ་སྡིག་གི་ཉེས་དམིགས་བསམ་པའམ། ཚེ་སྲོག་གི་བདག་དབང་ངམ་འཕྲོད་བསྟེན་ལ་བསམ་སྟེ་ཤ་སྤང་བའམ་ཉུང་དུ་གཏོང་རྒྱུའི་ཐབས་ལམ་འཚོལ་རྒྱུ་དེ་རེད། འོན་ཀྱང་རང་རེ་གདོང་དམར་ཤ་ཟའི་རིགས་ལ་ཤ་སྤང་རྒྱུའི་ལས་ཀ་ནི་ཆེས་ཡ་ཡུད་དང་དཀའ་ཚེགས་ཅན་ཞིག་ཡིན་པ་ལས་སླ་མོའི་ལས་ཀ་ཞིག་གཏན་ནས་མིན། ཅི་སྟེ་ཆུང་ནས་ཤ་ཟའི་འཚོ་བ་སྐྱེལ་བཞིན་པའི་མི་ཞིག་གིས་ཧོབ་ཏུ་ཤ་ཟ་འཚམས་འཇོག་པའམ་དཀར་ཟས་རིགས་ལ་བརྟེན་དྲགས་ན་འཕྲོད་བསྟེན་ལ་དོ་ཕོག་འབྱུང་བའི་ཉེས་ཁ་ཆེན་པོ་ཡོད་པར་མ་ཟད། དཀའ་སྤྱད་ལྟ་བུའི་ཤ་མྱུར་གཅོད་བྱ་ན་ཟས་རིགས་གཞན་དག་ཕོ་བར་གོམ་འདྲིས་འགྲོ་བར་དུས་ཡུན་རིང་འགོར་གྱིན་ཡོད་སྟབས། དེའི་བར་ནས་སོ་སོའི་གཟུགས་པོའི་སྟོབས་འཆོར་ཏེ་ལུས་གཅོང་ཅན་ཆགས་པའི་ཉེས་ཁ་ཡོད།

ངས་གོང་ཞུས་ལྟར་རང་ཉིད་བརྒྱུད་མྱོང་བའི་ཐབས་ལམ་དེའི་སྐོར་ཞུ་རྒྱུ་ཡིན། ཐབས་ལམ་དེ་ནི་འཇིགས་ཞིང་སྐྲག་པའི་དགེ་སྡིག་བཀའ་ལུང་དང་འབྲེལ་བ་ཞིག་རྩ་བ་ནས་མིན་ལ། དེ་ནི་གཞན་གྱི་ཚེ་སྲོག་ལ་བདག་དབང་དང་རིན་ཐང་སྤྲད་པ་ཁོ་ན་ཡིན། ཤ་ཡི་རིགས་ནི་སོ་སོས་ཁྲོམ་ནས་ཉོ་བའམ་ཡང་ན་སྒོ་བཤས་ལས་འབྱུང་གིན་ཡོད་པས་མདོར་ན་ཁྱེད་ཀྱིས་འཚོལ་སྒྲུབ་གང་ཞིག་བྱས་ཀྱང་དེའི་དོན་དུ་སེམས་ཅན་གྱི་སྲོག་འདོར་བཞིན་ཡོད་པ་མཁྱེན་དགོས། སེམས་ཅན་གྱི་གཟུགས་བོང་ཆེ་ཆུང་ལ་ལྟོས་ཏེ་ཤ་ཡི་ཕོན་ཡང་དེ་བཞིན་འབྱུང་གིན་ཡོད་པ་དཔེར་མཚོན་ནི།

) གཡག གཡག་ཅིག་ལ་གཟུགས་བོང་ལྗིད་ཚད་ཆ་སྙོམ་སྤྱི་རྒྱ་ ༣༥༠ ནས་ ༥༠༠ བར་ཡོད་པས་ཤ་རྐྱང་པ་སྤྱི་རྒྱ་ ༢༨༠ ནས་འགོ་འཛུག་ཆོག
) འབྲི། འབྲི་ཞིག་ལ་གཟུགས་བོང་ལྗིད་ཚད་ཆ་སྙོམ་སྤྱི་རྒྱ་ ༢༢༥ ནས་ ༢༥༥ བར་ཡོད་པས་ཤ་རྐྱང་སྤྱི་རྒྱ་ ༡༨༠ ནས་འགོ་འཛུག་ཆོག
) བ་གླང་། བ་གླང་གི་རིགས་ལ་ཆ་སྙོམ་ཤ་ཕོན་སྤྱི་རྒྱ་ ༢༥༠ ནས་ཡིན་པར་བཤད།
) ཕག་པ། ཕག་ཤ་རིགས་ལ་ཤ་ཕོན་ཆ་སྙོམ་སྤྱི་རྒྱ་ ༡༡༥ ནས་འགོ་འཛུག་པར་བཤད།
) ལུག ཤ་ཕོན་ཆ་སྙོམ་སྤྱི་རྒྱ་ ༣༠ ནས་འགོ་འཛུག་པར་བཤད།
) ར། ར་ཡི་རིགས་ལ་ཤ་ཕོན་ཆ་སྙོམ་སྤྱི་རྒྱ་ ༡༥ ནས་འགོ་འཛུག་པར་བཤད།
) བྱ་དེ། བྱ་དེའི་རིགས་ལ་ཤ་ཕོན་སྤྱི་རྒྱ་ ༡ ནས་འགོ་འཛུག་པར་བཤད།
) ཉ། ཉ་གཅིག་ལ་ཤ་ཕོན་ཞོ་གང་དོ་ནས་སྲང་སོགས་མཐར་རྒྱ་མ་སྟོང་ཕྲག་ཡོད་པ་དེ་འདྲ་ཡོད།

ཚལ་སྣ་དང་ཟས་རིགས་གཞན་གྱི་མཐུན་རྐྱེན་འཕེལ་རྒྱས་ཡོད་པའི་ཨ་རིའི་རྒྱལ་ཁབ་ལྟ་བུར་མཚོན་ན་ལོ་རེར་མི་རེས་ཆ་སྙོམ་ཤ་ཟ་ཚད་སྤྱི་རྒྱ་ ༡༣༠ ནས་འགོ་འཛུག་གིན་ཡོད་པས། རང་རེ་བོད་ཡུལ་ལ་ཆགས་བཞག་ན་འཚོ་བའི་གོམ་ལོབ་དང་ཆ་རྐྱེན་དབང་གིས་ལོ་རེར་མི་རེས་ཤ་ཟ་ཚད་སྤྱི་རྒྱ་ ༡༣༠ ལས་རྒལ་བཞིན་ཡོད་པར་འདོད། དེས་ན་ཁྱིམ་ཚང་གཅིག་ལ་མི་གྲངས་འབྲིང་ཙམ་སྟེ་རྒྱུན་ལྡན་ལྟར་ཤ་ཟ་ཐུབ་པའི་ཁྱིམ་མི་ ༥ ཡོད་པའི་དུས་ཚང་ཞིག་གིས་ལོ་རེར་ཤ་རྒྱ་མ་ ༦༥༠ ལྷག་ཟ་བཞིན་ཡོད། ཤ་རྒྱ་མ་ ༦༥༠ ལྷག་དེ་གཡག་ཤ་ཁོ་ནར་ཟ་བའི་དབང་དུ་གཏོང་ཚེ་ལོ་རེར་གཡག་ ༢ ཙམ་དང་། དེ་བཞིན་འབྲི་ལ་བགོ་ན་འབྲི་ ༣ ཙམ་དང་། བ་གླང་ ༤ ཙམ། ཕག་པ་ ༣ ཙམ། ལུག ༢༠ ཙམ། ར་ ༤༠ ཙམ། བྱ་དེ་ ༦༠༠ ལྷག་ཙམ། ཉ་རིགས་ ༡༠༠༠ ནས་བརྩི་འཐུས། དེས་ན་དུད་ཚང་གཅིག་གིས་ལོ་རེར་ཤ་ཁོ་ནའི་ཆེད་དུ་སེམས་ཅན་ག་ཚོད་སྲོག་གཅོད་བཞིན་འདུག འདི་དག་བསམ་ཚེ་ང་ཚོས་ཟ་རྒྱུའི་ཆེད་ཉེས་མེད་སེམས་ཅན་འདི་འདྲའི་མང་པོ་ཞིག་གི་ཚེ་སྲོག་འཕྲོག་བཞིན་པ་ནི་ཧ་ལས་པའི་ནག་ཉེས་ཚབ་ཆེན་གསོག་གིན་ཡོད་ལ། ང་ཚོ་ནི་འཛམ་གླིང་འདིའི་སྟེང་གི་གཞན་གྱི་ཚེ་སྲོག་ལ་རྒོལ་བའི་ཉེས་ཅན་པ་ཤ་སྟག་ཡིན། ད་ནི་ཉེས་ཅན་པ་ང་ཚོ་སོ་སོས་སོ་སོར་ཁྲིམས་ལ་མ་སྦྱར་ན་ཉེས་མེད་སེམས་ཅན་ཚོས་ང་ཚོར་ཁྲིམས་ལ་འཇུག་པའི་ལམ་མེད་པས་དེས་ན། ངས་གཞན་གྱི་ཚེ་སྲོག་ལ་བདག་གཅེས་དང་རང་གི་ཉེས་པ་ཁས་ལེན་པའི་གཤམ་གྱི་ཐབས་ལམ་འདི་གདམས་པ་ཡིན།

ཐོག་མར་བདུན་ཕྲག་རེའི་༧རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ཀྱི་བླ་གཟའ་ཉིན་ཤ་མ་ཟས་ནས་ཟླ་ཤས་བསྡད། དེ་རྗེས་བདུན་ཕྲག་གཅིག་ནང་ཤ་ཟ་བའི་ཉིན་གསུམ་དང་མི་ཟ་བའི་ཉིན་བཞི་བྱས་ཏེ་ཡུན་རིང་སོང་། དེ་ནས་གཟའ་འཇུག་གུངས་གསེང་མ་གཏོགས་ཤ་མི་ཟ་བའི་ལས་ལ་ཡུན་རིང་ཞུགས། མཐར་ཟླ་གཅིག་ནང་ཤ་ཐེངས་རེ་གཉིས་ཙམ་མ་གཏོགས་མ་ཟས་ནས་བསྡད། དེ་ལྟ་བུའི་དཀའ་ཁག་མེད་ན་འཕྲོད་བསྟེན་ལའང་མི་གནོད་པའི་ལས་འགུལ་དེ་ལོ་དང་ཟླར་མཐུད་ནས་སོང་རྗེས་ད་ནི་ཤ་མི་ཟ་ནའང་ངའི་ལུས་སེམས་ལ་དཀའ་ངལ་གང་ཡང་མི་འདུག་ལ། ང་ཁོ་ནའི་ཤ་ཟ་རྒྱུའི་ཆེད་དུ་ལོ་མང་རིང་སེམས་ཅན་མང་པོ་ཞིག་གི་སྲོག་འདོར་བཞིན་ཡོད་པའང་ཉུང་དུ་ཕྱིན་ཡོད་སྟབས། ཆོས་དང་འཇིག་རྟེན་གང་ལ་ལྟོས་ནའང་ཡིན་ལུགས་ཚུལ་ལྡན་ཞིག་རེད་འདོད།
དེ་ལྟར་ངའི་ཐོག་མཐའ་བར་གསུམ་གྱི་འབོད་བསྐུལ་དང་ཀུན་སློང་ནི་དབུ་ལ་བཞུགས་པའི་བཤེས་གཉེན་བླ་སྤྲུལ་ཚོས་རབ་བྱུང་ན་རིམ་པར་ཤ་མཆོད་མི་དགོས་པ་ཞིག་དང་། ཡང་ན་གོང་ཞུས་ལྟར་གལ་ཆེའི་དུས་ཚིག་ཁག་ལ་ཤ་མི་མཆོད་ནས་ཅི་སྟེ་སྤང་མི་ཐུབ་ནའང་ཉུང་དུ་གཏོང་ཐབས་ལ་འབད་རོགས་ཞུ་བཞིན་ཡོད།
ཐོག་མར་སོ་སོ་རང་ཉིད་ནས་འགོ་བརྩམས་རྗེས་ད་གཟོད་གཞན་ལ་བཀའ་གནང་ན་གནས་ལུགས་རྒྱུ་མཚན་ཡོད་པ་ཞིག་རེད་ལ། ལྷག་དོན་དེང་བླ་སྤྲུལ་བཤེས་གཉེན་དང་གཏོང་ཕོད་ཅན་གྱི་དད་སྦྱིན་པ་མང་དག་གཅིག་གིས་བཤས་ར་ནས་སེམས་ཅན་བརྒྱ་ཕྲག་མང་པོའི་སྲོག་བླུ་བའི་སྦྱིན་གཏོང་རླབས་པོ་ཆེ་དེ་ཚོའི་མཇུག་འབྲས་སྡུག་ས་ནས་བཤད་ན། ཤན་པ་རྒྱ་ཕྲག་མང་པོ་ཞིག་གསོ་སྐྱོང་དང་ལས་གནས་སྤྲོད་བཞིན་ཡོད་སྟབས་དེ་ལྟ་བུའི་ལས་ཀ་ནི་དགེ་སྐྱོན་གཉིས་ལས་གང་ཞིག་གི་ཕྱོགས་སུ་གཏོགས་མིན་ཆ་མ་འཚལ། གལ་ཏེ་སོ་སོ་རང་ཉིད་ནས་དབུ་རྩོམ་སྟེ་མི་གཅིག་གིས་ཤ་ཟ་རྒྱུ་ཉུང་དུ་གཏོང་ན་བཤས་རའམ་ཤ་ཁྲོམ་ནས་མི་གཅིག་གིས་ཤ་ཉོ་བ་ཉུང་དུ་འགྲོ་བཞིན་ཡོད། གྲོང་ཚོ་གཅིག་ནང་ནས་མི་ལྔ་ཡིས་ཤ་ཟ་རྒྱུ་ཉུང་དུ་གཏོང་ན་གོང་ཞུས་ལྟར་མ་མཐར་ལོ་གཅིག་ནང་མི་ལྔས་ར་ལུག་བཅུ་ཚོ་ཁ་ཆས་དང་ཉ་བྱ་བརྒྱ་ཕྲག་རྒལ་བ་ཞིག་རང་བཞིན་གྱིས་སྲོག་བླུ་བྱེད་བཞིན་འདུག ཅི་སྟེ་ས་ཁུལ་དེར་ཤ་ཟ་མཁན་ཉུང་ངུ་ལས་མེད་ན་ས་ཆ་དེར་བཤས་ཚོང་རྒྱག་མཁན་ཞིག་ཡོང་མི་སྲིད་ལ། གཏོང་ཕོད་ཅན་གྱི་དད་སྦྱིན་ཚོའི་དད་རྫས་དེ་དག་ཤེས་ཡོན་དང་ཉམས་ཐག་གི་མཐུན་རྐྱེན་ཕྱོགས་སུ་གཏོང་ཐུབ་པ་ཞིག་ཀྱང་ཅི་ལ་མི་ཡོང་།

འདིར་བསྐྱར་དུ་ནན་ཞུས་ཞིག་ལ། ངས་དགེ་བཅུའི་ཁྲིམས་སྲོལ་ཁྱེར་ནས་ཞིང་འབྲོག་མང་ཚོགས་ཚོས་ཤ་ཟ་ཆོག་གི་མ་རེད་ཟེར་བཞིན་མེད་ལ། འདུལ་འཛིན་བླ་སྤྲུལ་ཚོས་ཀྱང་ཤ་ངེས་པར་དུ་སྤང་དགོས་དེ་བས་ཞུ་བཞིན་མེད། ངས་ནི་དགེ་སྡིག་དང་ཚེ་སྲོག་གི་བདག་དབང་། དེང་ཕུན་སུམ་ཚོགས་པའི་འཚོ་བའི་མཐུན་རྐྱེན་གང་ལ་གཞིག་ཀྱང་། ཤ་ལ་མ་བརྟེན་པའམ་ཡང་ན་ཉུང་དུ་གཏོང་ནའང་ལུས་ཁམས་འཕྲོད་བསྟེན་དང་ལྡན་པའི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པའི་ལམ་ཀ་ཞིག་འདུག་ཟེར་བཞིན་ཡོད་པས། ངའི་གྱ་ཉེས་པའི་ཚིག་སྦྱོར་གྱིས་ཞུ་ཕྱོགས་ནོར་བ་ཡོད་ནའང་ཁྱེད་རྣམ་པས་གསན་ཕྱོགས་མི་ནོར་བ་ནི་ངའི་རེ་བ་ཡིན་ཞུ།། །།

 ཞེས་དགེ་མིང་ཙམ་འཛིན་པ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན་ནམ་དྲ་མིང་ཧི་མ་ལ་ཡའི་རྒྱལ་སྲས་སུ་འབོད་པས་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༣ ཉིན་ནུབ་ཕྱོགས་ཀྱི་ཡུལ་ཆུ་བོ་དྷོ་ནཱའོ་གཙང་པོའི་འགྲམ་ཤར་ཕྱོགས་སྐད་རྡ་རིག་པའི་སློབ་གླིང་དུ་སྦྱར་བ་དགེའོ།། །།

(སྤྱིའི་གཟིགས་གྲངས། 117 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༡༩༨༤ལོར་འབ…
error: རྩོམ་འདི་བདག་དབང་ཅན་ཡིན།