ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རིག་གཞུང་སློབ་དེབ་ཧི་མ་ལ་ཡི་འོད་སྣང་དེབ་བརྒྱད་ཉེར་ལྔའི་དུས་སྟོན་དུ་དབུ་འབྱེད་ཞུས་པ།

སྔོན་གླེང་།

 ༄༅་། ཤེས་རིག་ཕུན་ཚོགས་གླིང་ནི་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་བཀའ་དགོངས་དང་མགོན་སྐྱབས་འོག་༢༠༠༧ལོར་རྒྱ་གར་གྱི་ནུབ་སྦེང་གལ་མངའ་སྡེའི་ནང་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་གཞུང་འབྲེལ་མིན་པའི་མཁེ་མེད་ཚོགས་པ་ཞིག་ཡིན། ཚོགས་པའི་དམིགས་ཡུལ་གཙོ་བོ་ནི། གནའ་བོའི་བོན་གྱི་ཆོས་དང་རིག་གཞུང་། དེ་འབྲེལ་བོད་ཀྱི་སྐད་ཡིག་དང་། སྒྱུ་རྩལ་སོགས་སྲུང་སྐྱོབ་རྒྱུན་འཛིན་བྱ་རྒྱུ་དང་། བོད་དང་ཧི་མ་ལ་ཡའི་རི་བརྒྱུད་དུ་སྔར་ནས་དར་བའི་འགྲོ་བ་མི་རིགས་གཙོས་པའི་འཇིག་རྟེན་སྤྱིའི་ཕན་བདེར་མཐུན་སྦྱོར་སྐྲུན་ནུས་པའི་ཆོས་ཀྱི་ཉམས་ལེན་དང་ཆོས་ལུགས་དང་མ་འབྲེལ་བའི་སྲོལ་རྒྱུན་གྱི་བཟང་སྤྱོད་ཡོན་ཏན་རྣམས་སྲུང་སྐྱོབ་བྱ་རྒྱུ་ཙམ་མ་ཟད་སྲོལ་རྒྱུན་གྱི་བློ་གྲོས་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ལྡན་གྱི་ཡ་རབས་གཞོན་སྐྱེས་ཀྱི་སློབ་མ་གསོ་སྐྱོང་གིས་ཞི་བདེ་དང་འཆམ་མཐུན་མཉམ་གནས་ཀྱི་མི་ཡི་སྤྱི་ཚོགས་བསྐྲུན་རྒྱུར་གཞོགས་འདེགས་བྱ་རྒྱུ་ཡིན།

རི་བོ་ཧི་མ་ལ་ཡའི་ཉིན་སྲིབ་དང་སྒང་གཤོང་རྣམས་སུ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཅིང་འགྲོ་བ་མི་རིགས་སྤྱི་ལ་བདེ་སྐྱིད་ཀྱི་དཔལ་ཡོན་སྟེར་ནུས་པའི་ཆོས་དང་རིག་གཞུང་དང་ལེགས་བྱང་གི་ཡོན་ཏན་རྣམས་ཀྱི་གཞི་རྩ་ནི་གཡུང་དྲུང་གི་བོན་དང་དམ་པའི་ཆོས་གཉིས་ལ་མ་བརྟེན་པ་ཕལ་ཆེར་མེད་ཅིང་དེ་གཉིས་ཀའི་ཐོག་མའི་བརྒྱུད་རིམ་སྐད་ཡིག་འདྲ་མིན་གང་ཡིན་མིན་ལ་མ་ལྟོས་པར་འདས་པའི་དུས་རབས་མང་པོའི་རིང་དུ་བོད་ཀྱི་སྐད་ཡིག་ལ་བརྟེན་ཏེ་དར་སྤེལ་ཤུགས་ཆེར་བྱུང་བ་མ་ཟད། དུས་ད་ལྟའང་བོད་ཀྱི་སྐད་ཡིག་ནི་ཆོས་དང་རིག་གཞུང་དེ་དག་གི་སྲོག་རྟེན་བཅའ་བའི་དབུགས་རྒྱུན་ནམ་ཟུང་ཁྲག་ལྟ་བུར་གྱུར་ནས་ཡོད་པ་དང་ཧི་མ་ལ་ཡའི་ལྗོངས་འདིར་མི་རིགས་དུ་མ་ཡོད་ཀྱང་ཕལ་ཆེར་གྱི་སྐད་དང་ཆས་གོས་ཡུལ་སྲོལ་གོམས་གཤིས་རྣམས་བོད་ཀྱི་སྐད་ཡིག་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན།

འོན་ཀྱང་ཡུལ་གྱར་དུ་གནས་པའི་བོད་མི་ཚོ་སྨོས་ཅི་དགོས། ཧི་མ་ལ་ཡའི་རི་རྒྱུད་ཁག་ཏུའང་ཡུལ་དུས་དང་སྤྱི་ཚོགས་ཀྱི་གནས་སྟངས་དུ་མ་ཞིག་གི་རྐྱེན་གྱིས་གཞོན་སྐྱེས་མི་རབས་ཀྱི་ཁྲོད་དུ་རང་གི་སྐད་ཡིག་དང་རིག་གཞུང་གི་གོ་རྟོགས་ཉམས་གུད་དུ་འགྲོ་བཞིན་པའི་རྐྱེན་གྱིས་ཕ་མྱེས་ནས་བརྒྱུད་པའི་མི་རིགས་ཀྱི་ཁྱད་ཆོས་དང་ལེགས་བྱང་ཙམ་མིན་པར་འགྲོ་བ་སྤྱི་ལ་ཕན་པའི་རྩ་ཆེའི་རིན་ཐང་ལྡན་པའི་ལོ་རྒྱུས་དང་སྒྲུང་གཏམ་ཆོས་དང་རིག་གཞུང་རྣམས་ཉམས་དམས་སུ་འགྲོ་བཞིན་ཁར་མི་རིགས་ཀྱི་ངོ་བོའང་བརླག་ཉེན་གྱི་གནས་སུ་གྱུར་ཡོད། གཉན་འཕྲང་གི་དུས་སྐབས་འདིར་ན་གཞོན་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་གཉེར་སྦྱོར་སྤྲོད་བརྒྱུད་དེ་འབྲེལ་རྩ་ཆེའི་ཆོས་དང་རིག་གཞུང་ལེགས་བྱང་རྣམས་ངོ་སྤྲོད་དང་དེ་དག་གིས་འཇིག་རྟེན་སྤྱི་ཡི་ཕན་བདེར་ལེགས་སྐྱེས་འབུལ་ཐུབ་པའི་ངོ་སྤྲོད་འབྱུང་རེར་དམིགས་ཏེ། ཤེས་རིག་ཕུན་ཚོགས་གླིང་གི་སློབ་དེབ་རྩོམ་སྒྲིག་སྡེ་ཚན་ཆེད་འཛུགས་ཐོག་ཧི་མ་ལ་ཡའི་གཞོན་སྐྱེས་རྣམས་ཀྱི་དགོས་མཁོར་འཚམས་པའི་རིག་གཞུང་སློབ་དེབ་ཧི་མ་ལ་ཡའི་འོད་སྣང་ཞེས་པའི་སློབ་དེབ་འདི་བཞིན་ཆེད་བསྒྲིགས་དཔར་སྐྲུན་ཞུས། ཐེངས་དང་པོར་སྒྲིག་སྦྱོར་དང་དཔར་སྐྲུན་བྱས་པའི་སློབ་དེབ་འདི་ཉིད་གཞི་རྩར་གཟུང་སྟེ་མ་འོངས་པར་སློབ་མའི་གནས་ཚད་དང་འཚམས་མིན་དང་སློབ་དཔོན་གྱིས་སློབ་ཁྲིད་བདེ་མིན་སོགས་ཉམས་མྱོང་བསགས་རིམ་བཞིན་སྐྱར་ཞིབ་དང་སྐྱར་བཅོས་གང་འོས་བྱས་ཏེ་སྐྱར་དུ་དཔར་སྐྲུན་ཞུ་འཆར་ཡིན། མིག་སྔའི་སློབ་དེབ་དག་གི་རྩོམ་སྒྲིག་པ་རྣམ་པ་དང་སློབ་སྟོན་པ་ཞུས་དག་པ་རི་མོ་བ་ཇུས་འགོད་པ་ཡིག་གཟུགས་དང་དཔེ་རིས་མཐུན་སྦྱོར་བ་བཅས་པ་རྣམས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། སློབ་དེབ་རྩོམ་སྒྲིག་གི་ལས་རིམ་དང་འབྲེལ་བའི་ཚོགས་འདུ་རྒྱས་བསྡུས་སྔ་ཕྱི་ཐེངས་ཁ་ཤས་འཚོགས་པར་ཚོགས་ཞུགས་པ་ཡོངས་དང་གོ་སྒྲིག་པ་ཡོངས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ།

མཐའ་དོན་སློབ་དེབ་འདི་ཉིད་བརྒྱུད་རི་བོ་ཧི་མ་ལ་ཡའི་གདག་སྲིབ་ཏུ་འཁོད་པའི་གཞོན་སྐྱེས་ཕོ་མོ་གྲངས་ལས་འདས་པའི་བློ་ཡི་སྒྲོན་མེ་འབར་ཅིང་བྱམས་བརྩེ་དང་ཤེས་རབ་ཀྱི་འོད་སྣང་འཛམ་གླིང་ཡོངས་ལ་ཁྱབ་པའི་སྨོན་འདུན་བཅས།


གཡུང་དྲུང་བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་མིང་འཛིན་པ་ལུང་རྟོགས་བསྟན་པ་གཡུང་དྲུང་གིས་ ༢༠༡༩ ཟླ་ ༨ ཚེས་ ༣ ཉིས་བྲིས།

(སྤྱིའི་གཟིགས་གྲངས། 631 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་གྱི་ར…
error: རྩོམ་འདི་བདག་དབང་ཅན་ཡིན།