ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ལྷ་ལས་ལྷག་པའི་སྨྲ་སེང་།

རྩོམ་པ་པོ། ཁྱུང་བསོད་བློ།

ཤེས་རབ་རལ་གྲིས་འཁྲུལ་རྟོག་ཐག་པ་བཅད།།

ལུང་རིག་སྒྲོན་མེས་མ་རིག་ཞ་ཉེ་བཞུས།།

མཁའ་སྤྱོད་ཞིང་གི་མཁས་གྲུབ་ཁྱུང་ཆེན་ཏེ།།

ལྷ་ལས་ལྷག་པའི་སྨྲ་སེང་ཁྱེད་ཉིད་རྒྱལ།།

ཨ་རྫོགས་སྙན་གྱི་ཆུ་འགོ་སྐེམ་ལ་ཁད།།

ཕྱྭ་གཤེན་ཐེག་པའི་རྡོ་རིང་འགྱེལ་ལ་ཁད།།

ཐེག་པ་རིམ་དགུའི་ཐབ་ལྷ་གསོས་ཉིན་མོ།།

མདོ་སྔགས་སེམས་ཀྱི་སྒྲོན་མེ་ཁྱེད་ཉིད་མཛད།།

འཁོར་ལོ་གསུམ་གྱི་སྤྱན་ཟུང་སྔ་ནས་ཡངས།།

ལྷ་རིས་བཟོ་དང་དཀར་ནག་རྩིས་ལ་བྱང་།།

ཉམས་ཁྲིད་སྙིང་པོ་མདོ་སྔགས་གཞུང་ལ་ཆུབ།།

ཁྱེད་ཉིད་གཡུང་དྲུང་བོན་གྱི་ཀ་ཆེན་ཞིག།

ལྷ་ཀླུ་མི་གསུམ་ཐུཌ་དགོངས་གཅིག་དྲིལ་ནས།།

མ་བདུད་བཙན་གསུམ་དྲག་བསྐུལ་བྱེད་ཉིན་ཏེ།།

བླ་རྒན་ཕལ་གྱིས་གངས་རྒན་གཤག་ཉིན་མོར།།

ཁྱེད་ཉིད་མཉམ་མེད་ཚང་གི་བྱ་ར་བ།།

གྲུབ་མཐའི་འབྱུང་ཁུངས་མཁས་བརྒྱར་ལུང་གིས་བགྲོས།།

གཤེན་གྱི་བཀའ་ལུང་གསེར་གྱི་སྲང་ཁ་རུ།།

དཔྱད་གསུམ་ཚད་མས་ཡང་ལྕི་བཤེར་ཉིན་མོ།།

འཆད་རྩོད་ལྡིར་བའི་ལྷོ་ཡི་གཡུ་འབྲུག་ཅིག།

མཁན་སློབ་གཤེན་གསུམ་ཐུཌ་གྲོས་གཅིག་ཏུ་མོལ།།

ས་མཐའི་ཡུལ་ལ་ས་གཞིས་རྔུལ་ཆུས་བསྐྲུན།།

གྲྭ་ས་གོང་མའི་རྨིང་གཞི་བཏིང་ཉིན་མོ།།

ཁྱེད་ཉིད་སྨན་རིའི་ཚང་གི་དཔོན་སློབ་ཅིག།

ཡོངས་འཛིན་ཚུལ་རྒྱན་རྨེའུ་སྟོན་སློབ་དཔོན་དྲུང་།།

ཉིང་ཁྲིད་བདུད་རྩི་བགྲང་བྱ་དུ་མར་བཞེས།།

ཙི་ཏའི་གསེར་བུམ་རིན་ཆེན་གཏེར་གྱིས་བསྐངས།།

གཤེན་བསྟན་དོན་དུ་དཀའ་བ་ཡུན་རིང་སྤྱད།།

དཀའ་བའི་འཕྲང་ནས་སྐུ་སྲོག་འབེན་དུ་བཙུགས།།

གསུང་མཆོག་རྟེན་དང་བྱིན་ཅན་དཔེ་རྙིང་གང་།།

བྲང་རུམ་ཨམ་ཕྲག་ནང་དུ་ཚ་འབོལ་ལེར།།

གཅེས་གཅེས་ཡི་དམ་མཛད་པའི་ཕོ་རྒོད་ཅིག།

གོས་ཆེན་སྦུག་ཏུ་གཅེས་གཅེས་མ་མྱངས་ལ།།

ཡང་སྲིད་རུས་པས་འཐེན་འཁྱེར་ག་ལ་སྟེ།།

མདོ་སྔཌ་སེམས་ཀྱི་མཚེར་ས་གྲུ་བཞི་ནས།།

རང་བྱུང་འབུར་དུ་ཐོན་པའི་གསེར་ཤ་མ།།

མདོ་སྔགས་སེམས་གསུམ་མི་བརྗེད་བློ་རུ་བཤར།།

བཅུ་རིག་སྨྲ་ལ་ལྗགས་རྩེ་མ་ཐུང་བའི།།

ཨེ་མ་སྐལ་བཟང་བཤེས་གཉེན་བརྒྱ་ཕྲག་གི།

རབ་འབྱམས་རིག་པ་འཁྲུངས་སའི་ཆུ་འགོ་ཞིག།

དོན་གཉིས་འགྲུབ་པའི་མཁས་བཙུན་བཟང་ས་ཟིན།།

ལུགས་གཉིས་མཐུན་པའི་ལྟ་བའི་གོ་རྟོགས་ཡངས།།

བདེན་གཉིས་དཔྱོད་པའི་ཤེས་བྱའི་བློ་མིག་གསལ།།

ཡོངས་རྩེར་རྫོགས་པའི་རྫོགས་པ་ཆེན་པོ་བ།།

       སྤྱི་ལོ་ ༢༠༡༦ བོད་མེ་སྤྲེལ་ལོ་ཡི་ལོ་གསར་པའི་ནང་དུ་༧ཡོངས་འཛིན་སྨྲ་བའི་སེང་གེ་ཁྱེད་ཉིད་སྐུ་ཚེ་གེགས་མེད་དུ་བརྟན་པའི་ཁ་གཡང་སྨོན་ལམ་དང་སྦྲེལ་ཏེ།  སྒོ་གསུམ་དད་པའི་ཐལ་མོ་སྤྱི་གཙུག་ཏུ་ཟླུམ་བཞིན་ཁྱེད་ཀྱི་སྐྱབས་འོག་ཏུ་ཚུད་པའི་བོན་གྱི་གྲལ་མཐར་གནས་པ་ཁྱུང་བསོད་བློས་༢༠༡༦/༡/༡༢/༡༢/༡༢/ཐོག་ཏུ་ཤར་མར་འཁྱུག་གོ།

ཁྱུང་ཐོག་རྒོད་ནས་མཐུན་སྦྱོར་ཞུས།

(སྤྱིའི་གཟིགས་གྲངས། 56 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།