ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཤེས་རིག་ཕུན་ཚོགས་གླིང་གི་བོད་ཡིག་སློབ་དེབ་སྒོ་འབྱེད་བྱས་པ།

བདག་ཅག་གི་སྟོན་པ་གཤེན་རབ་མི་བོའི་ཞལ་ནས། ཤེས་བྱ་ཀུན་གྱི་ཐོག་མ་རུ།། ཤེས་པའི་གཞི་མ་ཡི་གེ་བསླབ།། མི་ཤེས་ལྐུགས་པ་ཡི་གེས་དཀྲོལ།། མི་ཤེས་རྨུགས་པ་ཡི་གེས་སེལ།། རིག་པའི་སྒྲོན་མེ་ཡི་གེས་འདེག། དེ་ཕྱིར་ཡི་གེའི་རྒྱུད་བསྟན་ནས།། ཤེས་བྱ་ཀུན་གྱི་གཞི་མ་ཡིན།། ཞེས་གསུངས་པ་ལྟར། སྲོལ་རྒྱུན་གྱི་རིག་གནས་དང་། དེང་དུས་ཀྱི་རིག་གནས་གང་ཞིག་བསླབ་དགོས་ན་ཐོག་མར་སྐད་ཡིག་བསླབ། དེའི་ལམ་ཁ་ནས་གནའ་དེང་གི་རིག་གནས་སྦྱང་དགོས་པ་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་ཚང་མ་གཅིག་མཚུངས་སུ་ཆགས་ཡོད། ལྷག་པར་དུ་མི་རིགས་ཤིག་གི་སྲོལ་དབུགས་དེ་གོ་ལ་ཧྲིལ་པོ་འདིའི་སྒང་དུ་ཡུན་གནས་དགོས་ན་མི་རིགས་དེའི་སྐད་ཡིག་རིག་གནས་དེ་སྲུང་སྐྱོབ་དང་དར་སྤེལ་གཏང་དགོས་པ་ནི་མི་རིགས་དེའི་རྣམ་ཤེས་ལྡན་པའི་སྲོག་ལྡན་གྱི་མི་བུ་ཚང་མའི་འགན་འཁྲི་ཉག་གཅིག་ཡིན་པ་ཤེས་དགོས།
ཁྱད་པར་དུ་སློབ་གྲྭ་ནང་སྐད་ཡིག་དེ་སློབ་སྦྱོང་བྱེད་པ་ལ་ཡུལ་དུས་གནས་སྟངས་དང་འཚམས་པའི་སློབ་དེབ་དགོོས་པ་ནི་དེང་དུས་ཀྱི་དགོས་མཁོ་ཆེ་ཤོས་དེ་རེད། ང་ཚོ་སྲོལ་རྒྱུན་རིག་གནས་རྒྱུན་སྐྱོང་བྱེད་མཁན་གྱི་དགོན་སྡེ་ཁག་དང་གྲོང་གསེབ་ནང་དུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་དུས་ཀ་ཁ་ཤེས་ནས་བཀའ་དང་བཀའ་བརྟེན་སོགས་ཀྱི་གཞུང་ཆེན་ཁྲོ་མཆོད་ལྟ་བུ་ནས་ཡི་གེ་སྦྱོར་ཀློག་སློབ་པའི་སྲོལ་ཞིག་ལས་སློབ་གྲྭ་ཟེར་བ་དང་སློབ་དེབ་ཟེར་ནས་ཕྲུ་གུ་ལ་སྐད་ཡིག་སློབ་པའི་སློབ་དེབ་ཡན་ག་བ་ཞིག་སྔ་མ་ནས་མེད་པ་རེད། འོན་ཀྱང་དུས་རབས་ཉི་ཤུ་དང་ཉེར་གཅིག་ནང་དུ་བོད་ཕྱི་ནང་གཉིས་ཀྱི་ནང་སྐད་ཡིག་སློབ་སའི་སློབ་གྲྭ་གསར་པ་དུ་མ་ཚུགས་ནས་མི་རིགས་གཞན་གྱི་ལེགས་ཆ་དང་ལེན་གནང་ནས་སློབ་དེབ་བཟོ་བའི་སྲོལ་འདི་དུས་ཡུན་རིང་པོ་མ་འགོར་བར་དར་རྒྱས་ཤུགས་ཆེན་བྱུང་བ་འདི་དུས་ཀྱི་དགོས་མཁོ་དང་འཚམས་པ་ཞིག་རེད། ང་ཚོའི་སྲོལ་རྒྱུན་ལྟར་སྐད་ཡིག་སློབ་དུས་ཁྲོ་མཆོད་ལྟ་བུ་ཞིག་ནས་འགོ་བཙུགས་ཏེ་སློབ་དུས་ཡི་གེ་ཀློག་པ་གཅིག་པུ་ལ་བྱང་ཆུབ་པ་འབྱུང་གི་ཡོད་ཀྱང་། གཞན་ཤེས་བྱ་དུ་མ་ཞིག་ལ་རྗེས་ལུས་ཐེབས་འགྲོ་གི་ཡོད་པ་མངོན་གསལ་དོད་པོ་རེད།

དེས་ན་ང་ཚོའི་སློབ་གྲྭ་ཙམ་མ་ཚད་དགོན་སྡེ་དང་གྲོང་པ་ཚོས་ཕྲུ་གུ་ལ་ཡི་གེ་སློབ་སྟངས་དེ་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་འགྱུར་བ་དང་ཡར་རྒྱས་ཤིག་མ་བཏང་ཐབས་མེད་ཆགས་ཡོད། འདི་ག་བོན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱིས་དགོངས་གཞི་དགོས་པ་རྒྱ་ཆེན་པོ་ལ་གཟིགས་ཏེ་རྒྱ་གར་གྱི་བྱང་ཤར་ཁུལ་ཤིས་རིས་སྒོ་རིས་ལ་ས་ཉོས་ནས་ཤེས་རིག་ཕུན་ཚོགས་གླིང་གི་ཚོགས་པའི་ལྟ་སྐྱོང་འོག་ནས་<<གངས་ཅན་ཏི་སེའི་རྒྱལ་སྤྱིའི་སློབ་གྲྭ་>>བཙུགས་པ་རེད། སློབ་གྲྭ་དེའི་བོད་ཡིག་སློབ་དེབ་གསར་པ་བཟོ་དགོས་པ་རིན་པོ་ཆེ་རྣམ་པ་ལ་ཐུགས་དགོངས་ཡོད་པ་ལྟར་ཤེས་རིག་ཕུན་ཚོགས་གླིང་སློབ་དེབ་རྩོམ་སྒྲིག་སྡེ་ཚན་གསར་དུ་བཙུགས་ནས་སློབ་དེབ་རྩོམ་སྒྲིག་སློབ་སྟོན་པ༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་། བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན། རྩོམ་སྒྲིག་པ་ཝཱ་ཎ་སློབ་དགེ་དགེ་བཤེས་ཕུན་ཚོགས་ཉི་མ། ཁྱུང་ཁྲི་ལྡེ། ཚུལ་ཁྲིམས་དྲི་མེད། ཨཱཙརྱཔདྨ་ཚེ་དབང་བཅས་རྩོམ་སྒྲིག་པ་བཞི་བསྐོས་བཞག་གནང་ཏེ་བོད་ཡིག་སློབ་དེབ་འཛིན་གྲྭ་གཅིག་ནས་བརྒྱད་བར་བསྒྲིགས་དང་སྒྲིག་བཞིན་པ་རེད། ད་ལན་དངོས་སུ་འཛིན་རིམ་དང་པོ་དང་གཉིས་པ་གསུམ་པ་གསུམ་གྱི་སློབ་དེབ་ཐོན་ནས་དེ་རིང་དངོས་སུ་སྒོ་འབྱེད་བྱེད་རྒྱུ་བྱུང་སྟེ་ཕྱི་ལོ་ ༢༠༡༨ ཟླ་ ༠༧། ཚེས་ ༠༩ ཉིན་གངས་ཅན་ཏི་སེའི་སློབ་གྲྭའི་ཚོགས་ཁང་ནང་དུ་ཤེས་རིག་ཕུན་ཚོགས་གླིང་གི་ལས་བྱེད་སློབ་གྲྭའི་སློབ་སྤྱི་དང་དགེ་སློབ་རྣམ་པ་མཉམ་འཛོམས་ཐོག་སྒོ་འབྱེད་བྱས་པ་རེད། སློབ་དེབ་གཞན་རྩོམ་སྒྲིག་བྱེད་སྒང་ཡིན་པས་རིམ་པ་བཞིན་ཐོན་ལ་ཉེ་ཡོད།

སྤྱིར་སྟངས་སྲོལ་རྒྱུན་ལྟར་སློབ་དེབ་མེད་ནས་གཞུང་ཆེན་ཐོག་ནས་སྦྱོར་ཀློག་སློབ་པ་དང་དེང་དུས་ལྟར་སློབ་དེབ་ཐོག་ནས་སློབ་པ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། དེང་དུས་སློབ་དེབ་ཐོག་ནས་སློབ་པ་འདི་ལ་སློབ་བདེ་བ་མ་ཚད་སྐད་ཡིག་དང་མཉམ་དུ་ཡི་གེའི་ནང་དོན་དང་འབྲི་ཡ་བརྡ་དག་སྤྱི་ཚོགས་ཀྱི་རྒྱུན་ཤེས་སོགས་མ་ཤེས་ཐབས་མེད་ཀྱི་ཤེས་བྱ་མང་པོ་ཞིག་རྟ་རྒྱུགས་ཞོར་མེ་ཏོག་འཐུ་ཞོར་ཟེར་བ་ལྟར་ཤེས་འགྲོ་གི་ཡོད་པ་འདི་སློབ་དེབ་ཐོག་ནས་སློབ་སྟངས་འདིའི་ཁྱད་བོན་ཞིག་ཡིན། སྲོལ་རྒྱུན་ལྟར་བྱས་ན་ཡི་གེ་ཀློག་པ་ཙམ་ལ་སུ་དང་གང་གིས་འགྲན་ཟླ་མེད་པ་ཞིག་ཆགས་ཀྱི་ཡོད་ཀྱང་གཞན་ཡི་གེ་དེའི་ནང་དོན་ནི་གཞུང་ལུགས་གཏིང་ཟབ་པའི་དབང་གིས་སློབ་ས་མི་དགོས་སློབ་མཁན་གྱིས་ཧ་གོ་དཀའ་བས་ནེ་ཙོས་ཆོས་ཀློག་ལྟ་བུ་བྱེད་པ་ལས་གཞན་ཐབས་ཤེས་མེད་པ་རེད། དེ་བཞིན་དུ་ཡི་གེ་འབྲི་རྒྱུ་དང་དག་ཆ་རྒྱུན་ཤེས་སོགས་ལ་ལོགས་ཀ་སྦྱང་ན་མ་གཏོགས་ཡི་གེ་སློབ་ཞོར་ཤེས་ཀྱི་མེད་པ་འདི་ང་ཚོའི་ཉམས་མྱོང་ལས་བྱུང་བ་འདི་རེད། ལྷག་པར་དུ་སློབ་དེབ་ཐོག་ནས་བསླབ་ན་སློབ་བདེ་བའི་རྒྱུ་མཚན་གཙོ་བོ་ནི་མིག་དང་རྣ་བ་ཡིད་གསུམ་སྒོ་ནས་གོ་བརྡ་སྤྲོད་ཐབས་བྱས་ཡོད་པ་འདི་རེད། ལྷག་པར་དུ་བྱིས་པ་ཚོ་ལ་ཤེས་ཡོན་སློབ་དུས་མིག་སྒོ་དང་རྣ་སྒོ་ཡིད་སྒོ་གསུམ་གྱི་སྒོ་ནས་གོ་བརྡ་སྤྲོད་དགོས་པ་དེང་དུས་ཤེས་ཡོན་པ་ཚོའི་ཉམས་མྱོང་ལས་བྱུང་བ་ཡིན་སྟབས་ང་ཚོའི་སློབ་དེབ་འདི་དེ་ལས་མ་འདས་པ་ཞིག་བྱས་ཡོད། འོ་ན་འདི་ལྟ་བུའི་ཤེས་བྱ་འདི་ནུབ་ཕྱོགས་མགོ་སེར་པ་ཚོས་མ་གཏོགས་བོད་རིགས་ལ་དེ་འདྲའི་རིག་པ་སྔར་གཏན་ནས་བྱུང་མ་མྱོང་པ་ཞིག་ཨེ་ཡིན་ཟེར་ན་དེ་མ་ཡིན་ཏེ། གངས་ཅན་བོད་ཀྱི་སྟོན་པ་གཤེན་རབ་མི་བོ་མཆོག་གིས་མི་སྟོང་ཕྲག་ལྔ་དྲུག་གི་གོང་ནས་གསུངས་པ་ཡིན་ཏེ། དཔེར་ན་ང་ཚོ་སྔགས་ཀྱི་དཀྱིལ་འཁོར་སྒོམ་དུས་དཔེར་མཚོན་རི་མོ་འབྲི་བ་དང་རྡུལ་ཚོན་བླུག་པ་དང་། དེ་བཞིན་ལྷ་སྐུ་སྒོམ་དུས་དཔེར་མཚོན་ལྷ་སྐུ་རིས་སུ་བྲིས་པ། འབུར་དུ་དོད་པ། ལུགས་སུ་བླུག་པ། དེ་བཞིན་སྨན་སློབ་དུས་སྨན་སྡོང་འབྲི་བའི་ལུགས་སྲོལ་འདི་དག་རི་མོའི་ལམ་ནས་དོན་གོ་བརྡ་སྤྲོད་ཐབས་སྔ་མ་ནས་སངས་རྒྱས་ཀྱིས་བསྟན་ཡོད་ཀྱང་ང་ཚོས་ངོས་མ་ཟིན་པ་རེད། དེ་བཞིན་དུ་དེང་དུས་སློབ་དེབ་ནང་གཏམ་བརྒྱུད་དམ་སྒྲུང་གི་ལམ་ནས་དོན་མང་པོ་ཞིག་གོ་བརྡ་སྤྲོད་པའི་ཐབས་ལམ་འདི་སྔ་མ་ནས་བོད་ལ་ཡོད་པ་ཡིན་ཏེ། བོན་གཞུང་འདུལ་བའི་ནང་དོན་དེ་ཚོ་གཏམ་རྒྱུན་དང་སྦྱར་ནས་བཤད་ཡོད་པ་དང་། དུས་རབས་བརྒྱད་པ་ནང་བྱོན་པའི་བོད་ཀྱི་དྲན་པ་ནམ་མཁས་དྲང་དོན་མུན་སེལ་སྒྲོན་མ་གསུང་སྐབས་བསྟན་དོན་རེ་དང་གཏམ་རྒྱུད་རེ་སྦྲགས་ནས་བསྟན་ཡོད་པ་དྲང་དོན་མུན་སེལ་སྒྲོན་མ་དང་གཏམ་རྒྱུན་བརྡ་ཡི་གཟེར་བུ་སོགས་ལ་གཟིགས་ན་ཤེས་སླ། འོན་ཀྱང་ང་ཚོས་དེ་ཚོ་ལ་རྒྱུན་འཛིན་དང་ཡར་རྒྱས་གཏང་མ་ཤེས་ནས་ལམ་ལུགས་དེ་ཚོ་ནུབ་ཕྱོགས་པ་ཡིས་གསར་དུ་ཤེས་པ་མ་གཏོགས་བོད་པ་རྒན་པ་དེ་ཚོས་སེམས་ལ་དེ་འདྲ་དྲན་མ་ཤེས་པ་གཞི་བཞག་བྱས་ནས་བསྡད་ཡོད་པ་འདི་བོད་པའི་རང་མཚང་རེད། དེས་ན་ད་ལན༸སྐྱབས་རྗེ་རྩ་བའི་བླ་མ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གི་ཕྲིན་ལས་ལ་ཞབས་འདེགས་ཅུང་ཙམ་ཞུ་ཁུལ་བྱེད་པོ་སློབ་དེབ་རྩོམ་སྒྲིག་པ་ཁྱུང་ཁྲི་ལྡེས་གངས་ཅན་ཏི་སེའི་རྒྱལ་སྤྱིའི་སློབ་གྲྭ་ནས་ ༢༠༡༨། ༠༧། ༠༩། ཉིན་བྲིས།

(སྤྱིའི་གཟིགས་གྲངས། 113 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
 ཕྱི་ཟླ་ ༠…
error: རྩོམ་འདི་བདག་དབང་ཅན་ཡིན།