ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་ཧོ་ཕན་དུ་བསྟན་འགྲོའི་དོན་མཛད་པའི་གནས་བསྡུས།

དེ་ཡང་ཕྱི་ཟླ་ ༠༥ ཚེས་ ༢༩ ཉིན་མཁན་རིན་པོ་ཆེ་སྟོན་འཁོར་གཉིས་འཇའ་མེན་ Nurnberg Höfen ཧོ་ཕན་<<ཀྱེ་མ་འོད་མཚོ་གླིང་>>དུ་ཞབས་སོར་བདེ་བར་འཁོད་པ་དང་། ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༠༦ ཚེས་ ༠༢ བར་ཉིན་འགྱངས་བཞིའི་རིང་སློབ་མ་རྣམས་ཀྱི་ཐུགས་འདོད་ལྟར་སློབ་ཁྲིད་བཀའ་དྲིན་བསྐྱངས། ས་ཆ་འདིར་ཐོག་མར་ཕྱི་ལོ་1998 ལོར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་སྟོན་འཁོར་གཉིས་དད་སྦྱིན་ཧན་སི་གཙོ་བོར་བྱས་པའི་སློབ་མ་རྣམས་ཀྱིས་གདན་འདྲེན་ཞུས་པ་དང་མཆོག་ཉིད་ཀྱིས་ཁྲིད་ལུང་བཀའ་དྲིན་བསྐྱངས། དེ་ནས་ད་བར་མི་ལོ་ཉི་ཤུ་ལྷག་ཙམ་གྱི་རིང་སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་ལོ་བསྟར་ཆགས་སུ་ཐེངས་རེ་ཕེབས་ནས་འཇའ་མེན་དུ་གནས་བཞུགས་སློབ་མ་རྣམས་ཀྱི་གཙོས་ཕྱོགས་ཕེབས་སློབ་མ་རྣམས་ལ་ཁྲིད་ལུང་རྒྱུན་བསྐྱངས་པའི་གནས་སྟངས་ཤིག་ཆགས་ཡོད།  སློབ་ཚན་གཙོ་བོ་སྔགས་རྫོགས་གཉིས་ལས་རིག་དྲུག་རང་སྦྱོང་གི་གདམས་པ་དང་། ཐེག་པ་ཆེན་པོ་གསང་སྔགས་མ་རྒྱུད་ལས་དགོངས་སྤྱོད་རྣམ་གསུམ་དང་། ཐབས་དྲུག་ལམ་ཁྱེར་ལས་ཐབས་ལམ་ཁྱེར། རྨི་བ་ལམ་ཁྱེར། གཉན་ས་ལམ་ཁྱེར། འཕེན་པ་ལམ་ཁྱེར། གཉིད་པ་ལམ་ཁྱེར། ཐར་ལམ་རིན་པོ་ཆེའི་ཐེམ་སྐས་བཅས་ཆ་ཚང་བསྟར་ཆགས་སུ་སློབ་ཁྲིད་བཀའ་དྲིན་བསྐྱངས་པ་མ་ཟད། དགེ་སློབ་ཐུན་མོང་གིས་ཁྲིད་དང་ཉམས་ལེན་སྦྲགས་མའི་སྒོ་ནས་སྒོ་གསུམ་གྱི་སྤྱོད་ལམ་ཞི་བ་དང་བདེ་བར་གནས་ཐབས་ལ་བརྩོན་པས། སེམས་ལ་བག་ཆགས་བཟང་པོ་རེ་བྱུང་ཡོད་པ་ནི་ཉམས་ལེན་བྱས་པའི་དགེ་མཚན་དང་ཕན་བདེ་ཞིག་རེད། དེ་རྗེས་ཕྱི་ལོ་ ༢༠༡༨ ལོར་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་སྐུ་ལྔ་རང་ཁྲིད་ཀྱི་ཁྲིད་ལུང་བཀའ་དྲིན་བསྩལ་བ་དང་། འདི་ལོར་ ༢༠༡༩ ཞང་ཞུང་སྙན་རྒྱུད་ཕྱི་ལྟ་བ་སྤྱི་གཅོད་མཉམ་བཞག་སྒོམ་པའི་ལག་ལེན་གྱི་སྔོན་འགྲོ་ཕྱི་ནང་ཡུལ་ཤེས་ལ་བློ་སྦྱང་བའི་ཚུལ་དང་། དངོས་གཞི་མཚན་བཅས་དམིགས་པའི་རྟེན་ལ་སེམས་བཟུང་བ་དང་། མཚན་མེད་གནས་ལུགས་ལ་མཉམ་པར་བཞག་པའི་ཚུལ་རྣམས་གསལ་བར་གདམས་ཏེ། ཁྲིད་དང་ཉམས་ལེན་སྤེལ་མའི་སྒོ་ནས་སློབ་མ་རྣམས་ལ་རྫོགས་པ་ཆེན་པོའི་བཀའ་ལུང་གནད་དུ་ཐེངས་པར་སློབ་ཁྲིད་བསྐྱངས་ཏེ་བསྟན་འགྲོའི་ལེགས་ཚོགས་བོན་དང་མཐུན་པར་བསྒྲུབས་པའི་གནས་བསྡུས་སུ།

ཕྱི་ལོ་ ༢༠༡༩ ཟླ་ ༠༦ ཚེས་ ༠༣ ཉིན།

(སྤྱིའི་གཟིགས་གྲངས། 582 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༧སྐྱབས་རྗེ…
error: རྩོམ་འདི་བདག་དབང་ཅན་ཡིན།