ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྤྲུལ་སྐུ་དྲིན་ཅན་གཉིས་ཀྱི་རྣམ་ཐར།

གཉིས་པ་ཉེ་རྒྱུད་ཐོག་བབས་ནི། རྣམ་སྤྲུལ་འགྲོ་དོན་གྱི་རྒྱུད་པ་ལ་དྲུག་སྟེ། (1)སྤྲུལ་སྐུ་དྲིན་ཅན་གཉིས།  (2)ཞང་ཞུང་སྨར་གྱི་གྲུབ་ཆེན་དྲུག (3)སྨད་ལུགས་ཀྱི་བླ་མ་ལྔ། (4)སྟོད་ལུགས་ཀྱི་བླ་མ་དྲུག (5)བྱང་རྒྱུད་ཀྱི་བླ་མ་དགུ།    (6)ལྷོ་རྒྱུད་ཀྱི་བླ་མ་བཅུ་གཅིག་གོ། །དང་པོ་བླ་མ་{ཚེ་སྤུངས་ཟླ་བ་རྒྱལ་མཚན།}དེའི་སློབ་མ་ནི། 

དཔོན་ཆེན་ཏ་པི་ར་ཙའི་ལོ་རྒྱུས་ལ་ལྔ། 

དང་པོ་གཙང་མ་མི་ལུས་ཐོབ་པ་ཡབ་དང་ཡུམ་གྱི་ལོ་རྒྱུས་ནི། ཡབ་ར་སངས་ཀླུ་རྒྱལ་དང་། ཡུམ་ཤེས་རིག་གསལ་ཡིན། དེའི་སྲས་ཏ་པི་ར་ཙ{ཞང་སྐད}ཡིན་ནོ། །བོད་སྐད་དུ་རྒྱལ་པོའོ། །གཉིས་པ་ལས་འཕྲོ་དང་སྐལ་པ་ལྡན་པས། བཀའ་དྲིན་ཅན་གྱི་བླ་མ་ཇི་ལྟར་མཇལ་ན། ཡབ་ར་སངས་ཀླུ་རྒྱལ་དང་། དཔོན་ཆེན་ར་སངས་གཉིས་ལ་ཡང་བོན་ཞུས། ཁྱད་པར་གང་ཟག་ཉི་ཤུ་རྩ་བཞིའི{འཇའ་ལུས་འཕོ་ཆེན་ཉེར་བཞི}གཞུག ཚེ་སྤུངས་ཟླ་བ་རྒྱལ་མཚན་ལ་བཀའ་རྒྱུད་ཉམས་རྒྱུད་རྫོགས་པར་ཞུས་སོ། །གསུམ་པ་ས་གནས་ཁྱད་པར་ཅན་གང་དུ་བརྟེན་པའི་ཚེ་དུ་བཞུགས་པ་ནི། སྟག་ཐབས་སེང་གེའི་བྲག་ལ་དཀའ་བ་སྤྱད་དེ། ལོ་དགུའི་མི་ཚིག་གིས་བར་མ་ཆད་པར་ཉམས་སུ་བླངས། བཞི་པ་ཐུན་མོང་དང་གནས་སྐབས་ཀྱི་ཡོན་ཏན་གྲུབ་རྟགས་ནི། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པར་བསྙེམས་ནས། ཕུང་པོ་ལྷག་མེད་དུ་སངས་རྒྱས་སོ། །ལྔ་པ་རྟོགས་པ་མངོན་གྱུར་ཐུན་མོང་མ་ཡིན་པ་ནི། བདག་དོན་དུ་བོན་སྐུ་མངོན་དུ་གྱུར་ནས། གཞན་དོན་དུ་སྤྲུལ་པའི་སྐུ་བྱིས་པར{ཞང་སྐད་ཀྱི་ཏ་པི་ར་ཙ་ཟེར་བར}སྤྲུལ་ནས། རྣམ་མཁྱེན་གྱི་ཡེ་ཤེས་ཐོབ། སྐུ་མ་ངེས་པ་དུ་མར་སྤྲུལ། སྐལ་ལྡན་གྱི་རྒྱུད་གཅིག་ཆར་དུ་གྲོལ་བ་ལགས་སོ། །ཡོན་ཏན་དུ་མ་དང་ལྡན་ནོ། །

གསུང་པའི་གདམས་ངག 

༡ལེགས་པ་བཞི། ༢རྒྱུད་ལ་སྦྱོར་བ་བཞི། ༣ཉམས་སུ་བླངས་པ་ལྔ། ༤གཤིས་ཐོག་ཏུ་བཀལ་བ་བཞི། ༥གདེང་རྣམ་པ་གསུམ་བཅས་ལུང་བསྟན་དང་པོའི་སྐབས་སུ་སྨེར་ཕྱུག་པོ་གཡུང་དྲུང་རྒྱལ་མཚན་དང་། གྱེར་སྤུངས་སྣང་བཞེར་ལོད་པོ་གཉིས་ལ་གདམས། གྱེར་སྤུངས་བྲག་ཤ་བ་གདོང་དུ་དབེན་གནས་བསྟེན་ནས་ལོ་གསུམ་བཞུགས་དུས་མཇལ་ཐེབས་བར་མའི་སྐབས་སུ་སླར་ཡང་སྤྲུལ་སྐུ་ཏ་པི་ཧྲི་ཙས་ཕྱི་ནང་གསང་གསུམ་ཡང་གསང་གིས་གཏན་ལ་ཕབ་པ། རྒྱལ་བ་དགོངས་རྒྱུད་དགུའི་ཐུགས་བཅུད། གང་ཟག་ཉི་ཤུ་རྩ་བཞིའི་སྙན་རྒྱུད། རྫོགས་པ་ཆེན་པོ་གནད་ཀྱི་གདམས་པ་བསྟན་ནོ།།

གཤམ་མཆན།

(1)སྤྲུལ་སྐུ་དྲིན་ཅན་གཉིས། ༡ཏ་པི་ཧྲི་ཙ། ༢ སྣང་བཞེར་ལོད་པོ། 

(2)ཞང་ཞུང་སྨར་གྱི་གྲུབ་ཆེན་དྲུག ༡ཕ་བ་རྒྱལ་གཟིགས་གསས་ཆུང་། ༢དམུ་གཙོ་དགེ། ༣དམུ་གཙོ་སྟངས། ༤དམུ་ཤོད་ཏྲམ་ཆེན་པོ། ༥དམུ་རྒྱལ་བ་བློ་གྲོས། ༦དཔོན་ཆེན་བཙན་པོ། 

(3)སྨད་ལུགས་ཀྱི་བླ་མ་ལྔ། ༡དཔོན་ཆེན་ལྷུན་གྲུབ་མུ་ཐུར། ༢གཤེན་རྒྱལ་ལྷ་རྩེ། ༣ལོམ་ཏིང་ལྷ་སྒོམ་དཀར་པོ། ༤དངོས་གྲུབ་རྒྱལ་མཚན་རིང་མོ། ༥རྗེ་འོར་སྒོམ་ཀུན་འདུལ། 

(4)སྟོད་ལུགས་ཀྱི་བླ་མ་དྲུག ༡ཤེས་རབ་བླ་ལྡན། ༢ཀུན་དགའ་རིང་མོ། ༣རྣལ་འབྱོར་གསས་མཆོག ༤ཁྱུང་བྱིད་མུ་ཐུར། ༥རྩི་བདེ་བ་རིང་མོ། ༦རྟོག་མེད་ཞིག་པོ། 

(5)བྱང་རྒྱུད་ཀྱི་བླ་མ་དགུ། ༡ཤེས་རབ་རྒྱལ་མཚན། ༢ལུང་སྒོམ་རྟོག་མེད། ༣འཁྲུལ་མེད་ཞིག་པོ། ༤གཉག་སྒོམ་རི་པ་ཤེར་ཚུལ། ༥ཨུ་རི་བསོད་ནམས་རྒྱལ་མཚན། ༦བསོད་ནམས་ཡེ་ཤེས། ༧རྒྱ་སྟོན་ཡེ་ཤེས་རིན་ཆེན། ༨བྱ་བཏང་པ་མཆེད་གཉིས། གཅེན་པོ་བྱ་བཏང་པ་ཚུལ་ཁྲིམས་བཟང་པོ། གཅུང་པོ་སལེ་འོད་ཚུལ་ཁྲིམས་རྒྱལ་མཚན། ༩གླན་སྟོན་བསོད་ནམས་རྒྱལ་མཚན།  

(6)ལྷོ་རྒྱུད་ཀྱི་བླ་མ་བཅུ་གཅིག་གོ། ༡དམ་པ་འབུམ་རྗེ་འོད།  ༢བཀྲ་ཤིས་རྒྱལ་མཚན། ༣རྟོགས་ལྡན་དབོན་པོ། ༤ཡང་སྟོན་རྒྱལ་མཚན་རིན་ཆེན། ༥རྟོགས་ལྡན་གཅིག་ཆོད་དད་ཤེས། ༦བྲུ་ཆེན་པོ་རྒྱལ་བ་གཡུང་དྲུང་། ༧ལ་སྟོད་རི་པ་ཤེར་བློ། ༨ཁྱུང་པོ་རང་གྲོལ་བླ་མ་རྒྱལ་མཚན། ༩ཨ་ཐོག་ཡེ་ཤེས་རིན་ཆེན། ༡༠ཀར་ཚ་བསོད་ནམས་བློ་གྲོས། ༡༡སྤྲུལ་སྐུ་བསྟན་རྒྱལ་བཟང་པོའོ།།

གྱེར་སྤུངས་སྣང་བཞེར་ལོད་པོའི་ལོ་རྒྱུས་ལ་ལྔ། 

དང་པོ་གཙང་མ་མི་ལུས་ཐོབ་པ་ཡབ་དང་ཡུམ་གྱི་ལོ་རྒྱུས་ནི། གདུང་རུས་གུ་རིབ་ཡིན། ཡབ་གུ་རིབ་འབུམ་མེ་དང་། ཡུམ་མང་འོར་ཟ་སྒྲོན་ནེ་བྱ་བ་ཡིན། གཉིས་པ་ལས་འཕྲོ་དང་སྐལ་པ་ལྡན་པས། བཀའ་དྲིན་ཅན་གྱི་བླ་མ་དང་ཇི་ལྟར་མཇལ་ཞེ་ན། དགུང་ལོ་བཅུ་གསུམ་ལོན་པ་དང་བོན་སྒོར་ཞུགས། བཞི་བཅུ་ཞེ་བདུན་པ་ལ་སྤྲོས་མཐའ་བཅད་པའི་དུས་ན། ཚེ་སྤུངས་ཟླ་བ་རྒྱལ་མཚན་ལ་ཟང་ཟིང་གི་ལོངས་སྤྱོད་མང་པོ་ཕུལ། མ་མིག་ནུབ་ཕྱོགས་བྲག་རོང་དཀར་པོའི་གསེབ་ཏུ་ངོ་སྤྲོད་ལྔའི་གདམས་པ་བཏབ་ནས། གྱེར་སྤུངས་ཆེན་པོས་འདི་སུ་ལ་ཡང་མི་སྟོན་ལགས་ཞུས་པས། བླ་མའི་ཞལ་ནས། སྣོད་ལྡན་བྱུང་ན་བརྒྱ་ལ་ཡང་སྟོན་ཅིག་གསུངས་སོ། །གསུམ་པ་ས་གནས་ཁྱད་པར་གང་དུ་བརྟེན་པའི་ཚེ་དུ་བཞུགས་པ་ནི། ཡུལ་ད་རོག་ཡིན། མཚོ་སྨན་ལས་སོགས་མི་དང་མི་མིན་འདུ། ས་དེར་དཀའ་བ་སྤྱད་ཚུལ་ནི། ལོ་གཅིག་མཚོ་གླིང་གི་དོ་ལ་དཔོན་སློབ་གཉིས་ཀྱིས་སྐུ་རྒྱགས་ཆ་རྐྱེན་དང་བཅས་ནས་བཞུགས་སོ། །གྱེར་སྤུངས་ཀྱིས་གསོལ་གྱིན་གཞུག་ཏུ་ཟན་ཏིང་རེ་བཞག དེ་ནས་མཚོ་རུལ་ཏེ་་། ཡང་ཟན་ཏིང་གི་གཞུག་ལ་འཇམ་རེ་མཛད་ནས་དཔོན་སློབ་གཉིས་པོས་གསོལ། འཇམ་གྱི་གཞུག་གི་རྩིག་མ་རེ་དབུ་བསྔས་ཀྱི་བྲག་ལ་ཕོ་ཡིན་བཞག ཡང་མཚོ་རུལ། བྲག་ངོས་ཀྱི་འཇམ་རྩིག་བྲད་ནས་དེ་ཆུ་ལ་བཏབ་ཀྱིན་གསོལ་ནས་ལོ་གསུམ་སོང་བ་དང་། ཕྱག་ཕྱི་བས་བསམ་པར་ངེད་དཔོན་སློབ་གཉིས་ཀར་ནི་ནམ་ཡང་འགྲོངས་ནི་འགྲོངས་པར་འདུག དང་ལ་ཁོ་རང་མཆོངས་ནས་རོ་ཞིག་བྱེད་བསམ་སྟེ། གྱེར་སྤུངས་ལགས། མི་ཡི་རོ་བསམ་པ་ཞིག་གདའ་སྟེ་ཞུས་པས། ཁྱོད་དེ་ལ་ཐུག་གམ་གསུངས། ཐུག་ལགས་སོ། ཞུས་པས། འོ་ན་དོ་འདི་ལ་བསྐོར་ལ་ཅི་འདུག་ལྟོས་གསུངས། ཁོས་ཕྱིན་པས་རྐྱང་གཅིག་ནི་རོ་ཞིག་གདའ་ཞུས་པས། དེའུ་བུ་གཙང་རིགས་བརྟེན་པས་ཟ་མི་ཉན་གསུངས། དེ་ནས་ཞག་འགའ་ནས་ཕྱིན་པས། བུད་མེད་ལྦ་བ་ལོག་པའི་རོ་ཞིག་གདའ་ཞུ་བ་ཕུལ་བས། བཤུལ་ཆགས་ཀྱི་ཤ་ཟ་མི་ཉན། ཆ་ཆོ་ཚོ་བསྡེགས་གསུངས། གྱེར་སྤུངས་ཅི་མཛད་པ་ཡིན་བསམ་སྟེ། སྔ་དྲོ་ཞིག་འགྲོ་ས་ནི་མེད་བསམ་སྟེ་སྐྲག་གོ། གྱེར་སྤུངས་ལ་འཇུས་ལ་མིག་ཚུམ་ཞིག་གསུངས། ཡུན་རིང་ཞིག་ཕྱིན་ནས། ཁོས་མེ་ལྕགས་ལུས་བསམ་སྟེ། མིག་ཕྱེ་ནས་ཕྱི་ལ་བལྟས་པས། བུད་མེད་རྒྱན་གོས་ཅན་གཅིག་སྣམ་བུ་དཀར་པོ་གཅིག་འགྲིལ་གྱིན་འོང་གིན་འདུག སྔ་སོར་བལྟས་པས། སྔར་གྱི་བུད་མེད་འདྲ་བ་གཅིག་གིས་སྣམ་བུ་དཀར་པོ་གཅིག་བརྐྱང་པའི་སྟེང་ན། ཁོང་དཔོན་སློབ་འབྱོན་གྱིན་འདུག ཁོས་མིག་བལྟས་མ་ཐག་སྣམ་བུ་འཐེན་ནས་གར་སོང་ཆ་མེད། ཆུ་འཐོན་ཁ་རུ་ཆུ་ལ་སུབས་སོ། །དེ་ནས་བྱང་རེ་ཁྱིམ་པ་མང་པོས་མཐའ་བསྐོར་ཏེ་འདུག་ནས། རུ་ཁྲོད་ན་ངེད་གྱེར་སྤུངས་ཡིན་བྱས་པས། ཤ་ཡང་ཟད། སྤུ་ཡང་སྐྱེས། ངོ་མི་ཤེས་པར་སོང་བས། ཁོང་པ་ན་རེ། གྱེར་སྤུངས་གྲོངས་ནས་ལོ་མང་། ཁྱེད་མིན་ཟེར་རོ། །སྔར་གྱི་ལོ་རྒྱུས་རྣམས་བཤད་པས། ཡིད་ཆེས་ནས་དང་ལ་ཐལ་ཆུ་དྲངས། དེ་ནས་ར་དཀར་འབྲི་དཀར་གྱི་འོ་མ་དྲངས། དེ་རྗེས་ཞག་འགའ་ནས། གསོལ་ཟས་ཚད་ལ་ཞུས་པས། སྐུ་ཚད་ལ་སོས་སོ། །བརྟེན་པའི་ཚེ་ནི་ནི་ལྔ་བརྒྱ་བདུན་ཅུ་རྩ་གསུམ་བཞུགས་སོ། །བཞི་པ་ཐུན་མོང་དང་གནས་སྐབས་ཀྱི་ཡོན་ཏན་གྲུབ་རྟགས་ནི། བསམ་ལས་འདས་པ་མངའ་ནའང་། སྤུ་བྱ་བ་གསེར་སྲང་གང་ལ་ལོ་གསུམ་སྔགས་ན་བོད་ཁམས་འཕུང་། ཁྱུང་བྱ་བ་སྲང་ཕྱེད་ལ་ཟླ་བ་གསུམ་སྔགས་ན་རྒྱལ་པོ་འཁོར་བཅས་འཕུང་། ཁྱུང་ཟ་མཚོ་རྒྱལ་གྱིས་ཞུ་ནན་ཕུལ་ནས་བསྟན་པ་ལ་དགོངས་ནས། རྔུབ་བྱ་བ་གསེར་ཞོ་གང་ལ་སྔགས་ཏེ་ཞག་བདུན་བསྒྲུབས། སུམ་ཆ་སྲོད་ལ་འཕང་། ཡར་ལུང་མཚོ་སྐམས། ཀླུ་བྲོས། སུམ་ཆ་ནམ་ཕྱེད་ལ་འཕང་། ཡར་ལུང་སྤུངས་པོ་རིའི་ཤ་བ་གཉིས་བསད། ལྔ་རིང་ཀྱི་རི་ཡོད། སུམ་ཆ་ཐོ་རང་ལ་འཕང་པས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བསྙུང་གི་ཟིན། ཞབས་སྤྱི་ཐོག་བླངས་པས་དབང་དུ་འདུས། བཀའ་བཞིན་བསྒྲུབས་ནས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད། གེ་ཁོད། མེ་རི་ལས་སོགས་སྐོར་རྣམས་དང་། རྒྱལ་པོའི་སྟོང་ཚད་ལ་ཕུལ་རྟིང་། རྒྱལ་པོ་ལིག་མིན་རྐྱའི་སྐུ་ཚབ། བླ་རི་གངས་ཏི་སེའི་མགུལ་དུ་གསེར་གྱི་མཆོད་རྟེན་ལིག་མིན་རྐྱའི་སྐུ་ཚད་ཅིག་བཞེངས་པ། བོན་རྣམས་སོ་སོ་ལ་བཞུགས་སུ་འཇུག་པ། གུ་རིབ་ཀྱི་མི་སྡེ་ལ་གཡས་གྲལ་དང་ཁྲལ་མི་བསྐོད་པ། རྒྱལ་པོ་ཁྲི་སྲོང་གིས་ཁས་བླངས་དམ་དུ་བཅས་པས། ད་ལྟ་ཡང་བོན་ཞང་ཞུང་སྙན་རྒྱུད་གཏེར་དུ་མ་ནུབ་ཅིང་། བྱིན་རླབས་ཆེ་བ་ཡང་དེ་ཙུག་ལགས་སོ། །རྒྱས་པ་ཟུར་ན་ཡོད། བོན་ཟབ་མོ་འདི་ཡི་བཀའ་སྲུང་ཞིག་བཙལ་དགོངས་ནས། ཤངས་ཀྱི་གད་པ་འགྲོད་ཤོལ་དུ་བཙོའི་སྒྲུབ་པ་མཛད་དེ། སྲིད་པའི་ཕོ་རིགས་ཐམས་ཅད་དབང་དུ་བསྡུས། དེ་དུས་དབང་ཆེན་གྱི་རྒྱལ་པོ་ཉི་པང་སད་ཀྱིས་སྲོག་སྙིང་ཕུལ་ཏེ། གྱེར་སྤུངས་རྣམས་ཀྱིས་མ་བསྒྲུབས་པར་ལས་བྱེད་ཅིང་། བསྟན་པ་སྲུང་བར་ཁས་བླངས། སྲིད་པའི་མོ་རིགས་ཐམས་ཅད་དབང་དུ་བསྡུས། སྨན་ཀུ་མ་ར་ཙས་སྲོག་སྙིང་ཕུལ། མ་བསྒྲུབས་པར་ལས་བྱེད། བསྟན་པ་སྲུང་ངོ་། །སྐུ་མ་ངེས་པ་ཤེལ་གྱི་རྣ་རུ་འོད་འཕྲོ་བ་ལས་སོགས་ཅིར་ཡང་སྤྲུལ་ལོ། །ལྔ་པ་རྟོགས་པ་མངོན་གྱུར་ཐུན་མོང་མ་ཡིན་པ་ནི། ཚེ་སྤུངས་ཟླ་བ་རྒྱལ་མཚན་ལས་སོགས་མཁས་གྲུབ་མང་པོ་ལ་སྒྲོས་འདོགས་བཅད། ཐེག་དགུ་ཐུགས་སུ་ཆུད། མཁས་པར་བློ་སྦྱངས། བཙུན་པོར་ཁྲིམས་བསྲུངས། མེ་རི་ཐིས་ལས་སོགས་པ་བསྒྲུབས་པས། མཐུ་དང་རྫུ་འཕྲུལ་དང་ལྡན། དཀའ་བ་མང་པོ་སྤྱད། རྒྱལ་པོ་ལིག་མིན་རྐྱའི་བླའི་མཆོད་གནས་སུ་བཞུགས། དེ་དུས་མཆོག་གི་དངོས་གྲུབ་མ་ཐོབ་པས། ང་རང་ཡིན་བསམ། ང་ཆེ་བའི་ང་རྒྱལ་ཡོད་པ་ལ། རྗེ་སྤྲུལ་པའི་སྐུ་ཏ་པི་ར་ཙ་དེ། ཧྲི་ཙར་སྤྲུལ་ཏེ་བྱོན་ནས། སྐལ་ལྡན་གྱི་ཡོན་མཆོད་གཉིས་པོའི་དྲེགས་པའི་ང་རྒྱལ་བཅོམས། རིག་པའི་གནས་ལུགས་བསྟན། བཅིང་ཚད་ཀྱི་སྒྲོག་ལས་བཀྲོལ་ནས། མཉམ་པའི་ཐང་ལ་ཕྱུང་སྟེ། རིག་པ་རང་ས་ཟིན་པར་བྱས་སོ། །དེ་ནས་བཀའ་རྒྱུད་ལུང་རིམ་བཞིན་གཞུང་ན་ཡོད་པ་ལྟར་གནང་ངོ་། །རྟོགས་ཐོབ་དུས་མཉམ་སྐྱེས་ནས། སྤྲུལ་པའི་སྐུ་དང་མཚུངས་པར་འགྲོ་དོན་མཛད་དོ། །རྣམ་མཁྱེན་གྱི་སངས་རྒྱས་སུ་གྱུར་པ་ལགས་སོ།། །།

<<རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་མའི་རྣམ་ཐར་ལས་ཟུར་དུ་བཏོན།>>


(སྤྱིའི་གཟིགས་གྲངས། 334 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཟླ་བའི་འོད…
error: རྩོམ་འདི་བདག་དབང་ཅན་ཡིན།